ངག་དབང་ཕུན་ཚོགས།
སྔོན་གླེང་།
དེ་རིང་གུས་པས་རྟོག་སྒྲུང་ཐུང་ངུ་ཞིག་བྲིས་ཡོད་ཅིང་། དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་འབྲི་ཀློག་ཡར་རྒྱས་ཡོང་བར་དམིགས་ཡུལ་འཛིན་ནས་བྲིས་པ་ཞིག་ཡིན། དེང་སྐབས་བོད་གཞིས་བྱེས་གཉིས་སུ་གནས་དགོས་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་འདི་འདྲའི་སྐབས་སུ་རང་རེའི་སྐད་ཡིག་འདི་ཉིད་ཉིན་རེ་ཉམས་ཆག་འགྱུར་བཞིན་ཡོད་པ་དང་། དེ་དག་མཐོང་དུས་སེམས་མ་བདེ་བ་ཡོང་གི་ཡོད་མོད་བྱ་ཐབས་བྲལ། དེང་སྐབས་རང་རེའི་སློབ་གྲྭ་ཁག་ནས་ཐོན་ཡོང་བའི་བུ་ཕྲུག་དེ་དག་གི་བོད་ཡིག་འབྲི་ཀློག་མཐོང་དུས་དེ་ལས་སེམས་སྐྱོ་དགོས་པ་ཞིག་རེད། ཡིན་ནའང་ཁོ་ཚོ་ལའང་ཐུགས་ཁག་མི་འདུག་སྙམ། བོད་ཡིག་བསྐོལ་སྤྱོད་བྱ་ས་མེད་པའི་ཁོར་ཡུག་དེ་འདྲ་ཞིག་གི་ནང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་དུས། རང་བཞིན་མེད་པའི་གཞན་གྱི་སྐད་ཡིག་ལ་མ་བརྩོན་རང་བརྩོན་གྱི་གནད་དོན་ཞིག་ལ་ཐུག་འདུག་སྙམ།
ཡིན་ནའང་བུ་ཕྲུག་ཚོས་བསམ་བློ་ཞིབ་མོ་ཞིག་བཏང་དགོས་ཀྱི་འདུག་ཅིང་། ང་ཚོའི་སྐད་ཡིག་ང་ཚོ་བདག་གཅེས་བྱ་དགོས་ཤིང་། གཞན་སུ་ཞིག་གི་བདག་གཅེས་བྱེད། གནས་ཚུལ་དེ་དག་ཡིད་དུ་བཟུང་སྟེ་རང་རེའི་སྐད་ཡིག་ལ་འབད་བརྩོན་གནང་དགོས། ང་ཚོ་སྐད་ཡིག་བསྐོལ་སྤྱོད་གནང་ས་མེད་ནའང་ང་ཚོ་ནང་ཁུལ་དུ་ངེས་པར་བོད་ཡིག་བསྐོལ་སྤྱོད་མང་ཙམ་གནང་བར་འབད་བརྩོན་གནང་དགོས་ཀྱི་འདུག་ཅིང་། བོད་ཡིག་ཡག་པོ་མེད་སྙམ་ནས་མ་བྲིས་པ་ཡིན་ན་དུས་ནམ་ཡང་ཡར་རྒྱས་མི་འགྲོ །ངེས་པར་དུ་བོད་ཡིག་ཡག་པོ་བྲིས་ཤེས་ཀྱི་མེད་རུང་ཨུ་ཚུགས་ཀྱིས་བོད་མིའི་ནང་ཁུལ་བོད་ཡིག་ཕན་ཚུན་བསྐོལ་སྤྱོད་གནང་བ་ཡིན་ན་རིམ་པས་ཡར་རྒྱས་ཡོང་བ་ཡིན་པ་ནི་འགྲེལ་བརྗོད་མ་དགོས་པའི་གནད་དོན་ཞིག་རེད།
ལྷག་པར་བོད་ཡིག་འབྲི་དུས་ནོར་བ་ཡིན་ན། གཞན་གྱིས་ནོར་འདུག་ཅེས་སྐྱོན་བརྗོད་ཡོང་གི་རེད་སྙམ་ནས་བག་ཁུམས་ནས་གཏན་ནས་སྡོད་མི་རུང་། སྐྱོན་བརྗོད་ནི་ནོར་བཅོས་ལ་ངོས་འཛིན་གནང་དགོས་པ་ལས་ངོ་ཚ་དགོས་པའི་གནད་དོན་ཞིག་མ་རེད། ངོ་མ་བྱས་ན་བོད་ཡིག་བསྐོལ་སྤྱོད་མ་གནང་མཁན་དེ་ཚོ་ངོ་ཚ་དགོས་པའི་གནད་དོན་ཞིག་རེད།
དེ་བཞིན་སྔོན་བྱོན་སྐྱེས་བུ་དམ་པ་དུ་མས་མཛད་པའི་གཏམ་རྒྱུད་ང་མཚར་ཆེ་ཞིང་། གསོན་ཉམས་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ་ཤ་སྟག་ཡོད་ཅིང་། དེ་དག་ང་ཚོའི་དུས་ཚོད་ནམ་ཁོམ་ལྟ་ཀློག་བྱ་དགོས་པ་དང་། དེ་དག་ལྟ་ཀློག་བྱས་པའི་རྒྱུད་རིམ་ནང་རང་བཞིན་མེད་པའི་ལུས་སེམས་ལ་བདེ་བའི་སྣང་བ་རེ་སྦྱིན་ཡོང་གི་ཡོད། དེ་ནི་ཞོར་འཕྲོས་ཙམ་ཡིན། མཐའ་དོན་བོད་མི་རིགས་བཀའ་དྲིན་བླ་མེད་ཆེ་བའི་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་། ཐུགས་ཀྱི་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས། འདི་ནི་བདག་གིས་ཉིས་སྟོང་ཉེར་གསུམ་ལོའི་བརྩམས་སྒྲུང་ཐོག་མ་དེ་ཡིན་ཞིང་། དེ་འདྲའི་འོག་ནས་མགོ་བཙུགས་ཡོད་པ་དང་། རྩོམ་རིག་གི་ཐོག་ཏུ་བརྩོན་པ་ཆུ་བོ་རྒྱུན་བཞིན་འབྲི་བརྩམ་ཐོབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༢༣/༡/༡༣
སེམས་ཀྱི་གསང་བའི་གཏམ་རྒྱུད།
སྔོན་གྱི་དུས་སུ་མཁར་མདོ་གྲོང་ཞེས་པའི་ལུང་པའི་བཀོད་དབྱིབས་ཉམས་དགའ་ཞིང་། སྐྱིད་སྣང་ལྡན་པ་ཞིག་ཡོད་ཅིང་། རི་བོ་རྩེ་མོར་གངས་རིས་སྐོར་བ་དང་། རི་སྐེད་ལ་ཤིང་ནགས་སྣ་ཚོགས་ཀྱིས་ཡོངས་སུ་ཁེངས། ཤིང་ནགས་གསེང་དུ་དུད་འགྲོ་སྣ་ཚོགས་ཤིག་ཀྱང་རང་དབང་ཐོག་ནས་གནས། བྱ་བྱིའུ་སོགས་ཀྱིས་སྐད་སྙན་སྣ་ཚོགས་སྒྲོག་ནས་ལྡིང་སྐོར་བྱེད། དེ་དག་མཐོང་དུས་མི་རྣམས་སེམས་ནང་དུ་བདེ་བའི་སྣང་བ་འཆར།
