དོལ་ཚེ་དགའ།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཟེར་བ་གང་ཤེས་ཏེ། གང་ལྟར་འཛམ་གླིང་ཆུང་ཆུང་འདིར་སོ་སོའི་མི་རིགས་ཀྱི་སྐད་དག་མ་དག་ཀྱང་ཞིག་ཤོད་ཐུབ་མཁན་ནི་ཧ་ཅང་གིས་ཉུང་ཉུང་ཡིན་ཚོད་རེད། ཞིབ་ཚོད་ཅིག་བྱས་ན། ཕལ་ཆེར་ད་ལྟ་གོ་ལ་འདིར་རང་སྐད་དག་ཤོས་རྒྱག་མཁན་ཞིག་ཨ་ཡོད་སྙམ། དེང་གི་འགྲོ་ལུགས་ལྟར་ཡར་རྒྱས་མེད་པའི་ངེད་དོལ་པོ་ལྟ་བུའི་ས་ཁུག་ལུང་ཁུག་གི་ས་ཆ་དེ་འདྲ་ལའང་། པིནྜཱལ་(पिंडालु)དང་གྷོ་གྷཱ(घोघा)། སྦྱར་མ་(जामा)དང་འཛེང་གི(जांगी) ཐེ་ལེ(थाली)དང་བ་ཊུཀ་(बटुका)སོགས། ཟ་ཆས་གོན་ཆས་དང་མཁོ་ཆས་མང་པོ་ཞིག་གི་མིང་རྣམས་གཞན་སྐད་དག་དག་ཡིན་པ་རེད།
ད་ལྟའི་དུས་འདིར་དེ་བས་ཀྱང་ས་ཁུག་ལུང་ཁུག་གི་མི་རྣམས། འདོད་ཆུང་ཆོག་ཤེས་དང་རིན་མེད་གཏོང་ཕོད་ཀྱི་གདོད་མའི་བཅོས་མིན་ཡིན་ལུགས་ཀྱི་བསམ་བློ་དག་རིངས་སར་བསྐྱུར་ནས། ཚོང་རིག་གི་ལྟ་སྲོལ་ཤུགས་ཆེར་སྐྱེད་པས། མཐའ་ན་ཕ་བུ་དང་ཕུ་ནུ་མིང་སྲིང་དབར་ལའང་། སྒོར་མོ་བརྒྱ་ཕྲག་རེ་ཡིན་རུང་རྩིས་རྒྱག་སྲོལ་གྱི་གནས་སྟངས་མངོན་དུ་གྱུར་ཟིན་པ་རེད། མདོར་ན་རྒྱལ་ཁབ་གང་དུའང་སྦྲགས་སྐད་ཀྱི་རྒྱུ་རྐྱེན་གཅིག་ནི་ཚོང་ལས་རིག་པའི་རྒྱབ་ལྗོངས་ལས་འོང་བར་དཔོག་ལ། དེ་ཡང་ཕྱི་ནས་ནང་འདྲེན་བྱས་པའི་ཤེས་བྱ་ཇི་ཡོད་དག་ལ། ས་གནས་དེ་ག་
རང་གི་བརྡ་ཆད་སོར་བཞག་འབོད་པ་དང་། དེའང་འབོད་ཤེས་མ་ཤེས་པའི་དབང་ལས་སྒྲ་ཟུར་ཕྱིན་དང་མ་ཕྱིན་ཅི་རིགས་བྱུང་རྐྱེན་གྱིས། ནམ་ཞིག་གི་ཚེ་མི་རབས་རིམ་འབྱུང་བཞིན་བརྡ་ཆད་དེ་དག་བེད་སྤྱོད་བཏང་ནས་ཡོང་དུས། ཕལ་ཆེ་བས་ཐ་སྙད་དེ་དག་རང་སྐད་ཡིན་སྣང་ཁོ་ནར་བྱེད་པ་དང་། ལྷག་པར་མཁས་པའི་ཚད་དུ་འོས་པ་དག་གིས་ཀྱང་རང་གི་མི་རིགས་དང་རང་སྐད་ལ་གདུང་ཞེན་ངོ་ཐོག་ཅིག་ཡོད་རུང་མེད་རུང་། ཐ་སྙད་དེ་དག་བརྒྱ་ཆ་བརྒྱ་རང་སྐད་ཡིན་ལུགས་ཀྱི་སྒྲུབ་བྱེད་འགོད་ཅིང་། སྒྲ་བཤད་རྒྱག་ཨེ་ཐུབ་བྱེད་པ་ཡིན།
