དབང་འདུས་ཀྱིས་སྦྱར།
ཨོཾ་ཨ་ཐཱ། གངས་རིའི་ཁྲོད་ཀྱི་རླབས་ཆེན་གྱི་སྨན་པའི་རྒྱལ་པོ་ཆེན་པོ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བདག་རྗེས་སུ་བཟུང་བར་མཛད་དུ་གསོལ།
གསོ་བའི་ལྷ་ལམ་ཕ་མཐའ་བྲལ་དབྱིངས་གཞུང་དོན་སྤྲིན་ཚོགས་དཀྲིགས་པ་ལས། །
ལུང་དང་རིག་པའི་དབྱར་རྔ་ལྡིར་ཞིང་ཟབ་རྒྱས་མན་ངག་སྦྲང་ཆར་འབེབས། །
འགྲོ་མཆོག་སྲོག་གི་མྱུ་གུར་ནད་མེད་ཡུན་འཚོའི་འབྲས་བུ་སྨིན་མཛད་པའི། །
སྔོན་བྱོན་གསོ་རིག་བརྒྱུད་པའི་ཚོགས་ལ་སྙིང་ནས་རབ་གུས་དང་བས་འདུད། །
གངས་ཅན་གསོ་དཔྱད་དབྱར་གྱི་ཆུ་འཛིན་ཀློང་། །
ལུང་རིགས་རབ་རྒྱས་སྔོན་མེད་སྒྲ་བརྒྱའི་དབྱངས། །
འཛམ་གླིང་མཛེས་པའི་རྒྱན་དུ་མངོན་བཞད་མཁན། །
སྨན་པའི་རྒྱལ་བའི་གཡུ་ཐོག་པ་དེར་འདུད། །
དཔལ་ལྡན་རྒྱུད་བཞིའི་དགོངས་དོན་གནམ་རུའི་རྒྱུད། །
རྣམ་དཔྱོད་སོར་མོས་ཉེར་བཀུག་དགག་སྒྲུབ་མདས། །
སྨྲ་ངན་ལོག་རྟོག་འཇོམས་པའི་གཡུལ་འགྱེད་མཁན། །
མཁས་རྒུའི་གཙུག་རྒྱན་བྱང་ཟུར་རྣམ་གཉིས་རྒྱལ། །
གངས་ལྗོངས་གསོ་དཔྱད་བསྟན་པའི་འཕྲིན་ལས་གདུགས། །
རྣམ་དཔྱོད་དཔུང་པ་བརྟན་པོས་བླ་ནས་བླར། །
འདེགས་བཟོད་གྱད་ཀྱི་སྙིང་སྟོབས་རབ་ལྡན་པའི། །
སྔོན་བྱུང་མཁས་ལ་སོར་བཅུ་སྙིང་གར་ཟུམ། །
གཞན་ཕན་ཐུགས་བསྐྱེད་རྩ་བ་ཆེས་བརྟན་ཅིང་། །
ཤེས་བྱའི་ཡལ་འདབ་མེ་ཏོག་ཕྱོགས་ཀུན་རྒྱས། །
མན་ངག་ལག་ལེན་འབྲས་བུའི་ཁུར་ལྕི་བའི། །
བཤེས་གཉེན་དཔག་བསམ་ལྗོན་དེར་གུས་ཕྱག་འཚལ། །
འདི་ན་བོད་སྨན་གཤག་ལས་དར་རྒྱས་རྒུད། །
འོལ་ཚོད་མུན་ནག་འདོམ་འཇལ་མི་དགོས་པར། །
ཉི་གཞོན་འདྲེན་པའི་སྐྱ་རེངས་འདི་དང་ལྷན། །
འགྲོགས་ནས་གཟིགས་མོ་མཛོད་དང་གྲོགས་དག་ཀྱེ། །
ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བའི་ཚིག་གིས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། འཇིག་རྟེན་མིག་གཅིག་ལོ་ཆེན་རིན་ཆེན་བཟང་པོས། ཡུལ་མཐོ་ས་གཙང་འཛམ་གླིང་དཀྱིལ་སྒང་ན། །མི་རྗེ་ལྷས་མཛད་སྤུ་རྒྱལ་བཙན་པོའི་གདུང་། །བྱང་ཆུབ་སེམས་དཔའ་སྤྲུལ་བའི་རྒྱུད་དུ་འཁྲུངས། །མཐའ་བཞིའི་རྒྱལ་པོ་གཞན་ལས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་འཛམ་གླིང་གི་ཟླུམ་གཟུགས་གོ་ལའི་རྩེ་མོར་ཏོག་ལྟར་གནས་པའི་བོད་ཁ་བ་ཅན་གྱི་ལྗོངས་འདིར་འཛམ་གླིང་སྔོན་ཐོན་ཡུལ་གྲུ་གཞན་དང་འདྲ་བར་རང་ངོས་ཀྱི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ཟམ་མ་ཆད་པ་གནང་སྟེ། རང་གི་ཡུལ་དུ་ཆོས་དང་རིག་གཞུང་སྣ་ཚོགས་སྔོན་མེད་ཀྱི་སྲོལ་གསར་དུ་གཏོད་པ་དང་། ཆབས་ཅིག་སྔོན་མཐོའི་མི་རིགས་གཞན་གྱི་རིག་གནས་ལའང་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་པར་མ་ཟད། དེ་དག་གི་ལེགས་ཆ་རྣམས་བླངས་ནས་རང་རིགས་ཀྱི་རིག་གཞུང་དར་རྒྱས་གོང་སྤེལ་རྒྱུན་མ་འཆད་པར་མཛད་སྟབས། རྒྱ་ཆེ་ལ་གཏིང་ཟབ་ཅིང་གཞན་ལ་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་དུ་མས་ཕྱུག་པའི་རིག་གཞུང་འགངས་ཆེན་ཞིག་ཏུ་གྱུར། དེང་གི་ཆར་འཛམ་གླིང་གི་བློ་གཟུ་བོར་གནས་པའི་མཁས་དབང་མང་པོས་རིག་གནས་དེར་ཚད་མཐོའི་གདེང་འཇོག་དང་། སློབ་སྦྱོང་། ཞིབ་འཇུག་བྱ་ཡུལ་བཅས་སུ་གྱུར་བའི་བོད་མིའི་ཤེས་རིག་ཅེས་པའི་རླབས་ཆེན་གྱི་རིག་གཞུང་འདི་གྲུབ་ཡོད།
དེའི་ནང་ནས་འཛམ་གླིང་གི་གནའ་བོའི་གསོ་རིག་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་བའི་བོད་ཀྱི་གསོ་བ་རིག་པ་ནི་ཆེས་སྔ་བའི་རྒྱུན་རིང་གི་ལོ་རྒྱུས་ལྡན་པ་དང་། དེར་ཆ་ཚང་བའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཡོད་ཅིང་མཐོང་བ་བརྒྱུད་པའི་ཕྱག་ལེན་བར་མ་ཆད་པར་བཞུགས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་མཐོང་དཀོན་པའི་རིག་གཞུང་རླབས་པོ་ཆེ་ཞིག་ཡིན། དེ་ལྟ་བུའི་རིག་གཞུང་དེར་སྔོན་བྱོན་མཁས་དབང་དུ་མས་ནད་དང་སྨན་གྱི་རྣམ་གཞག་མཐའ་ཀླས་པ་གསུངས་པའི་ནང་གི་སྐབས་དོན་བརྗོད་བྱ་བོད་སྨན་གྱི་གཤག་ལས་དུས་ནམ་ཙམ་ནས་དར་འགོ་ཚུགས་པའི་སྐོར་དང་། བོད་སྨན་གྱི་གཤག་ལས་དར་རྒྱས་ཇི་ལྟར་བྱུང་བའི་སྐོར།བོད་ཀྱི་གསོ་དཔྱད་ཀྱི་གཞུང་རྩ་བ་དཔལ་ལྡན་རྒྱུད་བཞིའི་ནང་དུ་འཁོད་པའི་གཤག་ལས་དང་འབྲེལ་བའི་སྐོར་རགས་ཙམ་གླེང་བ། བོད་སྨན་གཤག་ལས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ཉམས་འགོ་ཚུགས་པའི་དུས་དང་ཉམས་པའི་རྒྱུ་མཚན་བསྟན་པ། མཇུག་བསྡུ་བ་བཅས་སོ། །
དང་པོ། བོད་སྨན་གྱི་གཤག་ལས་དུས་ནམ་ཙམ་དར་འགོ་ཚུགས་པའི་སྐོར།