གནས་དེར་ཁྱིམ་ཚང་འགའ་ཤས་ལས་གནས་སྡོད་བྱེད་མཁན་མེད། ཁོ་ཚོ་ནིཕན་ཚུན་མཐུན་ལམ་བཟང་ཞིང་། ཁྱིམ་ཚང་གཅིག་ལ་རྐྱེན་ངན་ཆད་བྱུང་ཚེ། ཁྱིམ་ཚང་མའི་རོགས་པ་བྱེད་པའི་གོམས་སྲོལ་ཧ་ཅང་བཟང་། ལུང་པ་དེར་ཆོས་ལོ་ཚང་ཟེར་བའི་ཁྱིམ་ཚང་ལ་བཟའ་མི་གཉིས་ལ་བུ་གསུམ་དང་། བུ་ཆེ་བའི་མིང་ཤེས་རབ་དང་། བུ་འབྲིང་བའི་མིང་བློ་བཟང་། མཐའ་ཆུང་གི་ཆོས་ཉིད་ཅེས་ཟེར། ཁོང་གསུམ་ནི་ཧ་ཅང་གི་མཐུན་ལམ་བཟང་བ་དང་། ཕ་མ་གཉིས་ཀྱིས་གང་ཞིག་ལས་དོན་བསྐུར་བ་ཡིན་ན་མིན་ལབ་སྲོལ་མེད། ཉིན་གཅིག་ཤེས་རབ་ནོར་ལུག་འཚོ་བར་རི་ལ་ཕྱིན། དེ་ཉིན་རྣམ་གཤིས་ཧ་ཅང་གྲང་བས། རི་ངོས་ཀྱི་གཡས་གཡོན་ནས་འབུད་ཤིང་རུབ་སྟེ་རི་ཁུག་ཅིག་ཏུ་མེ་སྤར་ནས་བསྡད། དགུན་དུས་ཡིན་པས་རི་ངོས་ནས་གངས་བཞུ་བས་སྤང་ལྗོངས་ངོས་སུ་ཤ་བ་དང་། མནའ་བ་ལ་སོགས་དུད་འགྲོ་རིགས་ཀྱང་མང་པོ་ཞིག་གནས། མི་མཐོང་ཡང་ཞེ་སྣང་ཙམ་ཡང་མེད་པར་རྩྭ་ཆུ་ལ་རོལ།
དེ་ནས་ཉིན་གཅིག་ཤེས་རབ་གཅིག་པུ་ལུང་པའི་ཕུ་རུ་རྫི་བོར་ཕྱིན། ནོར་ལུག་འཚོ་བཞིན་པའི་སྐབས་སུ་ཡར་གེའི་རི་ངོས་བྲག་ཕུག་ནས་དུ་བ་སྔོ་ཕྱུར་རེ་མཐོང་བ་དང་། དེར་མི་ཞིག་གནས་ཡོད་པ་ཐག་གི་ཆོད་སྙམ་ནས་དལ་གྱིས་དེའི་ཕྱོགས་སུ་ཕྱིན། བྲག་ཕུག་ཏུ་འཛུལ་མ་ཐག་རྡོ་ལེབ་ནར་མོ་ཞིག་གི་སྟེང་དུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་ཚུལ་དུ་འཁོད། དབུ་སྐྲ་དང་། ཨ་ར་དུང་དཀར་ཞིང་། སྐུ་ལུས་ལ་རས་དཀར་སྤྲས། སྤྱན་གཉིས་བཙུམ། དེ་འདྲའི་བགྲེས་སོང་ཞིག་བཞུགས་ཡོད་པ་མཐོང་ཞིང་། དྲང་སྲོང་དེ་མཇལ་མ་ཐག་ཤེས་རབ་ཀྱི་སེམས་ནང་སྔར་བྱུང་མེད་པའི་དད་པས་སྤུ་ལོངས་གཡོས། སྤུས་མོ་བཙུགས་ནས་ཕྱག་གསུམ་འཚལ། དྲང་སྲོང་གིས་གཟིགས་ཙམ་ཞིག་གནང་བ་དང་བུ་ཆུང་ཞིག་མདུན་དུ་ཡོད་པ་གཟིགས་ཏེ། ཞལ་རས་འཛུམ་ཙམ་ཞིག་གནང་ནས་བུ་ཆུང་ཁྱོད་ཀྱི་མཚན་ཅི་ཞིག་ཞུ་གི་ཡོད་དམ། འདི་ཕྱོགས་སུ་ཅི་ཕྱིར་ཡོང་བ་ཡིན་ནམ་ཞེས་དྲིས། རྫི་བོ་ཤེས་རབ་ཀྱིས་དྲང་སྲོང་ལགས། ང་ནི་ནོར་ལུག་འཚོ་རུ་ཡོང་བ་ཡིན་པས། འདི་ཕྱོགས་ནས་དུ་བ་མཐོང་རྗེས་མི་ཞིག་ཡོད་པ་འདྲ་སྙམ་ནས་ལྟ་བ་ཡོང་བ་ཡིན་ཚུལ་སོགས་བརྗོད། དྲང་སྲོང་གི་གོ་བའི་ཚུལ་དུ་ཞལ་འཛུམ་ཙམ་མཛད། ཡང་ཤེས་རབ་ཀྱིས་གུས་ཞབས་དང་འབྲེལ་ཁྱོད་ས་ཕྱོགས་གང་ནས་ཕེབས་པ་ཡིན་ནམ། གནས་འདིར་བཞུགས་ནས་ལོ་ག་ཚོད་ཕྱིན་སྲོང་ངམ་ཞེས་དྲིས། དྲང་སྲོང་གིས་ཕྱག་གཡས་པས་ཨ་ར་དཀར་པོ་དུང་ལྟར་དེ་ཕྱག་གཡས་པས་བྱིལ་བྱིལ་ཐེངས་འགའ་ཤས་ཤིག་བྱས་ཏེ། ཡ་བུ་ཆུང་ང་ནི་གནས་འདིར་བསྡད་ནས་ལོ་མང་སོང་ཟིན་ཟེར། ཤེས་རབ་ཀྱིས་གཡས་གཡོན་ལ་བལྟས་པས། བྲག་ཕུག་ནང་དུ་ཇ་བསྐོལ་སའི་སྣོད་གཅིག་ལས་གཞན་གང་ཡང་མི་འདུག་ཅིང་། ཁོང་གི་འཚོ་བ་གང་འདྲ་ཞིག་བྱས་ནས་ཡོང་གི་ཡོད་ན་བསམ་ནས་དྲང་སྲོང་་ལ། ཁྱེད་ཀྱི་འཚོ་བ་གང་ཞིག་གནང་ནས་བསྐྱལ་གྱི་ཡོད་དམ་ཞེས་དྲིས། དྲང་སྲོང་དེས་བུ་ཆུང་ཤེས་རབ་ཀྱི་མགོ་ལ་བྱིལ་བྱིལ་ཐེངས་འགའ་ཤས་ཤིག་གནང་སྟེ་ཞལ་འཛུམ་མདངས་དང་བཅས་ཏེ་མགུར་གླུ་འདི་ལྟར་གསུངས་སོ།
རྗེ་བླ་མ་ཡིད་དམ་མཁའ་འགྲོ་སོགས།། སྤྲང་རི་ཁྲོད་འགྲེམས་པར་བྱིན་གྱིས་རློབས།།
གནས་རི་བོ་ཕུ་ནས་གངས་ཆུ་འབབ།། མདའ་ཞིང་པའི་ལོ་ཐོག་འདི་ལ་བརྟེན།།
ཉ་གསེར་མིག་ཆུ་བོ་དྲིན་ལས་འཚོ།། གནས་རི་བོ་གཡས་གཡོན་ཤིང་ནགས་མང་།།
གནས་འདི་ལ་དུད་འགྲོ་དུ་མ་འཁོར།། རྩྭ་ཡར་སྐྱེས་ཐམས་ཅད་སྨན་རྩྭ་རེད།།
ཆུ་མར་འབབ་ཐམས་ཅད་སྨན་ཆུ་རེད།། ཉམས་དགའ་བའི་གནས་མཆོག་འདི་རུ་ལ།།
ད་བཟའ་རྒྱུ་འཐུང་རྒྱུ་མེད་ན་ཡང་།། ལྷ་བླ་མ་ཡིད་དམ་ཐུགས་རྗེ་ཡིས།།
ཉིན་གཅིག་ལ་ལྟོ་པ་སྡོད་མ་དགོས།། གནས་འཁོར་བའི་ལས་ལ་ཞེན་པ་ལོགས།།
ང་སྤྲང་རྒན་མི་ལོ་དུ་མ་ཞིག །སྒོམ་ཉམས་ལེན་ཚུལ་དུ་སྡོད་ཁུལ་བྱས།།
ཉམས་རྟོག་པ་སྟོན་རྒྱུ་མེད་ན་ཡང་།། གནས་འདི་རུ་བསྡད་པ་ནས་བཟུང་སྟེ།།
སེམས་དགའ་ཞིང་སྐྱིད་པའི་སྣང་བ་ཤར།། ང་མི་ལུས་ཐོབ་གོ་ཆོད་སོང་སྙམ།།
མི་གཞན་ལ་ཕན་ལས་མ་ཐོབ་རུང་།། ལས་གནོད་པ་ནམ་ཡང་མ་བྱེད་ཅིང་།།
ད་བུ་ཆུང་ཡིད་ལ་དེ་ལྟར་ཞོགས།།
ཞེས་ཟེར་ནས་བཞུགས་པ་དང་། གཏམ་དེ་དག་གོ་རྗེས་ཤེས་རབ་ཀྱིས་སེམས་ནང་དུ་སྨྲ་མི་ཤེས་འཚོ་སྣང་གཟབ་མོ་ཞིག་སྦྱིན། དེ་ནས་ཤེས་རབ་དལ་གྱིས་སྡོད་གནས་ལངས་ཏེ་འོང་། རི་བོ་རྩེ་བོ་རྩེ་མོ་ནས་པདྨ་གཉེན་ཡང་གབ་འགྲོ་ལ་ཉེར་ཞིང་། ཤེས་རབ་ཀྱིས་ནོར་ལུག་རྣམས་རུག་ནས་ལུང་པའི་མདའ་རུ་དེད། རྫི་རོགས་ཚོས་ཤེས་རབ་ཁྱོད་གང་དུ་ཕྱིན། ང་ཚོས་ཞེ་དྲག་འབོད་ཡིན་ནའང་ཨ་ལན་ཁྱོན་ནས་འདེབས་ཀྱི་མི་འདུག་ཟེར། ཤེས་རབ་ཀྱི་ངོ་གདོང་ལ་བལྟས་ཚེ་གཅིག་བརྗིད་པ་ལྟ་བུ་མངོན། དེ་ནས་ཤེས་རབ་ཀྱིས་རྫི་རོགས་ཚོ་ལ་འདི་ལྟར་ཞིག་སྨྲས་སོ། དེ་རིང་ང་ལུང་པའི་ཕུ་ལ་ནོར་ལུག་རུག་ཏུ་འགྲོ་དུས། དེ་སྔོན་ཁྱོན་ནས་མཇལ་མྱོང་མེད་པའི་དྲང་སྲོང་ཞིག་མཇལ་ཚུལ་སོགས་བཤད། རྫི་རོགས་འགའ་ཤས་ཀྱིས་མི་མེད་ལུང་སྟོང་ནང་དུ་དེ་འདྲའི་ཡོད་མི་སྲིད་ཟེར། རྫི་རོགས་འགའ་ཤས་ཀྱིས་ཁྱོད་རང་སྣང་བ་འཁྲུལ་ཡིན་རྒྱུ་རེད་ཟེར་བ་སོགས་བཤད་ནས་ཡིད་མི་ཆེས།
དེ་འདྲའི་བཤད་བཞིན་ནང་དུ་སླེབས་པ་དང་། ཤེས་རབ་ཀྱིས་ཨ་མ་ལགས་དེ་རིང་ང་ལུང་པའི་ཕུ་ལ་ནོར་ལུག་འཚོ་བར་འགྲོ་དུས་ལུང་པའི་ཕུ་ལ་དྲང་སྲོང་ཞིག་བཞུགས་འདུག་ཚུལ་སོགས་བཤད་ཀྱང་ཨ་མས་དེ་ཙམ་ཡིད་ཆེས་མི་གནང་། ཕྱི་ཉིན་སྔ་རྒྱུན་ཇི་བཞིན་ཤེས་རབ་ཀྱིས་ནོར་ལུག་དེད་ནས་ཕྱིན། རྫི་རོགས་ཚོ་ལ་ངས་ཁ་སང་ཁྱོད་ཚོ་ལ་བཤད་པའི་སྐད་ཆ་དེར་ཡིད་ཆེས་བྱེད་ཀྱི་མི་འདུག་ན། དེ་རིང་ང་ཚོ་ཚང་མ་བལྟ་རུ་འགྲོ་ཞེས་ལབ་པ་དང་། རྫི་རོགས་ཚོས་འདོད་མོས་གནང་སྟེ་དལ་གྱིས་ལུང་པའི་ཕུ་རུ་ཕྱིན། རྫི་རོགས་ཚོ་དལ་གྱིས་ཡར་སོང་བ་དང་། ལུང་ཕུ་རྫ་སྤང་འདྲིས་མའི་ས་མཚམས་ནས་དུ་བ་སྔོ་འཕྱུར་རེ་མཐོང་། རྫི་རོགས་ཚོ་ཧ་སངས་ནས་དེའི་ཕྱོགས་སུ་ཕྱིན། ཉམས་དགའ་བའི་གནས་དེར་དྲང་སྲོང་ཞིག་བྲག་ཕུག་ཏུ་བཞུགས་ཡོད་ཅིང་། རྫི་རོགས་ཚོ་བྲག་ཕུག་ཏུ་འཛུལ་བ་དང་། དྲང་སྲོང་མཇལ་མ་ཐག་རྫི་རོགས་ཚོས་ཕྱག་འཚལ་བཞིན་མཆིས། དྲང་སྲོང་དེས་ཤེས་རབ་ལ་མཛུབ་མོ་བཙུགས་ནས་ཁྱོད་ཁ་སང་ཡོང་ཡིན་པ། དེ་རིང་རྫི་རོགས་ཚང་མ་ཁྲིད་ནས་སླེབས་འདུག་ཚུལ་གསུངས། ཤེས་རབ་ཀྱིས་གུས་ཞབས་དང་བཅས། ཁ་སང་གནས་ཚུལ་དེ་དག་ངས་ཁོ་ཚོ་ལ་བཤད་དུས་སུ་ཞིག་ཡིད་ཆེས་བྱེད་ཀྱི་མི་འདུག་ཅིང་། དེ་རིང་ཁོ་ཚང་མ་ཁྲིད་ནས་ཡོང་བ་ཡིན་ཚུལ་སོགས་བཤད་པས། དྲང་སྲོང་གིས་ཞལ་རས་འཛུམ་ཙམ་ཞིག་མཛད་ནས་རྫི་རོགས་ཚོ་ལ་འདི་ལྟར་སྨྲས་སོ།
བླ་མ་ཡིད་དམ་མཁའ་འགྲོ་ཚོགས།། ཐུགས་རྗེ་མ་ཆུང་སྤྱན་གྱིས་གཟིགས།།
ཚུལ་ལ་ཉོན་དང་རྫི་བོ་ཚོ།། ང་ཡང་ལོ་ན་ཆུང་བའི་སྐབས།།
ཁྱོད་ཚོ་ནང་བཞིན་རྫི་བོ་སོགས།། ལས་དོན་སྣ་མང་བྱེད་མྱོང་ཡོད།།
དེ་རིང་སྐྱིད་པོ་བྱུང་བ་ན།། སང་ཉིན་གང་ཡོང་བསམ་མྱོང་མེད།།
སྣང་བ་ཨ་སྔོན་དགུང་ལས་མཐོ།། འཆི་ཡོང་བསམ་པ་སེམས་ནང་མེད།།
རང་ཉིད་མ་གཏོགས་མེད་བསམ་ནས།། གཞམ་ལ་བསམ་བློ་གཏོང་མྱོང་མེད།།
རིམ་གྱིས་བསམ་ཤེས་བྱུང་བའི་དུས།། མཐོ་དང་གོ་ས་ག་ཚོད་ཡོད།།
དཔལ་དང་འབྱོར་བ་ག་ཚོད།། མཐའ་མཇུག་འགྲོ་ས་གཅིག་པ་ལས།།
མེད་པ་ཤེས་དུས་འཁོར་བ་ལ།། ཞེན་པ་ལོག་ནས་རང་བྱུང་སྒྲུབ།།
ངེས་མེད་གནས་ལ་རི་ཁྲོད་འགྲེམས།། ཉིན་རེ་སྒོམ་པའི་གནས་ལ་བརྩོན།།
སེམས་ནང་བདེ་བའི་འོད་སྣང་ཁྱབ།། དེ་ལྷག་གཞན་ནི་ཅི་ཞིག་ཡོད།།
ཅེས་སྨྲས་པ་དང་། རྫི་བོ་ཚོའི་སེམས་ནང་དུ་བདེ་བའི་སྣང་བ་དཔག་མེད་དུ་སྦྱིན། དེ་ནས་རྫི་བོ་རྣམས་དལ་གྱིས་སྡོད་ནས་ལངས་ཏེ་ནོར་ལུག་རུག་ཏུ་སོང་། དེ་ཉིད་ཨ་སྔོན་དབྱིངས་སུ་ཆུ་འཛིན་ལྕང་ལོ་ཙམ་མེད་ཅིང་དྭངས་མ་ཞིག་ཏུ་གྱུར། ལྗོན་ཤིང་གསེང་ནས་གཉིས་སྐྱེས་ཚོགས་ཀྱིས་ཀྱང་སྐད་སྙན་སྣ་ཚོགས་ཤིག་སྒྲོག་བཞིན་མཆིས། མདུན་ངོས་ཀྱི་སྤང་སྟེང་དུ་ཤ་བ་ཁྱུ་ཚོགས་རྩྭ་ལ་རོལ་བཞིན་པ་དང་། ཤ་བ་གཅིག་གིས་རི་གདོང་ནས་ཨ་མཆོག་ཀྲོང་ངེར་ངང་ནས་གནོད་འཚེ་བྱེད་མཁན་ཡོད་མེད་ཀྱི་སོ་ལྟ་བྱེད། ཤ་བ་གཞན་རྣམས་ཀྱིས་ཡིད་གྲུང་པོ་ངང་ནས་རྩྭ་བཟའ་ལ་རོལ། ཤ་ཕྲུག་རྣམས་སྤང་ནས་ཡར་མར་འདུ་རྒྱུག་གིས་རྩེད་འཇོ་ལ་རོལ། གློ་བུར་རི་གདོང་ལ་ཡོད་པའི་ཤ་ཕོས་སུད་སྒྲ་ཞིག་སྒྲོག་པ་དང་། ཤ་བ་གཞན་རྣམས་གློག་འཁྱུག་པ་ཇི་བཞིན་ཤིང་ནགས་གསེང་དུ་ཡིབ། སྟབས་མ་ལེགས་པ་ཞིག་ལ་ཤ་མོ་རྐང་པ་བདེ་པོ་མེད་པ་ཞིག་རི་ངོས་ནས་རྒྱུག་བཞིན་མཆིས་པས། བྱ་གླག་གིས་ཤ་བ་ནད་པའི་སྐེད་པ་ནས་བཟུང་སྟེ་རི་ངོས་ནས་ཐུར་དུ་དྲུད། ཤ་ཕྲུག་གིས་ཨ་མ་བྱ་གླག་འཛིན་པ་མཐོང་རྗེས་ཤིང་གསེང་ནས་འཇིགས་སྣང་མེད་པར་བྱ་གླག་གི་ཕྱོགས་སུ་རྒྱུག་ནས་ཤ་ར་འཁྱར་ནས་འཛིང་། སྟབས་ལེགས་པ་ཞིག་ལ་ཤ་ཕྲུག་གིས་རྭ་ཅོ་ནུས་ཤུགས་ཡོད་ཚད་བཙུགས་པ་དང་བྱ་གླག་གི་ལྟོ་བར་འཁེལ་ནས་དེ་མ་ཉིད་དུ་བྱ་གླག་གི་ཤ་བ་ཤོར། ཤ་བ་གཞན་རྣམས་ཀྱིས་དེ་དག་མཐོང་རྗེས་ཚང་མ་ཧོན་ཐོར། རྫི་རོགས་ཚོས་ཀྱང་དེ་དག་མཐོང་རྗེས་ཤ་ཕྲུག་བློ་ཁོག་ཅན་དེ་འདྲ་ཞིག་འདུག་ཅེས་ཚང་མ་ཡིད་སྨོན་སྒྲོག་བཞིན་མཆིས།
རི་བོ་རྩེམོ་ནས་པདྨ་གཉེན་ཡང་དལ་གྱིས་གབ་འགྲོ་བར་མངོན་ཞིང་། རྫི་རོགས་རྣམས་ནོར་ལུག་རུག་སྟེ་ནང་ལ་ཁ་ཕྱོགས་ནས་དེད། རྫི་བོ་ཚོས་ནང་མི་རྣམས་ལ་ལུང་པའི་ཕུ་ལ་དྲང་སྲོང་ཞིག་བཞུགས་ཡོད་ཚུལ་སྨྲས་རྗེས། དེ་ནས་བཟུང་སྟེ་གྲོང་མི་རྣམས་དྲང་སྲོང་མཇལ་དུ་ཡང་ཡང་འགྲོ་ཡི་ཡོད། དྲང་སྲོང་གིས་མི་ཆོས་དང་ལྷ་ཆོས་ཀྱི་བསླབ་བྱ་སྐྱོན་གནང་གི་ཡོད། དེ་ཡང་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ནི་གངས་རིའི་ཞིང་འདིའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གཏན་ལ་ཕབ་པ་གྲགས། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བཅུ་ནི། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་རབས་ལ་བཀུར་སྟི་ཆེ་བ། ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ། བཀའ་དྲང་ཞིང་སེམས་ཆུང་བ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ། ཟས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་རྩད་གཅད་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པ། ཀུན་ལ་ཕྲག་དོག་ཆུང་བ། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་ཡིན་པ་དེ་དག་ཉམས་ལེན་བྱ་དགོས་ཚུལ་སོགས་འགྲེལ་བཤད་སྐྱོན། དེས་མི་རྣམས་ལ་ཕན་ཐོགས་རྒྱ་མི་ཆུང་བ་ཡོང་གི་ཡོད།
དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་ལུང་རྫོང་གྲོང་ཟེར་བའི་ལུང་པ་ཞིག་ཡོད་ཅིང་། ལུང་པ་དེར་གནས་སྡོད་བྱེད་མཁན་རྔོན་མིང་ལ་ཡེ་ཤེས་ཟེར་བ་་ཞིག་ཡོད་ཅིང་། ཁོ་ནི་དུད་འགྲོ་མིག་གིས་མཐོང་ཚད་བསད་པ་ལ་ཡ་ང་སྙིང་རྗེ་སྤུ་ཙམ་མེད། གྲོང་མི་ཚོས་ངག་ལས། ལུང་རྫོང་སྐྱིད་པོའི་གྲོང་རེད། །ས་སྐྱིད་ལུང་པ་ཡིན་ཡང་། །སྙིང་རྗེ་མེད་པའི་ཡེ་ཤེས། །མཐོང་ཚད་བསད་རྐྱང་བྱེད་ཀྱིན། །ཞེས་བརྗོད་ཀྱི་ཡོད།
ཉིན་གཅིག་ཁོས་ཤ་ཁྱི་ཁྲིད་ནས་ལ་ལུང་མང་པོ་བརྒལ་ནས་རྔོན་རྒྱག་ཏུ་ཕྱིན། མཐར་མཁར་མདོ་གྲོང་གི་ལུང་པའི་ཕུ་ལ་སླེབས་པ་དང་། དེར་དུད་འགྲོ་དུ་མ་ཞིག་ཞི་བདེའི་ངང་ནས་འཚོ་གནས་བྱེད་ཀྱི་ཡོད། སྤང་ལྗོངས་སྟེང་དུ་གནའ་བ་ཁྱུ་ཚོགས་རྩྭ་ཆུ་ལ་རོལ་བཞིན་ཡོད་པ་རྔོན་པ་ཡེ་ཤེས་ཀྱིས་མཐོང་སྟེ། སེམས་ནང་དགའ་སྣང་དཔག་མེད་དུ་སྐྱེས་ནས་དེ་རིང་ཡིན་ན་དོན་དག་འགྲུབ་སོང་བསམ་ནས་དལ་གྱིས་འཇབ་བཞིན་ཕྱིན། ཁྱི་མོ་དེ་ནི་རྔོན་པས་རྒྱུག་བརྡ་མ་སྤྲད་བར་དུ་མི་འགྲོ་ཞིང་། ཤ་ཁྱི་མཇུག་མ་དང་རྐང་པ་སར་སྦྱར་ཞིང་རྔོན་པ་ཡེ་ཤེས་ཀྱི་འགྲམ་དུ་འཇབ་ནས་བསྡད། རྔོན་པ་ཡེ་ཤེས་ཀྱིས་འཕྲག་སྟེང་ནས་མེ་མདའ་ག་ལེར་ཕབ་སྟེ་ཤིང་གདོང་གི་ཡ་གའི་ཐོག་ཏུ་བཞག་པའི་སྐབས་དེར། གློ་བུར་གནའ་བ་མི་རྫི་ཚོར་ནས་དྲོགས་འདྲོག་དང་བསྟུན། རྔོན་པ་ཡེ་ཤེས་ཀྱིས་མེ་མདའ་སྐམ་པ་མནན་ཐེངས་གཅིག་གིས་རྡིག་སྒྲ་དང་གནའ་བ་ཞིག་གི་ཁོག་སྨད་དུ་ཐེབས། གནའ་བ་དེ་ནི་ཁོག་སྨད་དྲུད་བཞིན་རི་གཤམ་དུ་རྒྱུག་ཕྱིན། ལམ་སེང་རྔོན་པ་ཡེ་ཤེས་ཀྱིས་ཁྱི་མོར་རྒྱུག་བརྡ་སྤྲད། སྐར་མདའ་འཁྱུག་པ་ལྟར་གནའ་བ་རྨས་མའི་རྗེས་སུ་རྒྱུག །མེ་མདའི་སྒྲ་དྲང་སྲོང་གིས་ཐོས་རྗེས་དེ་རིང་རྔོན་པས་རི་དགས་བསད་ཡོད་པ་ཐག་གི་ཆོད་བསམ་ནས་སེམས་སྡུག་གི་གནས་སུ་ལྷུང་།
དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་དྲང་སྲོང་གི་སྒོ་འགྲམ་དེར་གནའ་བ་རྨས་མ་ཞིག་ཁོག་སྨད་དྲུད། དབུགས་རིང་འཐེན་བཞིན་སླེབས། གནའ་བ་དེ་ནི་གཟུགས་ལུས་ཡོངས་རྫོགས་དངུལ་ཆུས་ཁེངས། ཁ་སྣ་ནས་ལྦུ་བ་དཀར་གསོབ་གསོབ་འཐོན་བཞིན་སར་འགྱེལ། རྣལ་འབྱོལ་པ་སྙིང་རྗེ་ཚད་མེད་སྐྱེས་ནས་གནའ་བའི་མགོ་ལ་ཆུས་ཆག་ཆག་བཏབ། གནའ་བའི་ཁོག་སྨད་ནས་ཁྲག་དམར་འཐོན་བཞིན་མཆིས་པས། ཁོང་གིས་ཤམ་ཐབས་ཀྱི་གཤམ་ནས་ཕྲལ་ཏེ་གནའ་བའི་རྨ་དཀྲིས། དྲང་སྲོང་སྙིང་རྗེ་ཚད་མེད་སྐྱེས་ནས་སྤྱན་ཆབ་སིམ་སིམ་སར་ཟགས། དབུགས་རིང་ཞིག་བཏང་ནས་སེམས་སྐྱོ་བའི་མགུར་འདི་ལྟར་ཞིག་སྨྲས་སོ།
བླ་མ་མཆོག་དང་སངས་རྒྱས་ལ།། བདག་གིས་གསོལ་བ་སྙིང་ནས་འདེབས།།
ཁབ་རྩེ་ཙམ་ཞིག་ལུས་ཐོག་ཏུ། །ཟུག་ཚེ་མི་བཟོད་ན་ཟུག་བཏང་།།
ཉེས་མེད་དུད་འགྲོ་འདི་ཐོག་ཏུ། །མེ་མདས་ཁོག་སྨད་རྩབ་ཧྲུལ་བཏང་།།
ཁོག་སྨད་དྲུད་བཞིན་གནས་འདིར་སླེབས།། འཇིག་སྐྲག་དབུགས་རྒྱུན་ཆད་ལ་ཉེ།།
ལུས་གཟུགས་ལྕང་ལོ་བཞིན་དུ་འདར།། མཐོང་ཙམ་མིག་ཆུ་མི་ཤོར་མཁན།།
སྲིན་པོ་མ་གཏོགས་ཡོད་མི་སྲིད།། ཉེས་མེད་དུད་འགྲོ་འདི་ཐོག་ཏུ།།
འདི་འདྲའི་མྱོང་བ་མཐོང་མ་ཐག །གནས་སྐབས་ཁ་ཟས་ཙམ་གྱི་ཆེད།།
གཞན་གྱི་གཅེས་པའི་ཚེ་སྲོག་ཐོག །འདི་འདྲ་རྒོལ་བ་སྙིང་རེ་རྗེ།།
ཉེས་མེད་དུད་འགྲོ་ཚེ་སྲོག་འདི།། མྱུར་དུ་དྲག་པའི་སྨོན་ལམ་འདེབས།།
ཞེས་གསུང་བཞིན་སྤྱན་ཆབ་ཕྱག་གིས་ཕྱེ་ཙམ་ཞིག་གནང་ནས་ཐུགས་སྨོན་ཡུན་རིང་བཏབ། ཤ་ཁྱི་གཟུགས་ལུས་ཡོངས་རྫོགས་རྔུལ་ཆུས་སྦངས་ཏེ་ད་ལྟ་རང་ཆུ་ནང་ནས་ཐོན་པ་འདྲ་སྙམ་པ་ཞིག་་ཁྲོས་ནས་ཁ་གདངས་མཆེ་བ་གཙིགས་ནས་གནའ་བ་རྨས་མའི་སྟེང་དུ་མཆོང་གྲབས་སྐབས་དེར། དྲང་སྲོང་གིས་ལམ་སེང་འཁར་རྒྱུག་གནམ་ལ་འཕྱར་ཙམ་ཞིག་མཛད། ཤ་ཁྱི་ལ་འདི་ལྟར་མགུར་གླུ་གསུངས་སོ།
བླ་མ་ཡིད་དམ་མཁའ་འགྲོ་སོགས།། མི་རྒན་ལམ་སྣེ་འདྲེན་པར་ཤོག།
དེ་རིང་དུས་ཀྱི་ཉི་མ་ལ།། སྙིང་རྗེ་མེད་པའི་རྔོན་པ་ཡིས།།
གནའ་བའི་ཁོག་སྨད་རྨས་མ་བཟོས།། སྡིག་ཅན་ཁྱི་ཡིས་རྗེས་སུ་འདེད།།