དེ་ནི་ལུང་ཁུག་ཁག་གིས་གཙོས་པའི་རྩ་བའི་སྦྲགས་སྐད་ཀྱི་རྒྱུ་རྐྱེན་རེད་ལ། ཡང་ལུང་ཁུག་ཡིན་མིན་ལ་མ་བལྟས་པར་བོད་རིགས་འདུ་ས་མང་ཆེ་བར་ཞིག་སྟེ། དཔེར་ན་བལ་ཡུལ་རྒྱལ་ས་ལྟ་བུར། སྐད་ཡིག་དང་སློབ་སྦྱོང་གི་འཁོར་ཡུག་ཡག་པོ་ཞིག་མེད་པའི་དབང་གིས། བོད་སྐད་ཤོད་པའི་འབད་བརྩོན་གང་འཚམས་བྱེད་པ་ལས། བོད་སྐད་དག་མ་ཞིག་རྒྱག་དགོས་པའི་བསམ་བློའི་ལྟ་གྲུབ་མེད་པ་ལྟ་བུའི་བོད་རིགས་སྡེ་ཚན་ཞིག་གིས། ཉིན་རྒྱུན་བཞིན་བལ་སྐད་དང་བོད་སྐད་ཐུན་མོང་འདྲེས་མར་བེད་སྤྱོད་པ་དང་། བོད་སྐད་བཤད་དུས་དངོས་ཆས་ཕལ་ཆེ་བའི་མིང་བལ་སྐད་དུ་སྤྱད་ཆེ་བ་དང་། དེ་འདྲ་དང་དེ་འདྲའི་ཉེར་ལེན་གྱིས་རིམ་བཞིན་མཐའ་ན་ཚིག་ཕྲད་དག་ཀྱང་གཞན་སྐད་ཀྱི་ཚིག་ཕྲད་གཡར་དགོས་བྱུང་བ་སྟེ། དཔེར་ན། རྒྱན་སྡུད་ཀྱི་ནང་གསེས་ཡང་སྒྲ་སོགས་སྡུད་པ་ལ་འཇུག་པའི་སྐབས་ཀྱི་ཕྲད་དེ་བེད་སྤྱད་དུས། བལ་པོའི་སྐད་ཀྱི་”པ་ནི་”ཟེར་བ་དེ་བེད་སྤྱོད་པ་དང་། དེ་ཡང་གཙང་མར་འབོད་མ་ཤེས་པས་”པུ་ནི་”དང་”བྷུ་ནི་”སོགས་ཁ་ནས་གང་ཐོན་ཟེར་བ་དང་། རྒྱ་གར་ནང་གི་བོད་རིགས་འགས་རྒྱ་གར་སྐད་ཀྱི་ཡང་སྒྲ་”བྷི་”ཟེར་བ་དེ་བེད་སྤྱོད་བྱེད་པ་སྟེ། མདོར་ན་གཙོ་བོ་སློབ་སྦྱོང་གི་རྒྱབ་ལྗོངས་སྤུས་ལེགས་མེད་པ་དང་། བོད་སྐད་དག་མ་ཞིག་རྒྱག་དགོས་པའི་བསམ་བློའི་ལྟ་གྲུབ་གཏན་མེད་ཀྱི་དབང་གིས། རྟག་པར་རེ་བཞིན་ཁ་ནས་གང་འཐོན་དང་ལྕེ་ལ་གང་འཇགས་པ་དེ་ཙམ་ལས། གཞན་དུ་དོ་སྣང་མ་བྱས་པ་སོང་ཙང་། འདི་དང་འདི་ལྟ་བུའི་འཁོར་ཡུག་ནི་བོད་རིགས་འདུ་སའི་ས་ཆ་ཕལ་ཆེ་བ་དག་ཡིན་སྙམ།
དེ་ནི་ལུང་ཁུག་ཡིན་མིན་ལ་མ་བལྟས་པའི་ཤེས་ཡོན་གྱི་མ་རྩ་སྐྱོ་བའི་བོད་རིགས་འདུ་ས་ཕལ་ཆེ་བའི་སྦྲགས་སྐད་ཀྱི་རྒྱུ་རྐྱེན་ཡིན་པ་དང་། ཡང་ཡུལ་ལུང་ཡར་རྒྱས་ཅན་དང་ཁྲོམ་དང་རྒྱལ་ས་དག་ཏུ་ཤེས་ཡོན་གྱི་མ་རྩ་ཏོག་ཙམ་ཡོད་པ་དག་ཏུ་ནི། སྐད་ཡིག་གང་ཞིག་བཀོལ་སྤྱོད་ཆེ་བ་དེ་ཡི་བརྡ་ཆད་མང་ལ། སྐད་ཡིག་དེ་ནི་རྒྱལ་སྤྱིའི་སྐད་ཡིག་ཅིག་ཡིན་ཙང་། མང་ཆེ་བས་མཁས་ཉམས་དང་མཚར་ཉམས་མཚོན་ཕྱིར་ཆེད་དུ་གཉེར་ནས་རང་སྐད་གཙོ་བོར་བྱས་པ་དེའི་སྟེང་དུ་སྤྱི་སྐད་བསྲེས་ཏེ་སྦྲགས་སྐད་རྒྱག་པར་བྱེད་ལ། སྦྲགས་སྐད་རྒྱག་རྒྱུ་ནི་ཁོ་ཚོའི་ཁྱད་ཆོས་དང་ཡོན་ཏན་ཡིན་པར་རློམས་ཤིང་། རྒྱུན་ལྡན་སྤྱི་དང་ལྷག་པར་གཏམ་བཤད་སྐབས་དང་གློག་བརྙན་འཁྲབ་སྐབས་སོགས་རང་རང་གི་ཆེད་ལས་དག་ལ་འཇུག་ཚེ་སྦྲགས་སྐད་མེད་ཐབས་མེད་པ་ལྟ་བུར་འཛིན། དེའི་རྐྱེན་གྱིས་ད་ཆ་འཛམ་གླིང་གང་དུའང་སྦྲགས་སྐད་འབའ་ཞིག་ལས། རང་སྐད་དག་མ་ཞིག་རྒྱག་མཁན་ཧ་ཅང་དཀོན་པོ་རེད།
དེ་ལྟར་སྦྲགས་སྐད་རྒྱག་ལུགས་ཀྱི་རྣམ་གཞག་རྣམ་པ་གསུམ་ལས། དང་པོ་གཉིས་ནི་ཕལ་ཆེ་བ་ཞིག་མི་ཤེས་བཞིན་དུ་དེ་ལྟ་བུའི་སྦྲགས་སྐད་རྒྱག་གི་ཡོད་པ་དང་། གསུམ་པར་བསམ་ན་ཤེས་བཞིན་དུ་དང་མི་ཤེས་བཞིན་དུ་ཅི་རིགས་པར་སྦྲགས་སྐད་རྒྱག་མཁན་ཡོད་ཆོག་ལ། ཤེས་བཞིན་དུ་རྒྱག་མཁན་དེ་ལ་ཡང་ཉན་མཁན་འཁོར་ཡུག་དང་བསྟུན་སྟབས་ཀྱིས་སྦྲགས་སྐད་མ་རྒྱབ་ཐུ་མེད་དུ་སོང་འགྲོ་བའང་ཡོད་ཆོག་པ་རེད། དེས་ན་མི་གང་ཡང་རུང་བ་ཞིག་གིས་སྦྲགས་སྐད་རྒྱབ་ན། ཁོས་མཐའ་གཅིག་ཏུ་བོད་སྐད་གཙང་མ་མི་ཤེས་པའི་དབང་གིས་ཡིན་མིན་ལ་ཐག་གཅོད་བྱེད་ཐུབ་ས་ཡོད་མ་རེད་ལ། ཁོས་སྦྲགས་སྐད་ལ་མཐའ་གཅིག་ཏུ་དགའ་ནས་དེ་ལྟར་རྒྱག་མིན་ཐད་ལའང་ཐག་གཅོད་བྱེད་ཐུབ་ས་ཡོད་མ་རེད། བྱས་ཙང་སྦྲགས་སྐད་རྒྱག་མཁན་ལ་མཐའ་གཅིག་ཏུ་ཐན་དུ་མ་བལྟ་རོགས།