བོད་སྨན་གྱི་གཤག་ལས་ནི་བོད་ཀྱི་གསོ་བ་རིག་་པ་དང་དུས་མཉམ་དུ་སྤྱི་ལོའི་སྔོན་གྱི་ཆིག་སྟོང་བརྒྱད་བརྒྱ་ལྷག་གྱི་གོང་ནས་ཁ་བ་ཅན་བོད་ཀྱི་ཡུལ་དུ་དར་ཡོད་པར་མངོན་ཏེ་རྒྱུ་མཚན་ནི། གནའ་རབས་བོད་ཀྱི་ཐོག་མའི་ཆོས་ལུགས་བོན་གྱི་གྲུབ་མཐའ་འཛིན་མཁན་གྱི་བོན་པོའི་མཁས་པ་ཚོས་མཛད་པའི་ལོ་རྒྱུས་ཁག་གི་ནང་དུ་བོད་ཀྱི་གསོ་བ་རིག་པའི་ཁུངས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཐུག་པའི་རྒྱུ་མཚན་གཏན་ཚིགས་སྣ་ཚོགས་བཀོད་པར་མཆིས་ཏེ། གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། འབྱུང་ལྡན་ཉེར་བཞི་ཕའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉན་ཁྲི་བཙན་པོ་འཁྲུངས། དེ་ནས་ཡར་རྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས།གསོ་དཔྱད་ཀྱི་བསྟན་པ་འདི་ནས་དབུ་བརྙེས། ཞེས་གསུངས་པ་ལྟར་ན་གཉའ་ཁྲི་བཙན་པོ་སྤྱི་ལོའི་སྔོན་གྱི་ལོ་༤༡༧ཐོག་འཁྲུངས་པར་སུམ་པའི་བསྟན་རྩིས་ནང་གསུངས་པས་གཉའ་ཁྲི་ནས་ཡར་འབྱུང་ལྡན་ཉེར་བཞི་ལ་འབྱུང་ལྡན་རེར་ལོ་དྲུག་ཅུར་བརྩིས་པའི་ལོ་ཆིག་སྟོང་བཞི་བརྒྱ་བཞི་ཅུ་དང་། དེའི་སྟེང་ད་ལྟ་རབ་བྱུང་བཅུ་བདུན་པའི་ཆུ་མོ་ལུག་ལོའི་བར་གྱི་ལོ་༢༠༠༣བཅས་བསྣན་པས་བོད་ཀྱི་གསོ་བ་རིག་པ་དབུ་བརྙེས་ནས་ད་བར་ལོ༣༨༦༠འབྱུང་བ་ཡིན་ནོ། །དེ་བཞིན་དུ་བོད་བརྒྱུད་ནང་པ་སངས་རྒྱས་པའི་བསྟན་འཛིན་ཆེན་པོ་དང་བཅུ་ཕྲག་རིག་པའི་གནས་ལ་དབང་བསྒྱར་བའི་མ་ཧ་པཎྜི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོ། དེའུ་དམར་པཎ་ཆེན་བསྟན་འཛིན་ཕུན་ཚོགས་སོགས་བློ་གཟུ་བོ་གནས་པའི་གསོ་དཔྱད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་ཕུགས་དེ་གཡུངདྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ལ་གཏུགས་དགོས་པར་གསུངས་ཏེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་རིག་གི་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་ལས།སྔ་རབས་པ་འགས་བྱས་པ་ཡི། །གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། །བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། །ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། །དེ་ནི་མ་བརྟག་གཏམ་ཡིན་ཏེ། །ཆོས་རྒྱལ་འདིའི་རིང་རྒྱ་གར་ནས། །བི་བྱི་བི་ལྷ་གཉིས་བྱོན་ཏེ། །འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། །སྤེལ་བའི་ཐོག་མར་དབུ་བརྙེས་ལས། །འདི་དུས་བོད་ཀྱི་གསོ་དབུ། །བརྙེས་པར་བརྗོད་ན་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེ་ན་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱི་དུས་སུ་བརྙེས། །ཞེས་དང་། ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱིའི་ཁོག་དབུགས་ལས། ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བའང་མ་ངེས་ཏེ་བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ་བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་སྤུ་རེངས་སུ་བྱོན་པར་བཤད་པའི་ཕྱིར་རོ། །ཞེས་དང་། དེའུ་དམར་པ་པཎ་ཆེན་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རིན་ཆེན་དབང་བོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསལ་སྙིང་ཐིག་ལས།ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ལས། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། །སྐྱབས་གནས་སྲུང་མར་བཅས་ལ་རིན་ཆེན་དང་། །འབྲུ་སོགས་མཆོད་པ་ཕུལ་ནས་དམོད་འདི་བོར། །སྙིགས་དུས་མ་རུང་བདུད་ཀྱི་སྤྲུལ་པ་འགས། །ཟས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱིས། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། །དེ་ཉིད་འཇོམས་བྱེད་སྨན་མཆོག་རིན་པོ་ཆེ། །མཐུ་ལྡན་རང་བྱུང་དངོས་གྲུབ་སྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོད། །ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག །ཅེས་གསུངས་དབང་གིས་གནས་ལ་མ་ངེས་པར། །སྲོག་ཆགས་ཀུན་དང་ཁྱབ་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་པ་ཀླད་པ་དང་། །ཕོ་ལུང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་། །རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད། །ཡུལ་དེའི་གླ་བ་དཀར་མོ་སྨན་ཟ་བའི། །རྩི་ཤའི་ཁ་ལྟེམ་དག་ལས་ངེས་པར་འབྱུང་། །ཞེས་སོགས་གསུངས་པར་གཞིགས་ན་བོད་ཀྱི་གསོ་བ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་ལུང་རིགས་ཚད་མས་གྲུབ་བོ། །དེས་ན་སྟོན་པ་གཤེན་རབ་མི་བོ་ཆེ་བོད་ཀྱི་ཞང་ཞུང་འོལ་མོ་ལུང་རིང་དུ་སྐུ་བལྟམས་ནས་ད་བར་ཡོངས་གྲགས་སུ་༣༨༦༠སོང་།དེ་བཞིན་དུ་སྟོན་པ་གཤེན་རབ་ལ་གདུང་སྲས་བརྒྱད་འཁྲུངསས་པའི་ནང་གི་གཉིས་པ་དཔྱད་བུ་ཁྲི་ཤེས་ནི་གསོ་དཔྱད་ཀྱི་བཀའ་བབ་དང་གསོ་དཔྱད་ཀྱི་བསྡུ་བ་པོ་ཡང་ཡིན་ཏེ། བསྟན་པ་གཉེར་གཏད་ཀྱི་མདོ་ལས། དཔྱད་རྒྱུད་ཉི་ཁྲི་གྱུར་བ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་དང་། མཛད་མདོ་འབྲིང་པོ་ལས། རིག་པའི་དཔྱད་ལ་རྣོ་བས་དཔྱད། །སེམས་ཉིད་ཡོངས་ལ་བྱམས་པས་བུ། །དཔྱད་ལ་ཁྲི་སྡེ་མཁྱེན་པས་ཁྲི། །མ་ནོར་དོན་རྣམས་ཤེས་པར་ཤེས།།དེ་ཡི་ཕྱིར་ན་དཔྱད་བུ་ཁྲི་ཤེས་སོ། །ཞེས་དང་། གཞུང་རྣམ་རྒྱལ་ལས། གསོ་བྱའི་ནད་འབུམ་ནག་པོ།གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་དང་གསུམ་རི་གཡུང་དྲུང་དགུ་བརྩེགས་སུ་དཔྱད་བུ་ཁྲི་ཤེས་ལ་གསུངས་སོ། །བོན་གྱི་མདོ་དྲི་མེད་གཟི་བརྗིད་ལས།དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། ཉིང་ལག་ཉི་ཁྲི་ཆིག་སྟོང་རྣམས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད། ཅེས་དང་། བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། ལྔ་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་བསྐྱེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་རྒྱུད་ཉི་ཀྲི་ཅིག་སྟོང་ཐུགས་ལ་བཀྲ། །སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས། །ཚུལ་མིང་གཤེན་རབ་ཚུལ་འབར་ཁྲི་ཤེས་གསོལ། །ཞེས་དང་། གནའ་རབས་བོན་གྱི་སྨན་པ་མཁས་ཆེན་དར་ལྡིང་གི་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། འདིར་བཤད་པའི་བཅོད་འབྱོར་གྱི་སྨན་ཕལ་མོ་ཆེ་རྣམས་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་ཤ་སོས་རུས་འབྱོར། རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ལས་བཏུས། ཞེས་གསུངས་པ་ལ་དཔྱད་ན་དཔྱད་བུ་ཁྲི་ཤེས་ནི་སྨན་དཔྱད་གཉིས་ཀ་ལ་མངའ་བརྙེས་པའི་གསོ་དཔྱད་ཀྱི་བསྟན་པ་སྤེལ་མཁན་རླབས་ཆེན་གྱི་མེས་པོ་ཞིག་ཡིན་པར་རྟོགས་ཐུབ་ལ། སྐབས་དེ་དུས་ནས་བོད་ཀྱི་སྨན་དང་དཔྱད་གཉིས་མཉམ་དང་དར་ཡོད་པའང་གསལ་བོ་རྟོགས་ཐུབ། དེ་བཞིན་དུ་དེང་དུས་མཁས་པ་ཚོས་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་དུ་འཛིན་པའི་ཏུན་ཧོང་ས་འོག་ནས་རྙེད་པའི་བོད་ཡིག་ཤོག་དྲིལ་ལས། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མེད་དེ། །ཞང་ཞུང་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལེགས་སོ། །ཞེས་འཁོད་ཡོད་པ་དང་། དེ་རྗེས་བོད་ཀྱི་བཙན་པོའི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་རྒྱལ་པོར་མངའ་གསོས་སྐབས་གདན་འདྲེན་ཞུ་མཁན་བོན་ཤེས་པ་བཅུ་གཉིས་ཀྱི་ནང་དུ།ཕན་ཤེས་སྨན་དཔྱད་ཀྱི་བོན། ཞེས་བཀོད་པར་གཞིགས་ན་སྐབས་དེ་དུས་ནས་བོད་སྨན་གསོ་དཔྱད་ཀྱི་བྱ་བ་བྱེད་མཁན་ཆེད་ལས་སུཁུངས་ནི་ཡུལ་བོད་ཀྱི་ཞང་ཞུང་ནས་དར་བ་དང་། དུས་བོད་མི་སྟོན་པ་གཤེན་རབ་ཀྱི་སྐུ་དུས་སུ་དར་བ་ལུང་རིགས་ཚད་མས་གྲུབ་བོ། །
གཉིས་པ། བོད་སྨན་གྱི་གཤག་ལས་དར་རྒྱས་ཇི་ལྟར་བྱུང་བའི་སྐོར།
བོད་སྨན་གྱི་གཤག་ལས་དར་རྒྱས་ཇི་ལྟར་བྱུང་བའི་སྐོར་བསྟན་པ་ལ་གསུམ་སྟེ་བོད་ཀྱི་བཙན་པོའི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་སྐུ་དུས་ཀྱི་བོད་སྨན་གཤག་ལས་ཀྱི་བྱུང་བ་བརྗོད་པ་དང་། བོད་ཀྱི་བཙན་པོ་རྒྱལ་རབས་སུམ་ཅུ་པ་འབྲོང་སྙན་ལྡེ་རུའི་སྐུ་དུས་ཀྱི་བོད་སྨན་གཤག་ལས་ཀྱི་བྱུང་བ་བརྗོད་པ། བོད་ཀྱི་བཙན་པོའི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་བོད་སྨན་གཤག་ཀྱི་བྱུང་བ་བརྗོད་པའོ། །
༡ བོད་ཀྱི་བཙན་པོའི་རྒྱལ་རབས་བཅུ་བ་ཨེ་ཤོ་ལེགས་སྐུ་དུས་ཀྱི་བོད་སྨན་གཤག་ལས་ཀྱི་བྱུང་བ་བརྗོད་པ།
བོད་ཀྱི་བཙན་པོའི་རྒྱལ་རབས་བཅུ་བ་ཨེ་ལེགས་ཀྱི་སྐུ་དུས་སུ་བོད་སྨན་གྱི་གཤག་ལས་དར་རྒྱས་ཕྱིན་ཏེ་རུས་སྐྱོན་བཅད་པ་དང་། ཤ་སྐྱོན་གཤག་པ།པགས་རལ་བཙེམས་པ་བཅས་ཀྱི་ལག་ལེན་གྱི་སྲོལ་གསར་སུ་གཏོད་པའི་ལོ་རྒྱུས་མཆིས་ཏེ། དར་ལྡིང་གི་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། རྨ་སྨན་བཅད་འབྱོར་ཉི་ཤུ་འདི། །སྲོག་ཆགས་མཚོན་གྱིས་རྨས་པའི་ཚེ། །བཙལ་ནས་རྨ་དང་ཆག་སར་གླན། །མྱུར་དུ་སོས་པ་གཤེན་གྱིས་གཟིགས། །སྲོག་ཆགས་རང་རང་གིས་རྙེད་ཅིང་། །ཆག་པ་འབྱོར་ཞིང་བཅད་སོས་པའི། །ནུས་པ་དེ་ལྟར་ལྡན་པའི་ཕྱིར། །མིང་ཡང་དེ་དང་མཐུན་པར་བཏགས། །དེ་ལྟའི་མན་ངག་སྨན་མཆོག་རྣམས། །དྲང་སྲོང་མཁས་པ་མང་བརྒྱུད་ནས། །རྒྱལ་སྲས་ཨེ་ཤོ་ལེགས་ཀྱི་དུས། །ལྷ་བུ་མགོ་དཀར་ཕྱག་ཏུ་བབས། །དེ་དུས་དྲང་སྲོང་ཆེ་རྣམས་ཀྱིས། །རྨ་སྐྱོན་འདྲུལ་ཞིང་རུས་སྐྱོན་བཅད། །རལ་བ་དྲུབས་ཤིང་ཆག་པ་བཅིངས། །བཅད་འབྱོར་སྨན་རྣམས་རྨ་ཁར་བཏབ། །མྱུར་དུ་ཆག་འབྱོར་བཅད་པ་སོས། །སྐྲངས་གཞིལ་རྣག་ཁྲག་ཆུ་སེར་སྐེམ། །གཙིགས་ཆེན་མན་ངག་སྨན་མོག་མཛད། །གུད་དུ་སྤས་ཤིང་རྒྱ་ཡིས་གདབ། །ཅེས་གསུངས་པར་གཞིགས་ན་བོད་ཀྱི་བཙན་པོའི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ནི་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་བརྒྱ་ལྷག་ཙམ་གྱི་དུས་སུ་འཁྲུངས་པར་མངོན་ཏེ་རྒྱུ་མཚན་ནི། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལྟར་ན། སངས་རྒྱས་མེ་ཡོས་ལ་འདས་ནས་ལོ་༤༡༩སོང་བའི་ཕྱི་ལོ་ཤིང་བྱི་སྟེ་སྤྱི་ལོ་སྔོན་གྱི་ལོ་༤༡༧ལོར་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་འཁྲུངས་པར་བཞེད། དེས་ན་གཉའ་ཁྲི་ནས་སྲིབས་ཁྲི་བཙན་པོའི་བར་གྱི་རྒྱལ་རབས་བདུན་པོའི་སྲས་རྣམས་ཆིབས་ཁ་ཐུབ་ཙམ་ནས་ཡབ་རྣམས་སྐུ་གཤེགས་པར་གྲགས་ཤིང་། རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའང་སྐུ་ཚེ་མཐར་མ་ཕྱིན་པར་ལོང་ངམ་གྱིས་བཀྲོངས་པ་བཅས་ལ་གཞིགས་ན། གཉའ་ཁྲི་བཙན་པོ་ནས་ཨེ་ཤོ་ལེགས་བར་གྱི་རྒྱལ་རབས་དགུ་པོའི་སྐུ་ཚེ་ལོ་གྲངས་སུམ་བརྒྱ་ལྷག་ཙམ་ལས་བཞུགས་མེད་ཅེས་ཁ་ཚོན་གཅོད་ཐུབ། གོང་སྨོས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་བཙན་པོའི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་སྤྱི་ལོ་སྔོན་གྱི་ལོ་ཆིག་བརྒྱ་ལྷག་ཙམ་གྱི་དུས་སུ་འཁྲུངས་པའི་ངེས་ཤེས་བརྟན་པོ་རྙེད། དེས་ན་འདས་ཟིན་པའི་ལོ་གཉིས་སྟོང་ཆིག་བརྒྱ་ལྷག་ཙམ་གྱི་དུས་སུ་བོད་ཀྱི་སྨན་པས་རུས་སྐྱོན་བཅད་པ་དང་། པགས་པ་བཙེམས་པ་སོགས་ཀྱི་གཤག་ལས་ལག་ལེན་བསྟར་ཞིང་ལེགས་གྲུབ་བྱུང་བ་ནི་འཛམ་གླིང་གཤག་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད་པར་མངོན་ཏེ། རྒྱ་ནག་ཏུ་རུས་སྐྱོན་སོག་ལེས་བཅད་པའི་ལག་ལེན་དེ་མིང་རྒྱལ་རབས་སྐབས་སུ་ལག་ལེན་བསྟར་བར་བཤད་པས་ད་བར་ལོ་གྲངས་༦༣༥ལྷག་ལས་ཕྱིན་མེད་དེ་རྒྱུ་མཚན་ནི། མིང་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཧུང་ཝུ་༡༣༦༨ལོར་རྒྱལ་སར་འགོད་པར་རྒྱ་ནག་གི་དེབ་ཐེར་དག་ལས་བཤད། དེས་ན་རྒྱ་ནག་སྨན་པས་རུས་སྐྱོན་བཅད་པའི་ལག་ལེན་དེ་བོད་ལས་༡༩༨༥ལྷག་ཙམ་ཕྱི་བ་ཡོད། དེ་བཞིན་ཡོ་རོབ་གླིང་དུ་དུས་རབས་བཅུ་བཞི་པར་དབྱིན་ཇིའི་སྨན་པ་མཁས་ཆེན་འཇོ་འོན་ཨ་ཏན་ཞེས་པས་རུས་པ་སྐྱོན་ཅན་བཅད་ནས་གཞུག་དགོས་པའི་འདོད་ཚུལ་བཏོན་པ་དང་། དེའི་རྗེས་སུ་ལག་ལེན་དངོས་སུ་བསྟར་ནས་ལོ་༦༠༠ལྷག་ཙམ་ལས་ཕྱིན་མེད་པར་འཁོད་ཡོད། དེས་ན་བོད་ལས་ལོ་༡༥༠༠ལྷག་ཙམ་ཕྱི་བ་ཡོད་དོ། །
༢ བོད་ཀྱི་བཙན་པོའི་རྒྱལ་རབས་སུམ་ཅུ་པ་འབྲོང་སྙན་ལྡེ་རུའི་སྐུ་དུས་ཀྱི་བོད་སྨན་གཤག་ལས་ཀྱི་བྱུང་བ་བརྗོད་པ།
བོད་ཀྱི་བཙན་པོའི་རྒྱལ་རབས་སུམ་ཅུ་པ་འབྲོང་སྙན་ལྡེ་རུའི་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་མོ་མཚོ་ལ་སྲས་དམུས་ལོང་ཞིག་སྐུ་བལྟམས་པས་མཚན་ལ་དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་བཏགས། ཡབ་གཤེགས་ཁར་སྲས་ལ་ཞལ་ཆེམས་སུ་ཡབ་མེས་ཀྱི་ཐུགས་དམ་གཉན་པོ་གསང་བ་ལ་མཆོད་པ་གྱིས།རྒྱལ་ཕྲན་འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ་ནས་རྒྱལ་སྲིད་ཟུངས་ཤིག་གསུངས། སྲས་དགོང་ལོ་ལྔརཕེབས་དུས་ཡབ་ཀྱི་བཀའ་བཞིན་བོད་ཤར་ཕྱོགས་ཀྱི་རྒྱལ་ཕྲན་འ་ཞའི་ཡུལ་ནས་འ་ཞ་རྗེ་ཞེས་བྱ་བའི་སྨན་པ་བོས་ཏེ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་ཡང་ཐོག་ཏུ་སྦྱན་ལ་གཤག་བཅོས་བྱས་པས། གཤག་བཅོས་ལེགས་གྲུབ་བྱུང་ནས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་གྱིས་རྩྭ་ཟ་བ་གཟིགས་ཐུབ་པའི་སྦྱན་ཤིན་ཏུ་གསལ་བར་གྱུར།དེའི་ཚུན་རྒྱལ་པོའི་མཚན་བསྒྱུར་ཏེ་སྟག་རི་གཉན་གཟིགས་ཞེས་གསོལ། སྟག་རི་གཉན་གཟིགས་ནི་བོད་ལྕགས་བྱ་སྟེ་༥༨༠ལོར་འཁྲུངས་པར་འདོད་པས་ད་བར་ལོ་༡༤༢༣ཕྱིན་པའི་ཡིག་ཐོག་ཏུ་འཁོད་པའི་ལོ་རྒྱུས་ཡོད། དེར་བརྟེན་འཛམ་གླིང་ཐོག་མིག་ནད་བར་འགྲིབ་ལ་ཐུར་མས་གཤག་བཅོས་བྱེད་སྔ་ཤོས་དེ་བོད་ཀྱི་སྨན་པ་ཡིན་ཞེས་བརྗོད་ཆོག་སྟེ་རྒྱུ་མཚན་ནི། རྒྱ་ནག་གི་སྨན་པས་སྤྱི་ལོ་༦༢༤ལོར་མིག་ནད་བར་འགྲིབ་ལ་གཤག་བཅོས་བྱས་པར་བཤད་པས་ད་བར་ལོ་༡༣༧༩ལས་ཕྱིན་མེད་ཅིང་། བོད་ལས་ལོ་༣༩ཕྱི་བ་ཡོ་ཡོད་པ་དང་། ནུབ་ཕྱོགས་གསོ་རིག་པས་མིག་ནད་བར་འགྲིབ་ལ་གཤག་བཅོས་དུས་རབས་བཅོ་བརྒྱད་པའི་ནང་བྱས་པར་འཁོད་པས་བོད་ལས་ལོ་༡༡༡༥ལྷག་ཙམ་ཕྱི་བ་ཡོད་པའོ། །
༣ བོད་ཀྱི་བཙན་པོའིརྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་བོད་སྨན་གཤག་ལས་ཀྱི་བྱུང་བ་བརྗོད་པ།