འཇིག་སྐྲག་ངང་ནས་ཐང་ལ་འགྱེལ།། དབུགས་རྒྱུན་མ་ཆད་ཙམ་དུ་གདའ།།
ཤ་ཁྱིས་ཞེ་སྡང་མེ་ལྟར་འབར།། ཁ་ནས་མཆེ་བ་མདུང་ལྟར་གཙིགས།།
དུད་འགྲོ་ཡིན་པ་འདྲ་འདྲ་ལ།། དེ་འདྲའི་ཞེ་སྔང་སྐྱེ་དོན་གང་།།
ཁ་བཟས་ཙམ་གྱིས་ཆེད་དུ་ལ།། གཞན་སྲོག་འཕྲོག་པ་ཡིད་རེ་སྐྱོ།།
དུད་འགྲོ་ཡིན་པ་གཅིག་མཚུངས་ལ།། དེ་འདྲའི་མ་གནང་ཤ་ཁྱི་ཁྱོད།།
ཅེས་གསུངས་ནས་ཤ་ཁྱི་མགོ་ལ་དབྱུག་གུ་དེ་བཞགས་པ་དང་། ཤ་ཁྱི་དེ་མ་ཉིད་དུ་ཞེ་སྡང་ཞི་ནས་མིག་ཆུ་སིམ་སིམ་སར་ཟགས། མཇུག་མ་གཡུག་གཡུག་ངང་ནས་དྲང་སྲོང་གི་དྲུང་དུ་བསྡད། དེ་ནས་ཡུན་ཙམ་སོང་རྗེས་རྔོན་པ་ཡེ་ཤེས་སླེབས་ཤིང་། ཤ་ཁྱི་དང་གནའ་བ་གྲྭ་རྒན་ཞིག་གིས་མདུན་དུ་ཡོད་པ་མཐོང་བ་དང་། རྔོན་པ་ཡེ་ཤེས་ཁོང་ཁྲོ་ཚད་མེད་སྐྱེས་ནས་དྲང་སྲོང་གི་བྲང་ལ་མེ་མདའ་ཚད་ནས་འཇིགས་སྐུལ་གྱིས་འདི་ལྟར་ཟེར་རོ།
ཁོ་རེ་ཉོན་དང་བཙུན་གཟུགས་ཅན།། ཤ་ཁྱི་གནའ་བ་ང་ལ་སྤྲོད།།
གལ་སྲིད་མི་སྤྲོད་ཟེར་བྱུང་ན།། སྐམ་པ་མནན་ཐེངས་གཅིག་གི་འོག།
ཕ་མཐའི་གླིང་དུ་མི་བརྫངས་རེ།། གཞན་ལ་ཆོས་བཤད་འགྲོ་འགྲོ་དེ།།
རྔོན་པའི་མི་ལ་འགྲོ་ལེ་མིན། །ཆོས་བཤད་ཁར་འཁྱེར་གཞན་མགོ་སྐོར།།
ལྟོ་གོས་གཉིས་ཀྱིས་བྱ་བར་བསྒྲུབས།། ང་ནི་གྲྭ་རྒན་ཁྱོད་ལྟར་མིན།།
རང་ཁ་རང་གི་གསོ་བ་ཡིན།། དེ་ལ་ཇུས་ཏོག་མ་གནང་དགའ།།
གལ་སྲིད་ཐེ་ཇུས་བྱས་པ་ན།། ཕ་མཐའི་གླིང་དུ་མི་བརྫངས་རེ།།
མང་པོ་ང་ལ་བཤད་ལོང་མེད།། དྲང་རྫུན་ཡིད་ལ་དེ་ལྟར་ཞོག །
ཅེས་ཟེར་ནས་བྱུང་བ་དང་། དྲང་སྲོང་གིས་ཁོ་རེ་སྡིག་རྒན་ཁྱི་ར་བ་ཁྱོད་ཏོག་ཙམ་སྒུགས་དང་། དེ་འདྲའི་བྲེལ་འཚུབ་དགོས་དོན་གང་ཞིག་མཆིས། དེ་ལས་ང་མི་རྒན་གྱི་གཏམ་དེ་ཉོན་དེ་ནས་གང་དགོས་ཁྱོད་རང་གི་ལྟོས་ཟེར་བ་དང་། དྲང་སྲོང་གིས་གནའ་བ་དང་། ཤ་ཁྱི་གཉིས་ཀྱི་མགོ་ཐོག་ལ་བྱིལ་བྱིལ་གནང་བཞིན་པ་རྔོན་པ་ཡེ་ཤེས་ཀྱིས་མཐོང་བ་དང་། རིམ་གྱིས་ངར་ཆུང་ཟད་ཞི་ནས་ཨ་ཁྱད་མཚར། དེ་སྔོན་ཡིན་ན་ཤ་ཁྱི་འདི་ཉིད་ང་མ་གཏོགས་མི་གཞན་ལ་གཏན་ནས་འཁོར་གྱི་མེད་ན། དེ་རིང་ནི་དྲང་རྫུན་མདུན་དུ་ལོ་མང་པོ་རིང་ལ་གསོ་སྐྱོང་གནང་བ་ནང་བཞིན་འགྲམ་དུ་བསྡད་པ་ཙམ་མ་ཟད། མི་ཟུགས་ཤིང་ཁུ་སིམ་འདི་འདྲ་གང་ཞིག་ཡིན་ནམ་བསམ་ནས་ཐེ་ཚོམ་གྱིས་གནས་སུ་ལྷུང་། དེ་ནས་དྲང་སྲོང་གིས་ཨ་ར་ཕྱག་གིས་བྱུགས་བྱུགས་ཐེངས་འགའ་ཤས་གནང་ནས་ཉམས་སྣང་ཙམ་ཡང་མེད་པར་ཁྱི་ར་བ་ལ་མགུར་འདི་སྨྲས་སོ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
ཚུར་ལ་ཉོན་དང་མི་བུ་ཁྱོད། །བདག་མེད་ཉམས་ཆུང་དུད་འགྲོ་ལ།།
དེ་འདྲའི་ཁོང་ཁྲོ་ལངས་དོན་ཅི།། ཁྱོད་ཀྱི་ཕ་མ་བསད་སོང་ངམ།།
ཁྱོད་ཀྱི་རྒྱུ་ནོར་འཕྲོག་སོང་ངམ། །དེ་མིན་ཁོང་ཁྲོ་ལང་དོན་ཅི།།
རང་ཉིད་ལུས་གཟུགས་ཐོག་ཏུ་ལ། །ཁབ་རྩེ་ཙམ་ཡང་ཟུག་པ་ན།།
ཅི་འདྲའི་ན་ཟུག་ཡོད་པ་ནི། །འགྲེལ་བརྗོད་མ་དགོས་ཤེས་ཚོད་རེད།།
དེ་བཞིན་ཉེས་མེད་དུད་འགྲོ་རྣམས།། དེ་མཚུངས་ན་ཟུག་ཡོད་པ་རེད།།
ལྟོ་ཚོད་གཅིག་གི་དོན་དག་ཏུ། །གཞན་གྱི་ཚེ་སྲོག་འཕྲོག་པ་ནི།།
དེ་འདྲའི་ཐབས་སྡུག་མིན་ན་ཅི། །ཉམས་ཆུང་དུད་འགྲོ་ཅི་ཙམ་བསད།།
རང་ལ་ཕན་ནུས་ཅི་ཞིག་གདའ། །ལེགས་པར་སོམས་དང་ཁྱི་ར་བ།།
གཞན་གནོད་མེད་པའི་འཚོ་བ་རོལ། །དེ་ལྷག་གཞན་ནི་ཡོད་མ་ཡིན།།
ལོ་ཚོད་དེ་ཙམ་སླེབས་ནས་འདུག །འགྲོ་ཞོར་འདུག་ཞོར་དགེ་ལ་བརྩོན།།
དེ་ལྷག་གཞན་ནི་གང་ཡང་མེད། །དེ་ལུགས་ཁྱོད་ཀྱི་ཐུགས་ལ་ཞོག།