ད་ལྟའི་དུས་འདིར་སའི་གོ་ལ་ཧྲིལ་པོར་ཞིབ་འདང་ཞིག་རྒྱབ་ན། སྤྱིར་རང་སྐད་གཙང་མ་རྒྱག་དགོས་ལུགས་ཐད་ཀྱི་ལམ་སྟོན་ནི། མི་རིགས་སོ་སོའི་སློབ་གསོ་བ་རྣམ་པས་ལོས་གནང་དང་གནང་བཞིན་པ་སྟེ། ངེས་པར་དུ་གནང་དགོས་ངེས་ཅན་ཡང་རེད། རེད་དེ། སྤྱི་ཚོགས་གཞན་རྣམས་སུ་ནི་སྦྲགས་སྐད་ཅུང་ཟད་རེ་རྒྱབ་རུང་སྐྱོན་དུ་དེ་ཙམ་མི་བརྩི་ལ། འོན་ཀྱང་རང་རེ་བོད་མི་རིགས་པའི་འཁོར་ཡུག་ལ་བསམ་ན། ཕ་རོལ་པའི་གནས་སྟངས་ལ་མི་བལྟ་བར། སྦྲགས་སྐད་རྒྱག་ཚད་ལ་ཐན་དུ་ལྟ་ཞིང་། དགག་པ་རྒྱབ་ཆོག་ཆོག་དང་དམའ་འབེབས་བྱེད་ཆོག་ཆོག་བྱེད་པ་འདིས། དོན་ངོ་མར་ཁོ་ཚོས་སྦྲགས་སྐད་མི་རྒྱག་པར་ཕན་རྒྱུ་ལས་གནོད་ཚབས་ཆེ་རུ་འགྲོ་བར་མཐོང་སྟེ། འུ་ཅག་གི་མི་རིགས་ནི་སྤྱིར་བློ་རྒྱ་ཆུང་ཞིང་། ལྷག་པར་དུ་གཞན་ལ་སྐྱོན་ཆ་འདོན་རྒྱུར་དགའ་བས་མི་ཚད། རང་ལ་སྐྱོན་ཆ་ཐེར་འདོན་བྱེད་མཁན་ཚོར་གཏན་ནས་མི་དགའ་བས། ཕལ་ཆེར་བོད་སྐད་ཅུང་ཟད་རེ་རྒྱག་བཞིན་པ་དེའང་སྐྱུར་ཉེན་རེད།
དེ་ལས་ཁ་མཁས་པ་དང་ངག་འཇམ་པོས་ཐབས་ཇུས་གང་ཡོད་ཀྱིས་སྦྲགས་སྐད་མི་རྒྱག་པའི་ལས་འགུལ་སྤེལ་ན། རང་རེའི་འཁོར་ཡུག་ལ་འོས་ཤིང་འཚམ་པའི་བྱེད་སྒོ་གནད་ཅན་ཞིག་རེད། དེ་མིན་”སྦྲགས་སྐད་རྒྱག་མི་ཆོག རང་སྐད་དག་མ་རྒྱག་དགོས།” ཞེས་གང་ཟག་སྒེར་རེར་བཙན་བཀའ་བཏང་དགོས་ན། དེ་ལས་འུ་ཐུག་པ་ཞིག་མེད་པ་རེད། རྒྱུ་མཚན་ནི། དེང་གི་ཆར་མི་རྣམས་ཐམས་ཅད་བག་ཡངས་རོལ་ས་གཅིག་ནི་སྤྱི་ཚོགས་དྲྭ་རྒྱ་རེད་ལ། ཕལ་ཆེ་བས་རང་ཉིད་ལ་དགའ་པོ་མཉེས་པོ་བྱེད་མཁན་མང་དུ་གཏོང་ཐབས་སམ། མཐའ་ན་སོ་སོའི་ངོ་དེབ་ངོས་སུ་འཕྲིན་ཐུང་ཞིག་སྤེལ་རུང་། དགའ་རྟགས་དང་བརྒྱུད་འགོད་ཇི་ཙམ་མང་ན། དེ་ཙམ་དགའ་བའི་རྗེས་སུ་འབྲངས་འགྲོ་བའི་གནས་སྟངས་འདི་འདྲ་སླེབ་དུས། ང་ཚོས་དེ་ལ་སྐྱོན་བརྗོད་ཁོ་ནས་ཕན་རླབས་སུ་དམིགས་ཏེ། དེར་འབད་རྩོལ་བྱེད་བསྡད་ན་ཨེ་ཕན་ཡ། དེས་ན་”སྐྱོན་བརྗོད་ཁོ་ནས་བརྒྱ་ཆ་བརྒྱ་ཕ་རོལ་པོར་འགྱུར་བ་གཏོང་ཐུབ།” ཅེས་ཟེར་མཁན་ཚོས་བསམ་གཞིག་ནན་པོ་གནང་དགོས། དཔེར་ན་དང་པོ་རང་ཉིད་ཀྱི་གཤིས་ཀ་ལ་སྦྱར་ཏེ་རྟོག་ཞིབ་བྱོས་དང་། ངས་ཞིབ་འཇུག་བྱས་པའི་བརྒྱུད། སྐྱོན་བརྗོད་ཁོ་ནས་བརྒྱ་ཆ་བརྒྱ་ཕན་འབྲས་སུ་རློམ་མཁན་ཁོ་རང་ཚོའང་། རང་ཉིད་ལ་སྐྱོན་བརྗོད་བྱེད་པར་མི་དགའ་མཁན་དག་རེད་འདུག་ལ། ཁོ་ཚོས་གཞན་ཞིག་ལ་སྐྱོན་བརྗོད་བྱས་པ་ལས་རེ་བཟུང་ཞིག་འགྱུར་བ་ཐེབས་དུས། དེར་མཐོ་སྙམ་སྐྱེས་ནས་མཆོག་ཏུ་རློམས་པར་བྱེད་ཀྱིན་འདུག་པ་དེ་རེད།
རེད་དེ་འོན་ཀྱང་མི་སྣ་རེ་ཟུང་ཞིག་ནི་འདི་འདྲ་ཡང་ཡོད་ཆོག་པ་སྟེ། སོ་སོས་བོད་མི་རིགས་ཀྱི་སྐད་ཡིག་ཟུང་གི་ཐོག་ཞབས་ཞུ་བླ་མེད་བསྒྲུབས་དང་སྒྲུབ་བཞིན་པ་དང་། གཞན་སྐད་ཡིག་ལེགས་པར་བེད་མི་སྤྱོད་མཁན་ཚོར་ཇི་ལྟར་མི་འགྲིག་པའི་ཚོགས་གཏམ་སྤྲད་པ་ལས། དེ་དེ་བཞིན་ལམ་ལྷོང་ཤ་སྟག་བྱུང་བའང་ཡོང་སྲིད་པ་རེད། དེ་ནི་ཁོ་རང་གི་བསོད་བདེ་དབང་ཐང་ཐུན་མིན་ཞིག་ཡིན་ཆོག་པས། དེ་འདྲའི་རིགས་ནི་དམིགས་བསལ་རེད་ལ། དགག་པ་རྒྱབ་པས་ཕན་གྱི་འདུག་ན་དེ་དེ་བཞིན་དགག་པ་རྒྱབ་འོས་པ་རེད། འོན་ཀྱང་བརྒྱ་ཆ་བརྒྱ་ཁྱོད་ལ་དབང་ཐང་ཆེན་པོ་ཡོད་པར་མ་རློམས་ཤིག གཞན་དུ་ན་མཚམས་རེ་ལམ་འགྲོ་རྒྱུག་མི་སྲིད་པའང་ཡོང་ཆོག་པ་རེད། དེས་ན་དངོས་གནས་ཁྱོད་ཀྱི་རྒྱུད་ལ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཤིག་ཡོད་ན། ལེགས་པར་དབྱེ་ཞིབ་བྱས་ནས་དགག་པ་འགྲོ་ས་འོས་མིན་ལ་གཟིགས་ཏེ་དགག་པ་གནང་རྒྱུ་ནི་ཆེས་དོ་གལ་ཆེན་པོར་གནས་སོ།