བོད་ཀྱི་བཙན་པོའི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནི་བོད་ཀྱི་ཆབ་སྲིད་དང་། དམག་དོན། ནང་ཆོས། རིག་གནས། དཔལ་འབྱོར་བཅས་ཡར་ངོའི་ལྟར་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་པ་དང་། དེ་བཞིན་དུ་བོད་ཀྱི་སྨན་དང་དཔྱད་ཀྱི་བསྟན་པ་དབྱར་མཚོ་ལྟར་དར་ཞིང་རྒྱས་པའི་དུས་སྐབས་ཤིག་ཀྱང་ཡིན། རྒྱལ་པོའི་འདིའི་བླ་སྨན་པ་ཡང་ཡིན་པའི་རླབས་ཆེན་གྱི་བོད་སྨན་མཁས་ཆེན་དང་། བོད་ཡུལ་གསོ་དཔྱད་ཀྱི་གཞུང་རྩ་བ་དཔལ་ལྡན་རྒྱུད་བཞིའི་མཛད་པ་པོ་ཡང་ཡིན་པའི་གངས་ཅན་སྨན་པའི་རྒྱན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགོང་ལོ་ལྔ་བཅུ་ང་བདུན་སྟེ་སྤྱི་ལོ་༧༦༩ལོར་ཁ་ཆེའི་ཡུལ་དུ་ཕེབས་ནས་ཁ་ཆེ་རྒྱལ་པོའི་བློན་པོ་སེང་གེ་སྦས་པའི་ཀླད་པའི་རྒྱ་དར་སྟེང་དུ་ལྷུངས་པའི་རྣག་ཁྲག་ཕྱིར་ཕྱུངས་པ་དང་་།མགོ་བོ་རུས་ཚབ་གཞུག་པའི་ལོ་རྒྱུས་མཆིས་ཏེ། ལུང་དམར་མགོན་པོ་རིན་ཆེན་གྱིས་མཛད་པའི་སྨན་བླའི་རྣམ་སྤྲུལ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་ཚིགས་སུ་བཅད་པ་དད་པ་དང་དང་བ་འདྲེན་པའི་ལྕགས་ཀྱུ་ལས།དགོང་ལོ་ང་བདུན་བཞེས་པའི་ཚེ། །ནུབ་ཕྱོགས་ཁ་ཆེ་རྒྱལ་པོ་ཡིས། །བློན་ཆེན་སེང་གེ་སྤས་པ་ཡི། །མགོ་ཆག་གསོ་བར་གདན་འདྲེན་ཞུས། །མངའ་བདག་རྒྱལ་པོས་བཀའ་བསྩལ་བཞིན། །རྟ་པ་ཉེར་ལྔའི་གྲོགས་བཅས་བྱོན། །མགོ་ཐིག་རིན་ཆེན་གནད་འགྲེལ་ལྟར། །རུས་སྐྱོན་འདྲུལ་ཞིང་རུས་ཚབ་གཞུག །ཀླད་སྐྱོན་བསལ་ཞིང་རྒྱ་ཆིངས་མཛད། །ཟླ་གཅིག་ལོན་ཚེ་སྲོག་ཉེན་གྲོལ། །སྙན་གྲགས་ཁ་ཆེ་ཡུལ་ཀུན་ཁྱབ། །གླང་ཆེན་གཅིག་གིས་ཐོག་དྲངས་པའི། །ལྔ་ཚན་ཉེར་ལྔའི་འབུལ་བ་ཕུལ། །ཞེས་གསུངས་པའི་གཏན་ཚིགས་དེ་དག་ལ་གཞིགས་ན།དུས་སྐབས་རིང་པོ་དེ་འདྲའི་དུས་སུ་བོད་ཀྱི་སྨན་པས་མགོ་བོར་གཤག་བཅོས་བྱེད་པའི་ལག་རྩལ་མཐོ་པོ་དེ་ལྟ་བུ་ཡོད་པ་ནི་ཧ་ལས་དགོས་པ་ཞིག་ཡིན་ཏེ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་པ་ཡིན་ཅིང་ཡོངས་གྲགས་སུ་སྤྱི་ལོ་༧༠༨ལོར་འཁྲུངས་པར་འདོད་པས་ད་བར་མི་ལོ་༡༢༩༥སོང་ཡོད།ཁོང་དགོང་ལོ་ལྔ་བཅུ་ང་བདུན་ལ་ཕེབས་སྐབས་ཁ་ཆེ་རྒྱལ་པོའི་བློན་པོ་མགོ་རུས་ཚབ་གཞུག་པ་དང་། ཀླད་སྐྱོན་བསལ་བ་སོགས་མཛད་པ་ཡིན་པས་ད་བར་ལོ་༡༢༣༨ཕྱིན་ཡོད། སྐབས་དེ་དུས་རྒྱ་དཀར་ནག་གིས་གཙོས་པའི་འཛམ་གླིང་གི་གསོ་རིག་མཁས་པ་ཚོའི་སེམས་ལའང་འཆར་མི་ཐུབ་པའི་ཀླད་སྐྱོན་བསལ་བ་དང་། རུས་ཚབ་གཞུག་པའི་ཚད་མཐོའི་ལག་རྩལ་འདི་ལྟ་བུ་ནི་བོད་ཁོ་ནར་མ་གཏོགས་འཛམ་གླིང་གི་ཡུལ་གྲུ་གཞན་ལ་དར་མེད་པར་མངོན་ཏེ་རྒྱུ་མཚན་ནི། རྒྱ་ནག་གི་སྨན་པས་རུས་ཚབ་གཞུག་པའི་ལག་ལེན་དེ་སྤྱི་ལོ་༡༡༨༩ལོར་བྱས་པར་འཁོད་ཡོད་པས་བོད་ལས་ལོ་༤༩༩ཕྱི་བ་ཡོད་པ་དང་། ཡོ་རོབ་གླིང་གི་སྨན་པས་རུས་ཚབ་གཞུག་པའི་ལག་ལེན་ལེགས་གྲུབ་བྱུང་བ་ནི་སྤྱི་ལོ་༡༨༨༧ལོར་ཡིན་པ་འཁོད་ཡོད་པས་བོད་ལས་ལོ་༡༡༢༢ཕྱི་བ་ཡོད་དོ། །
གསུམ་པ། བོད་ཀྱི་གསོ་དཔྱད་ཀྱི་གཞུང་རྩ་བ་དཔལ་ལྡན་རྒྱུད་བཞིའི་ནང་འཁོད་པའི་གཤག་ལས་ཀྱི་སྐོར་མདོ་ཙམ་གླེང་བ།
བོད་ཀྱི་གསོ་དཔྱད་ཀྱི་གཞུང་རྩ་བ་དཔལ་ལྡན་རྒྱུད་བཞི་ནི། རླབས་ཆེན་གྱི་བོད་སྨན་མཁས་ཆེན་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གཉིས་ཀྱིས་བོད་ཡུལ་དུ་དར་བའི་གསོ་དཔྱད་ཐམས་ཅད་ཀྱི་སྙིང་བཅུད་ཕྱོགས་བསྡུས་མཛད་པའི་མན་ངག་སྣ་ཚོགས་ཀྱི་བེ་བུམ་ཆེན་པོ་ཞིག་ཡིན། གཞུང་ལུགས་ཆེན་མོ་དེ་ནི་བོད་མི་རིགས་ཀྱི་ཤེས་རིག་དང་དཔལ་ཡོན་དར་བ་མཚོན་བྱེད་ཀྱི་ལམ་ཚད་རྡོ་རིང་ཆེན་མོ་ཞིག་ཡིན་ལ་འཛམ་གླིང་མི་རིགས་ཡོངས་ཀྱིས་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་བའི་རིན་ཐང་གཞལ་བར་དཀའ་བའི་སྤྱི་ནོར་ཆེན་མོ་ཞིག་ཀྱང་ཡིན། དེ་ལྟ་བུའི་གཞུང་ལུགས་དེར་གཤག་ལས་དང་འབྲེལ་བ་ཡོད་པའི་བརྗོད་བྱ་ཧ་ཅང་མང་པོ་བསྟན་ཡོད་དེ། རྒྱུད་ཆེན་དུམ་བུ་གཉིས་པ་བཤད་པའི་རྒྱུད་ནང་གཤག་བཅོས་ཀྱི་ལག་ཆའི་སྐོར་ཟུག་རྔུ་བརྟག་པའི་ཆ་བྱད་བཅུ་བཞི་དང་། སྐམ་པ་དྲུགགཙག་བུ་དྲུགཐུར་མ་དགུ། ཕྲན་བུ་ཆ་བྱད་ཉེར་གཅིག་བཅས་བསྟན་ཡོད་པར་མ་ཟད།དེ་དག་དབྱིབས་དང་། རིང་ཐུང་། ཕྲ་སྤོམ་བཅས་ཀྱི་ཚད་བཅས་གསལ་པོར་གསུངས་ཡོད། དེའི་ནང་གི་ལག་ཆ་འགའ་ཞིག་ནི་སྐབས་དེའི་བཟོ་ལས་ཡར་རྒྱས་ཕྱིན་མིན་ཙམ་ལས་དེང་དུས་གསོ་རིག་གི་གཤག་བཅོས་ལག་ཆ་དང་ཆེས་འདྲ་བའམ་གཅིག་མཚུངས་ཡིན་ཞེས་བརྗོད་ཆོག