ཅེས་ཟེར་བ་དང་། ཁྱི་ར་བ་ཡེ་ཤེས་ནི་མེ་གང་དུ་ཆུ་བླུགས་པ་ནང་བཞིན་བླ་མས་གསུང་སྐད་གོང་བ་དང་བསམ་གཞིག་གི་གནས་སུ་ལྷུང་། ང་ནི་ལོ་ངོ་དེ་ཙམ་ཞིག་གི་རིང་དུ་ཉེས་མེད་འགྲོ་དེ་ཙམ་བསད་རུང་། རང་ཉིད་ལ་ཚེ་འདི་ཕྱི་གཉིས་ལ་ཕན་ཐོགས་ཡོད་པ་སྟོན་རྒྱུ་ཕར་ཞོག་དེ་ལས་ཉེས་མེད་དུད་འགྲོའི་ཚེ་སྲོག་དེ་ཙམ་ཞིག་འཕྲོག །དངོས་གནས་ང་མི་ཚེ་ནང་དུ་གང་ཡང་བྱུང་མི་འདུག་བསམ་བཞིན་དེ་མ་ཉིད་དུ་ངར་བཞུ། དྲང་སྲོང་གི་མདུན་དུ་སྤུས་མོ་སར་བཙུགས། མེ་མདའ་ཕར་ཙམ་དུ་གཡུག །ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་བྱིས་པ་ལོ་བརྒྱད་ལོན་པ་ཞིག་ཨ་མའི་མདུན་དུ་བརྔན་པ་དགོས་ཚུལ་གྱིས་མིག་ཆུ་གཏོང་བ་ནང་བཞིན་མིག་ཆུ་སིམ་སིམ་སར་ཟགས། རི་ཁྲོད་པ་མཆོག་ལ་ངས་མི་ལོ་ཙམ་ཞིག་གི་རིང་དུ་ཉེས་མེད་དུད་འགྲོ་དེ་ཙམ་བསད་རུང་། རང་ཉིད་ལ་ཕན་པ་འདི་ཡིན་ཟེར་བ་སྟོན་རྒྱུ་སྣེ་གཅིག་མེད། དུས་དེ་རིང་ནས་བཟུང་སྟེ་ངས་ཉེས་མེད་དུད་འགྲོ་མི་བསད་རྒྱུ་ཁེས་ལེན་དམ་བཅའ་འཇོག་རྒྱུ་ཡིན་ཚུལ་སོགས་བཤད། གཏམ་དེ་དག་དྲང་སྲོང་གི་ཐོས་དུས་སེམས་ནང་དུ་དགའ་བ་དཔག་མེད་སྐྱེས། ཉིན་གཉིས་ཙམ་རིང་ཡེ་ཤེས་དྲང་སྲོང་གི་དྲུང་དུ་ཆོས་འདྲ་ཉན་ནས་བསྡད། དེ་ནས་ཁྱི་ར་བ་ཡེ་ཤེས་ལུང་རྫོང་གྲོང་དུ་ལོགས་ཕྱིན།
བཟའ་ཟླ་ལྷ་མོའི་སེམས་ནང་དུ་ཡེ་ཤེས་རྔོན་ལ་སོང་ནས་ཉིན་གཉིས་ཙམ་སོང་ཡང་གོ་རྒྱུ་འཚོ་རྒྱུ་གང་ཡང་མི་འདུག་ཅིང་། རྐྱེན་ངན་པ་འདྲ་བྱུང་བ་མིན་འགྲོ་བསམ་ནས་སེམས་ཁྲལ་གྱིས་གནས་སུ་ལྷུང་། བཟའ་ཟླ་ལྷ་མོ་ནི་རྔོན་ལས་བྱ་རྒྱུ་ལ་ཁྱོན་ནས་འདོད་པ་མེད་ཅིང་། ག་དུས་ཡིན་ན་རྔོན་ལས་མ་བྱེད་ང་ཚོ་ནང་མི་ཞིང་ལས་ཀྱི་ཁ་གསོས་འགྲོ་ཡི་རེད་ག་ཚད་ལབ་རུང་ཉན་འཇོག་ཁྱོན་ནས་མི་བྱེད། བཟའ་ཟླ་ལྷ་མོས་མང་པོ་བཤད་ཚེ་ཁོ་པ་ཁོང་ཁྲོ་ལངས་ཏེ་ཉེས་རྡུང་རག་གི་ཡོད་པས། དེ་ནས་བཟུང་སྟེ་ལྷ་་མོ་ཁྱོན་ནས་རྔོན་ལས་སྐོར་ལ་སྐད་ཆ་ཚིག་ཅིག་ཀྱང་བཤད་མི་ནུས་པར་གྱུར། སེམས་ནང་དུ་མི་འདོད་བཞིན་རྔོན་པ་ཡེ་ཤེས་མཉམ་དུ་མི་ཚེའི་འཚོ་བ་བསྐྱལ་དགོས་ཐུག་པ་རེད།
དགོང་མོ་ས་མ་རུག་ཙམ་དུ་ཡེ་ཤེས་ནང་དུ་སླེབས། རྒྱབ་སྒོ་རྡུང་བ་དང་། བཟའ་ཟླ་ལྷ་མོ་ལམ་སེང་སྡོད་གནས་ནས་ལངས་ཏེ་ཕྱི་སྒོ་ཕྱེས། དེ་ཉིན་ཡེ་ཤེས་ཀྱི་ལག་ཏུ་གང་ཡང་ཞིག་འཁྱེར་མེད་ལ་། ཤ་ཁྱི་ཡང་མཉམ་དུ་ཁྲིད་མེད། མེ་མདའ་ཡང་འཁྱེར་མེད་ཅིང་། ལག་སྟོང་ནང་དུ་སླེབས། དུས་རྒྱུས་དང་མ་འདྲ་བ་ཁོང་ཁྲོའི་རྣམ་པ་མེད་ཅིང་། ཉམས་ཆུང་རྣམ་པ་ཞིག་ཏུ་མངོན། དེ་དག་མཐོང་དུས་བཟའ་ཟླ་ལྷ་མོ་ཡ་མཚན་འདྲ་ཞིག་སྐྱེས་རུང་ངག་ནས་ཅི་ཡང་དྲི་མ་ནུས་ནས་མེ་ཁ་ཕྱེས་ནས་ཐབ་ཏུ་ཇ་བསྐོལ་ཏེ་བཟའ་ཟླ་ལ་དྲངས།
དུས་དེ་ནས་བཟུང་སྟེ་ཡེ་ཤེས་རྔོན་ལ་ཁྱོན་ནས་མི་འགྲོ་ཞིང་། བཟའ་ཟླ་མཉམ་དུ་ཞིང་ལས་ཁོ་ནར་བརྩོན། ལམ་ཁ་ནས་དུད་འགྲོ་སྲོག་ཆགས་རིགས་འགྲོ་བ་རེག་ཚེ་ལམ་སང་ཚེ་སྲོག་སྐྱོབས་ཐབས་བྱེདྲ། དུས་ཚོད་ག་དུས་ཁོམ་པ་བྱུང་ན་ཡིག་དྲུག་བགྲངས་བ་ལས་མི་གཞན་ལ་སྐད་ཆ་ཡང་མང་པོ་མི་བཤད། དེ་དག་བཟའ་ཟླ་ལྷ་མོས་མཐོང་དུས་ཡ་མཚན་སྐྱེས་རུང་དྲི་མི་ནུས།
དེ་ནས་ཉིན་གཅིག་བཟའ་ཟླ་ལྷ་མོ་དང་མཉམ་དུ་སྟོན་ལས་བྱེད་བཞིན་པའི་སྐབས། སྤྱིར་བཏང་གི་སྐད་ཆ་འདྲ་ཤོད་བཞིན་སྐབས་བཟའ་ཟླ་ཡེ་ཤེས་ཀྱིས་དེ་སྔོན་ང་རྔོན་ལ་འགྲོ་དུས་མཁར་མདོ་གྲོང་གི་ཕུ་ལ་དྲང་སྲོང་ཞིག་བཞུགས་འདུག་ཅིང་། ཁོང་མཇལ་བ་ཙམ་གྱིས་ངས་སེམས་ནང་དེ་སྔོན་དང་མ་འདྲ་བའི་རང་བཞིན་མེད་པའི་དགའ་སྐྱོ་གཉིས་ལྡན་གྱི་སྣང་བ་ཞིག་ཤར་བྱུང་ལ། ཁོང་གིས་མི་ཚེ་ཐུང་ཐུང་ནང་དུ་གཞན་གྱི་ཚེ་སྲོག་འཕྲོག་པའི་བྱ་བ་མི་རུང་ཚུལ་སོགས་བསླབ་དུ་མ་ཞིག་གནང་སོང་བས། ངའི་མི་ཚེ་དེ་འདྲའི་བདེ་བའི་སྣང་བ་འཆར་མྱོང་མེད། དུས་དེ་ནས་བཟུང་སྟེ་ངས་ཁོང་གི་མདུན་ནས་རྔོན་ལས་ཡོངས་རྫོགས་མི་བྱེད་རྒྱུའི་དམ་བཅའ་བཞག་ཚུལདང་། གནས་ཚུལ་དེ་དག་མི་གཞན་ལ་བཤད་དགོས་མ་རེད་སོགས་བཤད་པས། བཟའ་ཟླ་ལྷ་མོ་སྐབས་ཅིག་རིང་དུ་ཅི་ཡང་མི་བཤད་པ་ཡེ་ཤེས་ཀྱི་གཏམ་ཉན་ནས་བསྡད།