ངས་དབྱེ་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད། མི་ཁ་ཤས་རང་གི་འཁོར་ཡུག་དང་མ་བསྟུན་ཀ་མེད་ཀྱིས། མཚམས་རེ་གཏམ་བཤད་སོགས་བྱེད་པའི་ཚེ་སྦྲགས་སྐད་མ་བསྐྱོན་ཀ་མེད་ཐུག་གི་ཡོད་ས་རེད་སྙམ། དཔེར་ན་ཉེ་བའི་ཆར་ཕྱི་རྒྱལ་གྲོང་སྡེ་ཞིག་གི་དཔོན་པོར་ལང་འཆར་ཡོད་པའི་བོད་མོ་ཞིག་གིས། མོ་རང་གི་ངོ་དེབ་ཐོག་ཐད་གཏོང་གི་ལམ་ནས། ས་ཆ་དེའི་དཔོན་པོའི་འོས་འདེམས་སླེབ་ལ་ཉེ་བ་དང་། ས་ཆ་གང་དུ་འོས་འདེམས་ཇི་ལྟར་བྱ་ཕྱོགས་སོགས་དང་། མོ་རང་ཡང་དཔོན་པོར་ལང་རྒྱུ་ཡིན་པ་དང་། དེས་ན་མོ་རང་ལ་རྒྱབ་སྐྱོར་གང་མང་གནང་རོགས། ཞེས་པའི་བརྗོད་བྱ་དང་འབྲེལ་བའི་སྐད་ཆ་འགའ་ཞིག་བཤད་པ་དེའི་ཚེ། མོས་དབྱིན་སྐད་གང་མང་བསྲེས་ནས་བོད་སྐད་རྒྱག་གི་འདུག་ལ། དེ་དུས་གཤམ་དུ་མཆན་འགོད་མཁན་མང་པོ་ཞིག་གིས་ཀྱང་། སྦྲགས་སྐད་རྒྱག་མི་ཆོག་པའི་དགག་པ་དང་ངན་ཚིག་རྐྱང་རྐྱང་བྲིས་འདུག་པས། ཅུང་སེམས་པ་སྐྱོ་ཞོར་དུ་ཕྲན་ནས་ཡི་གེ་འདི་མ་འབྲི་ཐབས་མེད་བྱུང་། བྱས་ཙང་སྐབས་ལ་ལར་མི་སུ་ཡིན་རུང་གནས་སྟངས་ཛ་དྲག་སར་ཕ་རོལ་པོ་དང་མ་བསྟུན་ཀ་མེད་ཀྱིས་སྦྲགས་སྐད་ལམ་ནས་བྱ་འགུལ་མ་སྤེལ་རང་སྤེལ་ཆགས་འགྲོ་བ་ཡིན་ན། ང་ཚོས་སྦྲགས་སྐད་གཏན་ནས་རྒྱག་མི་ཆོག་ཟེར་བའང་འོས་ས་ཡོད་མེད་ལེགས་པར་གཞིག་དགོས། དེ་མིན་གནས་སྟངས་གང་ལའང་དགག་པ་རང་རྒྱབ་བསྡད་ན། རང་ངོས་ནས་ལྷག་བསམ་འདྲ་ཡིན་དྲན་ཆོག་ཀྱང་། གཞན་གྱིས་ལྟ་དུས་ཁྱོད་རང་མི་ངོ་མང་པོ་ཞིག་གི་མི་དགའ་ཤོས་དེ་ཡང་ཆགས་སྲིད་པ་རེད།
མདོ་དོན། “དགག་པ་རྒྱག་མ་སྔ། དབྱེ་ཞིབ་ཡག་པོ་བྱོས།” གསུང་སྲོལ་ཡོད་པ་དེ་རེད།
དོལ་ཚེ་དགའ་རུ་འབོད་པས་ ༢༠༢༢/༡༡/༢༥ ཉིན་བྲིས་པ་དགེ་ལེགས་འཕེལ།
དུས་ནི་མི་འགྱུར་མི་རྣམས་འགྱུར་།
མི་རྣམས་ལྟོ་གོས་ཆེད་དུ་འགྱུར་།
མི་རྣམས་རང་དོན་ཆེད་དུ་འགྱུར་།
མི་རྣམས་རྐུབ་ཀྱག་ཆེད་དུ་འགྱུར་།
ཧཧཧཧཧ