འཆི་མེད།
ཁ་ཉིན་དྲ་ལམ་ཧྲིལ་བོར་བརྙན་ཐུང་ཞིག་གིས་ཁེངས་འདུག ཡང་གྲོགས་པོ་དང་བཟང་སའི་ངོ་བཟུང་ནས་ས་སྤུར་གནམ་སྤུར་བྱེད་པའི་གསར་འགྱུར་ལྟ་བུ་ཞིག་ལོས་ཡིན་བསམས་ཏེ་མ་བལྟས། རིམ་གྱིས་རིམ་གྱིས་ཆེ་དྲགས་དག་གིས་ཀྱང་སྤེལ་བྱུང་བས་དོན་དམ་ཅི་ཡིན་ནམ་སྙམ་པའི་བློ་ཡིས་བལྟས་པ་ན། དངོས་གནས་ས་ཐོབ་བྱང་ཆུབ་སེམས་དཔའ་ཟེར་བ་རིག་མཐོང་མེད་པ་དེ་ནི་མིའི་འཚོ་བའི་ཁྲོད་ཀྱི་མེ་ཏོག་སྐྱིད་དང་མེ་ཏོག་སྐྱིད་མང་པོར་ཟེར་བ་མ་ཡིན་ནམ་སྙམ་པ་བྱུང་།
ཉིན་མཚན་དུས་དྲུག་དང་དབྱར་དགུན་སྟོན་དཔྱིད་གང་དུའང་ཁོ་ལ་མུན་པ་ལས་མེད་པས། འདི་སྙིང་རྗེ། འདིས་ཅི་བྱ་ཨང་ཞེས་མགྲིན་པ་བརྣངས་ཞོར་ཁྱོ་གའི་ལག་པར་ཡང་ཡང་བྱིལ་བྱིལ་བྱེད་དུས། ཁྱེད་ལ་ཅི་ཁག ང་རང་མཆི་མ་དབང་མེད་ལྷུང་།
ཡིན་ཡང་། འཇིག་རྟེན་དུ་མིག་ཟུང་ལྡན་ཡང་བརྩེ་བ་མྱོང་ཐབས་མེད་པ་རྣམས་དང་བསྡུར་ན། ཁྱེད་ལ་ཆུ་བུར་མིག་ལས་ལྷག་པའི་མེ་ཏོག་སྐྱིད་ཡོད་པས་ཁྱེད་ལ་ཅི་ཡང་ཡོད།
མེ་ཏོག་སྐྱིད་ཀྱིས་ཁྱེད་ལ་མིག་ཟུང་ཕུལ། འོད་སྣང་བྱིན། དྲོད་ཁོལ་བསྐྱིལ།
འཁོར་བ་ཞིག་གི་བྱ་བ་ཙག་ཙིག་ཐམས་ཅད་ཁྱོ་ག་མིག་མེད་ཅིག་ལ་བློ་དྲིས། ཐག་གཅོད་པར་སྐུལ་དུས། ཅ་ལག་སྣ་ཚོགས་ཁྱོ་གར་གཏད་དེ་ཇི་འདྲ་གང་འདྲ་འདྲི་དུས། མེ་ཏོག་སྐྱིད་ནི་སེམས་སྨན་རིལ་བུ་དེའོ། །
ཁེ་ཕན་གྱི་ཆེད་དུ་གཉེན་སྒྲིག སྙན་གྲགས་ཀྱི་ཆེད་དུ་བཟང་ས་བཙལ་བའི་དུས་རབས་ནང་། སོ་སོའི་དམིགས་ཡུལ་གྲུབ་པའི་རྗེས་ལ་ཕ་རོལ་པ་གང་གད་སྙིགས་བཞིན་དུ་ཅི་མི་སྙམ་པར་འདོར་རྐྱང་བྱེད་དུས། ཁྲེལ་དང་ཕྱི་ཐག་ཅེས་པའི་ཐ་སྙད་རླབས་པོ་ཆེ་དེ་གཉིས་དགོས་པས་སྟོངས་ཤིང་དེ་འདྲའི་ཉམ་ཆུང་བ་ལ།
མེ་ཏོག་སྐྱིད་ལགས། འཇིག་རྟེན་དུ་བརྩེ་དུངས་ནི་རྟག་བརྟན་གྱི་བརྗོད་བྱར་འབོད་ཀྱང་། ཁྱེད་ཀྱི་ལྷད་མ་འདྲེས་པའི་བྱ་བྱེད་རེ་རེས་འགན་འཁྲི་ནི་བརྩེ་དུངས་ལས་ཀྱང་གལ་ཆེ་བར་མཐོང་ཞིང་། འགན་འཁྲིའི་མདུན་དུ་བརྩེ་དུངས་ནི་དེ་འདྲའི་ནུས་མེད་ཅིག་ཏུའང་བསམས།
ཁྱེད་ཀྱིས་ཁྱོ་ག་དང་སྒྱུག་མོར་བཅངས་པའི་བརྩེ་བ་དེ་ནི་ཀུན་གྱི་བསྔག་ཡུལ་དང་སྨོན་ཡུལ་དུ་གྱུར་པའི་བརྩེ་དུངས་ཟེར་བའི་མིང་ཚིག་ཉི་ཚེ་བ་དེ་ཙམ་ག་ལ་ཡིན། དེ་ལས་ཀྱང་ཆེས་ཆེར་འགོངས་པའི་བརྩེ་བ་གཞན་ཞིག་མ་ཡིན་ནམ།
འདི་སྙིང་རྗེ། འདིས་ཅི་བྱ་ཨང་། ཁྱེད་ཀྱི་སྤྱིར་བཏང་གི་སྐད་ཆ་དེས་ངའི་སེམས་རྩ་རྨང་ནས་བྲེགས་སོང་། མེ་ཏོག་སྐྱིད།
མེ་ཏོག་སྐྱིད་ནི་ཁྱོ་གའི་མིག་ཡིན། སེམས་ཀྱི་སྨན་ཡིན། ཁྱིམ་གྱི་ཀ་ཡིན།
ས་མཐར་འཁྱམ་ལྡོམ་གྱིས་ཕྱིར་ལོག་ཐེངས་རེར་ས་རྡུལ་གྱིས་ཟིན་པའི་སྒོ་ཟྭར་རེག་རེག་བྱེད་དུས་མིག་ཟུང་མེད་པ་ལས་ཀྱང་ལྷག་པའི་ནང་སེམས་དཀའ་སྡུག་ཅན་ཞིག་གིས་ཁྱེད་ལ་བླ་མེད་གུས་འདུད་ཞུ།
༢༠༢༢ལོའི་ཟླ༡༠པའི་ཚེས་༣༠ཉིན་འཆི་མེད་ཀྱིས་རེབ་གོང་ནས་ཕུལ།