དེ་ནས་བཟའ་ཟླ་ལྷ་མོ་ཉལ་བསད་པ་ནང་བཞིན་དེ་ནི་ཡག་པོ་བྱུང་བ་རེད་ཟེར་ནས་དགའ་བའི་རྣམ་འགྱུར་སྟོན། དུས་དེ་ནས་བཟུང་སྟེ་ནང་མི་དགའ་བདེ་ངང་ནས་ཞིང་ལས་ཀྱི་འཚོ་བ་ལ་རོལ། ལུང་པའི་མི་རྣམས་ཀྱིས་ཀྱང་ཡེ་ཤེས་འགྱུར་ལྡོག་དེ་དག་མཐོང་དུས་ཚང་མ་ཧ་ལས་ཀྱི་ཡོད་མོད། རྒྱུ་མཚན་གང་ཞིག་ཡིན་པ་སུ་ཞིག་གིས་གསལ་པོ་མི་ཤེས། ཡེ་ཤེས་ལ་དྲིས་ཀྱང་ངས་རྔོན་ལས་མི་རྒྱུ་དམ་བཅའ་བཞག་པ་ཡིན་ཚུལ་ཙམ་ལས་མི་བཤད།
ཉིན་གཅིག་ལྷ་མོས་ང་ནི་དྲང་སྲོང་ཁོང་མཇལ་འདོད་ཧ་ཅང་ཆེ་བའི་ཁོང་མཇལ་དུ་ཁྲིད་རོགས་བྱོས་དང་ཟེར། བཟའ་ཟླ་ཡེ་ཤེས་ཀྱིས་དེ་འདྲ་ཡིན་ན་ཡིན་དང་ཡིན་ཟེར། བཟའ་ཟླ་ལྷ་མོས་རྟ་སྒྲོ་ནང་དུ་རྩམ་པ་དང་མར་སོགས་བཅུག་ནས་དྲང་སྲོང་ལ་འབུལ་རྒྱུ་འཁྱེར་ནས་བཟའ་མི་ལ་ལུང་བརྒལ་ནས་ཕྱིན། ཉམས་དགའ་བའི་གནས་མཆོག་དེ་དག་མཐོང་དུས་བཟའ་ཟླ་ལྷ་མོས་ལུང་པ་དེ་འདྲའི་སྐྱིད་སྣང་ལྡན་པ་ཨང་ཞེས་ངག་ནས་དབང་མེད་ཤོར། ཁོང་གཉིས་དལ་གྱིས་དྲང་སྲོང་བཞུགས་གནས་དེར་ཕྱིན། དེར་སླེབས་ནས་བྲག་ཕུག་ཏུ་འཛུལ་དུས་དྲང་སྲོང་བཞུགས་ཤུལ་ཙམ་ལས་གཞན་གང་ཡང་མེད། ཡེ་ཤེས་ཀྱིས་ཁོང་ནི་གནས་ངེས་མེད་དུ་རི་ཁྲོད་འགྲེམས་པའི་དྲང་སྲོང་ཞིག་ཡིན་དུས་ཁོང་འདིར་བཞུགས་པ་མི་མང་པོ་ཤེས་དུས་མཇལ་དུ་ཡོང་བས་ཁོང་སུན་ནས་གནས་གཞན་དུ་ཕེབས་ཡིན་རྒྱུ་རེད་ཟེར། རི་ཁྲོད་པ་ཁོང་བཞུགས་མེད་པས་བཟའ་མི་གཉིས་ཕྱིར་ལོགས་དགོས་བྱུང་།
ལུང་མདོ་རྫོང་གི་ཕུ་ལ་དྲང་སྲོང་ཞིག་བཞུགས་ཡོད་པ་ཚང་མས་ཤེས་རྗེས་གཅིས་རྗེས་གཉིས་མཐུན་གྱིས་མཇལ་དུ་ཡོང་གི་ཡོད། ཉིན་ལྟར་མི་སྣ་ཆད་ཡོང་དུས་དྲང་སྲོང་གི་སྒོམ་སྒྲུབ་ལ་བར་ཆད་ཆེན་པོ་ཡོང་གི་ཡོད་པས། ཁོང་གི་ད་ནི་གནས་འདིར་རྒྱུན་རིང་བསྡད་ན་ཆོས་ལ་བར་ཆད་ཡོང་བ་ལས་ཕན་ཐོགས་ཡོང་ས་མ་རེད་དགོངས་ནས་གནས་གཞན་དུ་ཕེབས།
སྔོན་དུས་ལུང་པ་དེར་ཐོག་སེར་བརྒྱབ་པ་སོགས་ཀྱི་བཀྲ་མི་ཤིས་པའི་གནས་ཚུལ་ཡང་ཡང་ཐོས་རྒྱུ་ཡོད་མོད། གནས་དེར་དྲང་སྲོང་ཁོང་བཞུགས་པ་ནས་བཟུང་སྟེ་དེ་འདྲ་གནས་ཚུལ་ཐོས་རྒྱུ་མེད་པར་གྱུར་ཡོད། ཡིན་ནའང་ལུང་པའི་མི་ཚོས་དྲང་སྲོང་ཁོང་གི་བཀའ་དྲིན་ཡིན་པ་ཚོར་མྱོང་མེད། དྲང་སྲོང་མ་བཞུགས་ནས་ལོ་གཉིས་ཀྱི་རྗེས་་སུ་སྟོན་ཐོག་བརྔ་བའི་མཚམས་ལུང་པ་དེར་སེར་བ་བརྒྱབ་ནས་སྟོན་ཐོག་ཚང་མ་སེར་བས་བརྡུང་། དུད་འགྲོ་དུ་མ་ཞིག་ཀྱང་ཆུ་རུད་ཀྱིས་འཁྱེར། གྲོང་མི་རྣམས་སེམས་སྡུག་གི་གནས་སུ་ལྷུང་། མུ་གེའི་སྟེང་ལ་་ཟླ་ལྷག་ཅེས་པ་ལྟར་ལོ་དེའི་དགུན་དུས་དུད་འགྲོ་རྣམས་ལ་ནད་ཡམས་འཕོག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་དུད་འགྲོ་དུ་མ་ཞིག་ཤི །ལུང་པ་དེར་བཀྲ་མི་ཤིས་པ་གནས་ཚུལ་ཡང་ཡང་བྱུང་བ་སྦྲགས། ལུང་པས་མི་སྣ་འགའ་ཤས་ཤིག་གིས་ལུང་པ་འདིར་དྲང་སྲོང་ཁོང་བཞུགས་རིང་ལུང་པར་ལོ་ཕྱུག་འཕེལ་རྒྱས་པ་དང་། ང་ཚོར་བདེ་སྐྱིད་ལྡན་པའི་ངང་ནས་འཚོ་བ་རོལ་རྒྱུ་བྱུང་། ད་ནི་ཁོང་ཕེབས་པའི་རྗེས་སུ་ང་ཚོའི་ལུང་པར་གནས་ཚུལ་ཐབས་སྡུག་བྱུང་བ་རེད་སོགས་བཤད་པས། ད་གཟོད་གཞི་ནས་ཁོ་ཚོ་ཚང་མས་དྲང་སྲོང་་ཁོང་ལ་མོས་གུས་ཆེན་པོ་སྐྱེས་སོ།། །།
སྨྲས་པ།
བླ་མ་མཆོག་དང་དབྱེར་མེད་པའི།། འཇམ་དཔལ་དབྱངས་ལ་གུས་བཏུད་ནས།།
མ་རིག་མུན་པ་ཡོངས་གསལ་ནས། །ཤེས་རབ་སྣང་བ་སྩལ་དུ་གསོལ།།