དེ་བཞིན་དུ་རྒྱུད་ཆེན་དུམ་བུ་བཞི་བ་ཕྱི་མའི་རྒྱུད་ནང་དཔྱད་ལྔའི་ལོག་གནོན་ཐུར་མའི་དཔྱད་ལ་ཐུར་མ་བརྡེག་རུང་བའི་ནད་དང་། བརྡེག་མི་རུང་བའི་ནད། ཐུར་མའི་དབྱིབས། ཐུར་མའི་གསང་ས། ཐུར་མའི་དབྱེ་བ། ཐུར་མའི་ཆོ་གཐུར་མའི་བརྡེག་ཐབས།ཐུར་མའི་ལག་ཚོད། ཐུར་མའི་འཆི་རྟགས། ཐུར་མའི་ལོག་གནོན། ཐུར་མའི་ཕན་ཡོན་བཅས་ས་བཅད་བཅུ་གཅིག་གི་སྒོ་ནས་རྒྱས་བཤད་གསུངས་ཡོད། ལྷག་པར་དུ་རྒྱུད་ཆེན་དུམ་བུ་གསུམ་པ་མན་ངག་རྒྱུད་ནང་གཤག་ལས་དང་འབྲེལ་བའི་ལེའུ་ལྔ་བཀོད་ཡོད་ཅིང་དེས་རྒྱུད་བཞིའི་དྲུག་ཅ་གཅིག་ལྷག་ཙམ་ཟིན་ཡོད། དེའི་ནང་གི་ནང་དོན་ཐད་མགོ་དང་བྱང་ཁོག་ལ་ཐིག་བཏབ་ནས་ནང་གི་དོན་ལྔ་དང་། སྣོད་དྲུག ཀླད་པ་བཅས་ཀྱི་གནད་གསང་རྟོགས་པའི་ཐབས་བསྟན་ཡོད་པར་མ་ཟད། གཞན་ཡང་ཤ་རུས་ཆུ་རྒྱུས་ཀྱི་གནས་ལུགས་དང་། རྩ་དཀར་ནག་གི་གནས་ལུགས། དོན་སྣོད་ཀྱི་གནས་ལུགས། ཀླད་པའི་གནས་ལུགས་བཅས་རྒྱས་བཤད་གནང་ཡོད་ལ་གནད་དོན་མང་པོའི་ཐད་དེང་དུས་གསོ་རིག་དང་འདྲ་མཚུངས་གསུངས་ཡོད་ཅིང་།གནད་དོན་རེ་འགའི་ཐད་དེང་དུས་གསོ་རིག་ལས་ཞིབ་ཆ་ཆེ་ཞིང་ཁ་གསལ་བར་གསུངས་ཡོད། བཅོས་ཐབས་ཐད་མགོ་བོའི་རུས་སྐྱོན་དྲ་བཅོས་བྱ་ཐབས་དང་། ཀླད་པའི་དར་སྟེང་གི་ཁྲག་ངན་ཆུ་སེར་དབྱུང་ཐབས། མགོ་བོར་རུས་ཚབ་གཞུག་ཐབས།ཆད་པ་མཐུད་ཐབས། ཆག་པ་བཅིངས་ཐབས། རལ་བཙེམས་ཐབས་སོགས་ཞིབ་ཕྲ་གསུངས་ཡོད།དཔལ་ལྡན་རྒྱུད་བཞིའི་ནང་དུ་གཤག་ལས་དང་འབྲེལ་བའི་གཞུང་ལུགས་རྒྱས་བཤད་དེ་ལྟ་བུ་གནང་བའི་རྒྱུ་མཚན་ནི། སྔོན་དུས་བོད་ཀྱི་བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་སྐུ་རིང་ལ་དྲག་པོའི་གཡུལ་འགྱེད་ཀྱི་ཐབས་ལ་བརྟེན་ནས་མཐའ་བཞིའི་རྒྱལ་ཕྲན་ཐམས་ཅད་མངའ་འོག་ཏུ་བསྡུས་ཏེ་སྦུ་རྒྱལ་བཙན་པོའི་རྒྱལ་ཁབ་གཅིག་གྱུར་ཅན་བཙུགས་པར་མ་ཟད། རང་གི་མངའ་ཐང་རིམ་བཞིན་རྒྱ་བསྐྱེད་བྱས་ཏེ་རྒྱ་གར་དང་། རྒྱ་ནག་སོགས་མཐའ་བཞིའི་རྒྱལ་ཁབ་གཞན་ལ་དྲག་པོ་གཡུལ་འགྱེད་གྱི་བྱ་བ་ལོ་མང་བྱས་རྐྱེན་རང་ཕྱོགས་ཀྱི་དམག་དཔུང་ལ་མཚོན་ཆའི་འཇིགས་པ་དུ་མ་འཕྲད་པར་གྱུར་བ་དག་གསོ་བའི་ཆེད་དུ་བོད་སྨན་མཁས་པ་ཚོས་རྒྱུན་རིང་པོར་ཆེད་ལས་འདིར་དམིགས་བསལ་ཉམས་ཞིབ་བྱས་པའི་ཕྱོགས་བསྡོམས་ཆེན་པོ་ཞིག་ཀྱང་ཡིན་ནོ། །
བཞི་པ། བོད་སྨན་གྱི་གཤག་ལས་དང་འབྲེལ་བའི་དཔེ་རིས་ཤོག་བཀྲར་དུས་ནམ་ཙམ་བཀོད་པའི་སྐོར་རགས་ཙམ་གླེང་བ།
བོད་ཀྱི་སྨན་དཔྱད་གཞུང་དང་འབྲེལ་བའི་དཔེ་རིས་ཤོག་བུའམ་རས་གཞིར་བཀོད་པའི་འབྲི་སྲོལ་དང་པོ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགོང་ལོ་ཞེ་གཅིག་ཐོག་སྟེ་སྤྱི་ལོ་༧༤༩ཕེབས་སྐབས་དགག་སྣང་གཟིགས་ཚུལ་གྱིས་རྐྱེན་བྱས་ཏེ་རྩ་རྒྱུད་སྡོང་འགྲེམས་དང་། བཤད་རྒྱུད་སྡོང་འགྲེམས་ཀྱི་དཔེ་རིས་མཐིང་ཤོག་ངོས་སུ་གསེར་ཞུན་མས་ཤོག་བཀྲར་བཀོད་པ་དེ་ཡིན་པར་གྲགས། དཔེ་རིས་དེ་བྲིས་ནས་ད་བར་ལོ་༡༢༥༩ཕྱིན་ཡོད། དེ་ནས་རིམ་བཞིན་བྱང་ཁོག་ཡུལ་ཐིག་སོགས་འཁོད་པའི་རོ་བཀྲའི་དཔེ་རིས་ཤོག་བཀྲ་དང་། སྨན་གྱི་དཔེརིས་ཤོག་བཀྲ་བཅས་འགོད་གནང་མཛད་པའི་ལོ་རྒྱུས་མཆིས། དཔེ་རིས་དེ་དག་ནི་འཛམ་གླིང་ཐོག་གི་ཆེས་སྔ་ཤོས་ཡིན་པའི་སྨན་དང་། དཔྱད་ཀྱི་དཔེ་རིས་ཡིན་ཞེས་བརྗོད་མཆོག་དེ་རྗེས་བི་ཇིའི་གུདང་བརྒྱུད་ཀྱིས་བཀོད་པའི་རོ་བཀྲའི་དཔེ་རིས་ཀྱི་ཤོག་བཀྲ་དང་། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བཀོད་པའི་བྱང་ཁོག་ཡུལ་ཐིག་གི་དཔེ་རིས་ཤོག་བཀྲ་དང་། རྩ་དཀར་ནག་གི་དཔེ་རིས་ཤོག་བཀྲ། གཏར་དམིགས།མེ་གསང་། ཐུར་གསང་བཅས་ཀྱི་དཔེ་རིས་ཤོག་བཀྲ། བྲང་ཏི་པའི་གདུང་རྒྱུད་ཀྱིས་བཀོད་པའི་རུས་པ་ཆག་ཆིངས་དཔེ་རིས་ཤོག་བཀྲ་དང་། སྨན་གྱི་དཔེ་རིས་ཤོག་བཀྲ། བྱང་ལུགས་དང་ཟུར་ལུགས་མཁས་པས་བཀོད་པའི་ཤ་གནད།རུས་གནད། རྒྱུས་གནད། རྩ་གནད། བྱང་ཁོག་ཡུལ་ཐིག་སོགས་ལུས་ཀྱི་དཔེ་རིས་ཤོག་བཀྲ་དང་། སྨན་གྱིཚ་དཔེ་རིས་ཤོག་བཀྲ་སོགས་བོད་ཀྱི་སྨན་དཔྱད་དང་འབྲེལ་བའི་གལ་ཆེའི་གནད་དོན་རྣམས་ཡིད་ལ་ངེས་བདེ་བ་དང་། གཞན་ལ་འཆད་བདེ་བ། ངོས་འཛིན་གཅིག་གྱུར་ཡོང་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་སྟབས་ཤོག་བུའི་ངོས་སམ་རས་གཞིར་དཔེ་རིས་འགོད་པའི་ལམ་སྲོལ་རྒྱུན་མ་ཆད་པར་བྱུང་འདུག དེ་རྗེས་བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲུལ་ལོ་སྟེ་སྤྱི་ལོ་༡༦༥༣ལོར་སྐུ་འཁྲུངས་པའི་མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྔ་རབས་བོད་སྨན་མཁས་པས་བཀོད་པའི་དཔེ་རིས་ཤོག་བཀྲ་ཡོད་དོ་ཅོག་འཚོལ་བསྡུ་མཛད་པའི་རྨང་གཞིའི་ཐོག ཁ་སྐོང་དགོས་རིགས་རྣམས་ཁོང་སྐུ་ངོ་མས་ཞལ་བཀོད་མཛད་དེ། བོད་སྨན་གྱི་གཞུང་ཧྲིལ་པོའི་ནང་དོན་དང་འབྲེལ་བའི་དཔེ་རིས་རྣམས་བོད་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ལོ་སྟེ་སྤྱི་ལོ་༡༦༨༢ལོར་སྐབས་དེའི་བོད་ཀྱི་མཁས་ཅན་ལྷོ་བྲག་ནོར་བུ་རྒྱ་མཚོས་སྐྱ་རིས་དང་སྣག་གནོན་མཛད། ལྷས་པ་དགེ་བསྙེན་གྱིས་ཚོན་མདངས་གསོལ།གནད་ཆེ་བ་འགའ་ཞིག་ལྷོ་བྲག་ནོར་སྨན་ཐང་པའི་སྐུ་སྐྱེ་བསྟན་འཛིན་ནོར་བུའི་ཕུང་པོ་དངོས་ལ་བལྟས་ནས་བྲི་རུ་བཅུག་གནང་སྟེ། ལོ་གཉིས་རིང་ཁྱོན་སྨན་ཐང་དྲུག་ཅུ་ཐམ་པ་གསར་བཞེངས་གནང་། དེའི་རྗེས་སུ་ཆུ་ལ་བརྟག་ཐབས་དང་། མེ་བཙའི་གསང་དམིགས།སྨན་གྱི་དཔེ་རིས་བཅས་འཁོད་པའི་སྨན་ཐང་བཅུ་དགུ་བོད་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ་༡༧༠༣ལོར་བཞེངས་གྲུབ་པ་བཅས་ཁྱོན་བསྡོམས་སྨན་ཐང་བདུན་ཅུ་དོན་དགུ་གསར་བཞེངས་མཛད། དེ་ནི་བོད་སྨན་ལོ་རྒྱུས་ཐོག་གི་ཆ་ཚང་ཤོས་ཡིན་པའི་བོད་སྨན་གྱི་ཤོག་བཀྲ་ཀུན་འདུས་ཆེན་མོའམ་སྨན་ཐང་ཀུན་འདུས་ཆེན་མོ་ཡིན་ལ།འཛམ་གླིང་གི་ཐོག་ཏུ་མཐོང་དཀོན་པའི་གཟུགས་བརྙན་སློབ་ཁྲིད་ཀྱི་དཔེ་རིས་ཕྱི་མོ་ཡིན་ཞེས་བརྗོད་ཆོག འོན་ཀྱང་སྨན་ཐང་གི་བྲིས་ཆའི་ནང་སྙིང་གི་རྩེ་མོ་རྟེན་འབྲེལ་དབང་དུ་གྱེན་ལ་བསྟན་ནས་བྲིས་པ་དེར་རྒྱུ་མཚན་མི་ཤེས་མཁན་འགའ་ཞིག་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་སྙིང་ངོས་འཛིན་གསལ་བོ་མ་མཆིས་ཟེར་བ་དང་། དེ་བཞིན་སྨན་ཐང་གི་བྲིས་ཆའི་ནང་གི་དོན་སྣོད་དང་། ཀེང་རུས། རྩ་དཀར་ནག་སོགས་ཀྱི་དཔེ་རིས་རི་མོ་འབྲི་མཁན་གྱིས་ཇི་བཞིན་འབྲི་མི་ཐུབ་པའི་སྐྱོན་འགའ་ཞིག་ལ་བརྟེན་ནས་བོད་ཀྱི་གསོ་རིག་ལ་དོན་སྣོད་དང་། ཀེང་རུས། རྩ་དཀར་ནག་སོགས་ངོས་འཛིན་གསལ་པོ་མེད་པའི་བསྙད་འདོགས་སྐྱོན་འཛུགས་བྱེད་མཁན་ཡང་མཆིས་ཀྱང་དེ་ནི་མ་བརྟག་པའི་གཏམ་ཡིན་ཏེ། དང་པོའི་རྒྱུ་མཚན་ནི། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་དྲིན་ལན་རབ་གསལ་མེ་ལོང་ལས།བྱང་ཁོག་ཡུལ་ཐིག་འཆད་པའི་སྐབས། །སྙིང་རྩེ་གྱེན་དུ་བསྟན་པ་ནི། །ཀུན་རྫོབ་བློ་ཡི་སྣང་ངོར་དང་། །བསྟུན་ནས་རྟེན་འབྲེལ་དབང་དུ་གསུངས། །གཞན་དུ་ཕོ་མོ་ཁྱད་མེད་པར། །སྙིང་རྩེ་ལུས་གཡོན་ཐུར་དུ་བསྟན། །ཕྱི་རྒྱུད་རྩ་མདོ་གསུངས་པའི་སྐབས། །སྙི་རྩེ་ཕོ་གཡོན་མོ་གཡས་སུ། །གསུངས་པ་སྙིང་གི་ཡིད་འཇུག་གི།རྩ་ཡི་རྩེ་མོ་ཐབས་ཤེས་དབང་། །ཕོ་གཡོན་མོ་གཡས་བསྟན་ཕྱོགས་ཀྱི། །རླུང་ཁྲག་དེའི་ཕྱོགས་བཞུར་བ་ལ། །དགོངས་ནས་དེ་ལྟར་གསུངས་པ་ལས། །གཞན་མ་ཕོ་མོ་གོ་ལྡོག་པའི། །སྙིང་གི་གནས་སྟངས་དབྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པའི་རྒྱུ་མཚན་ནི།བོད་ཀྱི་སྨན་ཐང་ནི། བོད་ཀྱི་སྨན་པས་བྲིས་པ་མ་ཡིན་པར་བོད་ཀྱི་རི་མོ་མཁས་པས་བྲིས་སྟབས་སྨན་དཔྱད་ཀྱི་དོན་དང་དེའི་མཚོན་བྱེད་ཀྱི་རི་མོའི་དབར་ཧེ་བག་ཅུང་ཡོད་སྲིད་ལ།དེར་མ་ཟད་བོད་ཀྱི་རི་མོ་ནི་གཟུགས་བརྙན་མཚོན་བྱེད་ཀྱི་རི་མོའི་འབྲི་སྲོལ་ཞིག་ཡིན་པ་ལས་དེང་སྐབས་དར་ཁྱབ་ཆེ་བའི་གཟུགས་བརྙན་འདྲ་བཤུས་ཀྱི་རི་མོའི་འབྲི་སྲོལ་མ་ཡིན་པས་རྒྱུ་མཚན་དེས་བོད་ཀྱི་སྨན་དཔྱད་ལ་ནམ་ཡང་བསྙོན་འཛུགས་བྱེད་མི་ཐུབ་པོ། །
ལྔ་པ། བོད་སྨན་གྱི་གཤག་ལས་ཉམས་འགོ་ཚུགས་པའི་དུས་དང་། ཉམས་པའི་རྒྱུ་མཚན་བསྟན་པ།
བོད་མེ་སྟག་ལོ་སྟེ་རབ་བྱུང་དང་པོ་མ་ཤར་སྔོན་གྱི་ལོ་༡༢༡(སྤྱི་ལོ་༩༠༦)ལོར་ལྷ་ལུང་དཔལ་རྡོར་གྱིས་བོད་ཀྱི་བཙན་པོའི་རྒྱལ་རབས་ཞེ་གཉིས་པ་རྒྱལ་པོ་ཨུ་དུམ་བཙན་ནམ་གླང་དར་མ་བཀྲོངས། དེ་ནས་བཟུང་བོད་སིལ་བུར་གྱུར་ཏེ་རིམ་བཞིན་ས་ཁུལ་བཅད་བཟུང་དང་འབངས་གྱེན་ལོག་བྱས་རྐྱེན་བོད་ཀྱི་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར། དམག་དོན། རིག་གནས་སོགས་ཕྱོགས་གང་ཐད་ནས་ཉམས་རྒུད་ཚབས་ཆེན་ཕྱིན།གསོ་དཔྱད་སྐོར་ལ་མཁས་པ་འགའ་ཞིག་གིས་སྔ་དར་དང་། ཕྱི་དར་ཞེས་འདོགས་མི་དགོས་པར་སྲོང་བཙན་ནས་ད་ལྟའི་བར་རྒྱུན་ཉམས་མ་མྱོང་ཞེས་གསུངས་ནའང་བོད་སིལ་བུར་གྱུར་རྗེས་བོད་ཀྱི་བསྟན་པ་སྤྱི་དང་འདྲ་བར་གསོ་དཔྱད་ལའང་ཕྱོགས་ལྔའི་སྒོ་ནས་ཉམས་རྒུད་འགྲོ་བའི་འགོ་ཚུགས་པར་མངོན་ཏེ། ༡ གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་བཙན་བར་གྱི་རྒྱལ་རབས་སོ་སོར་བོན་གྱི་བླ་སྨན་པ་རེ་རེ་ཡོད་པ་དང་། ཐོ་རི་སྙན་ཤལ་ནས་གླང་དར་མའི་བར་གྱི་བཙན་པོའི་རྒྱལ་རབས་སོ་སོར་དུང་གི་ཐོར་ཅོག་ཅན་ནས་བརྒྱུད་པའི་གཡུ་ཐོག་པའི་གདུང་རབས་ཀྱི་བླ་སྨན་པ་རེ་རེ་ཡོད་པའི་སྲོལ་དེ་བོད་སིལ་བུར་གྱུར་ནས་རྒྱུན་ཆད་སྟབས་ཆབ་སྲིད་ཐོག་གི་རྒྱབ་བརྟེན་པར་གྱུར་པ། ༢ བོད་སིལ་བུ་གྱུར་རྗེས་དམག་དོན་གྱི་སྟོབས་ཤུགས་ཉམས་པར་གྱུར་པས་བོད་ཀྱི་གཤག་ལས་རིག་པར་ཡང་ཤུགས་རྐྱེན་ཐེབས་ཏེ་རིམ་བཞིན་བག་ཞ་ནས་ལག་ལེན་གྱི་རྒྱུན་ཉམས་པར་གྱུར་པ། ༣ དུས་སྐབས་དེའི་རྗེས་སུ་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནས་བརྒྱུད་པའི་སྨན་འཕྲེང་གི་ཉམས་ལེན་དང་། བདུད་རྩི་སྨན་སྒྲུབ་སོགས་གསོ་དཔྱད་དང་འབྲེལ་བའི་གདམས་ངག་འགངས་ཆེན་འགའ་ཞིག་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་མ་ཕེབས་བར་གྱི་དུས་སྐབས་ཤིག་རིང་རྒྱུན་ཆད་པར་གྱུར་པ། ༤ བོད་རབ་བྱུང་དང་པོ་མ་ཤར་སྔོན་གྱི་ཆུ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༠༡༢ལོར་འཁྲུངས་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་གྱིས་ཁོང་གི་སློབ་དཔོན་གཟུས་སྙིང་ཆུ་བསགས་པ་ལ་སྙིང་ཐུར་འཕངས་པས་ཐུར་ལོག་སོང་སྟེ་སྐུ་གཤེགས་པའི་རྐྱེན་བྱས་ནས་སྙིང་ལ་ཐུར་མ་འཕེན་པའི་ལག་ལེན་བྱེད་མ་ཕོད་པར་རྒྱུན་ཆད། ད་ལྟ་ཕྱག་ལེན་གྱི་རྒྱུན་བཞུགས་པ་ནི་མིག་ནད་བར་འགྲིབ་ལ་ཐུར་མ་འཕེན་པ་སོགས་ལས་ཆ་ཚང་བའི་ཐུར་དཔྱད་ལག་ལེན་རྒྱུན་མ་བཞུགས་ཞེས་གོང་སྨན་དཀོན་མཆོག་བདེ་ལེགས་དང་དེའུ་དམར་བསྟན་འཛིན་ཕུན་ཚོགས་སོགས་ཀྱིས་གསུངས། རྒྱུ་མཚན་དེ་དག་གཞིགས་ན་དུས་སྐབས་དེ་ནས་བོད་སྨན་གྱི་གཤག་ལས་ཉམས་འགོ་ཚུགས་པར་མངོན། ༥ བོད་སྤྱི་ལ་དབང་བའི་བཙན་པོའི་རྒྱལརབས་ཐོར་རྗེས་མངའ་རིས་ལོ་ཆེན་རིན་ཆེན་བཟང་པོ་དང་། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་སོགས་བོད་སྨན་མཁས་པ་ཉུང་ཤས་ཤིག་རྒྱ་གར་དུ་གསོ་དཔྱད་སློབ་གཉེར་གནང་བར་ཕེབས་པ་ལས་ཡུལ་གྲུ་གཞན་དུ་དེ་ཙམ་ཕེབས་ཐུབ་མེད་ལ། ཡན་ལག་བརྒྱད་པའི་རྩ་འགྲེལ་སོགས་རྒྱ་གར་གྱི་གསོ་དཔྱད་གཞུང་ཁོ་ན་བོད་ཡིག་ཏུ་བསྒྱུར་བ་ལས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐུ་རིང་ལྟར་ཡུལ་གྲུ་གཞན་གྱི་གསོ་དཔྱད་ཀྱི་གཞུང་ལུགས་བོད་ཡིག་ཏུ་བསྒྱུར་ཐུབ་མེད། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་གཞན་ནས་གསོ་དཔྱད་མཁས་པ་མང་པོ་གདན་དྲངས་ཏེ། ཕྱོགས་གཅིག་ཏུ་གདན་འཛོམས་ནས་གསོ་རིག་གསོ་རིག་བགྲོ་གླེང་གནང་བའི་དེ་སྔོན་གྱི་ལམ་སྲོལ་དེ་སྔོམོན་གྱི་ལམ་བཟང་པོ་རྒྱུན་ཆད་པ་བཅས་ཀྱིས་བོད་ཀྱི་གསོ་དཔྱད་གོང་འཕེལ་འགྲོ་བར་ཤུགས་རྐྱེན་ངན་པ་ཐེབས་ཡོད། གོང་དུ་སྨོས་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་སྨན་གྱི་བསྟན་པ་སྤྱི་དང་བྱེ་བྲག་གཤག་ལས་ལ་ཉམས་རྒུད་ཆེན་པོ་གྱུར། དེ་རྗེས་ལོ་ཆེན་རིན་ཆེན་བཟང་པོ་དང་། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། བྱང་ཟུར་གཉིས་སོགས་གསོ་དཔྱད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དུ་མ་བྱོན་ཏེ་གསོ་དཔྱད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དང་། ཁྱད་པར་དུ་བོད་རབ་བྱུང་གཉིས་པའི་མེ་རྟ་ལོ་སྟེ་སྤྱི་ལོ་༡༡༢༦ལོར་སྐུ་འཁྲུངས་པའི་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་གསོ་དཔྱད་ཀྱི་བསྟན་པ་ཉམས་ནས་རྨང་ནས་གསོས་ཏེ་ཤིང་སྐམ་ལ་མེ་འབར་བ་ལྟར་སླར་དར་ཞིང་རྒྱས་པར་མཛད་ནའང་ཐུར་མའི་དཔྱད་དང་། རྨའི་སྐོར་གྱི་ལག་ལེན་འགའ་ཞིག་གཡུ་ཐོག་རྙིང་མའི་སྐུ་དུས་ལྟར་དར་རྒྱས་བྱུང་ཡོད་མེད་སྐོར་ལ་ངེས་ཤེས་རྙེད་པའི་ཚད་ལྡན་གྱི་ཡིག་ཆ་མ་མཇལ་བས་ཁ་ཚོན་གཅོད་ཐབས་བྲལ།
དྲུག་པ། མཇུག་བསྡུ་བ།
དེ་ལྟར་བོད་ཀྱི་གཤག་ལས་དང་འབྲེལ་བའི་རྩོམ་ཐུང་འདི་ཉིད་བོད་ཀྱི་གསོ་དཔྱད་ལ་སློབ་གཉེར་དང་།ཉམས་ཞིབ་གནང་མཁན་དག་ལ་མཛུབ་མོ་རི་སྟོན་ལྟར་ངོ་སྤྲོད་ཀྱི་ཚུལ་དུ་དམིགས་ཏེ་མདོར་བསྡུས་སུ་བཀོད་པ་ཡིན་ནོ། །འདིར་ནང་བཀོད་པའི་སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་ལོ་ཇི་ཙམ་སོང་བའི་སྐོར་ལ་བཞེད་པ་མི་འདྲ་བ་སྣ་ཚོགས་མཆིས་ཀྱང་། གནའ་རབས་བོན་གྱི་སྨན་པ་མཁས་ཆེན་དར་ལྡིང་གི་གཤེན་སྟོན་ཡེ་ཤེས་བླ་གྲོས་དང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་གཉིས་ཀྱི་བཞེད་པ་ལོ་རྒྱུས་དངོས་དང་མཐུན་ཆེ་བར་མངོན་པས་དེ་ལྟར་དུ་བཀོད་པ་ལགས།
བོད་ཀྱི་སྨན་དཔྱད་དབུ་ནམ་བརྙེས་ཀྱི་ལོ་རྒྱུས་ཐད་དེང་དུས་ཡོངས་གྲགས་སུ་ལོ་ཉིས་སྟོང་ལྷག་ཙམ་ཞེས་ངག་རྒྱུན་ལྟ་བུར་སྨྲ་ནའང་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་འཚམས་སྟབས་ཐམས་ཅད་མཁྱེན་པ་སྟག་ཚང་ལོ་ཙྭ་བ་ཤེས་རབ་རིན་ཆེན་དང་། མཁས་པའི་དབང་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོ།དེའུ་དམར་པཎ་ཆེན་བསྟན་འཛིན་ཕུན་ཚོགས་སོགས་ཀྱི་བཞེད་པ་ལྟར་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་དང་བསྟུན་ཏེ་ད་ལྟའི་བར་ལོ་༣༨༦༠སོང་བ་བཀོད་ཡོད།གཞན་རྩོམ་ཐུང་འདི་དང་འབྲེལ་བའི་ལོ་ཚིགས་རྣམས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་དེབ་ཐེར་སྔོན་པོ་སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁུངས་མ་དག་དང་སྒོ་བསྟུན་ཏེ་བཀོད་ཡོད་པ་བཅས་སོ། །
འདི་ཉིད་སྦྱར་བའི་རྣམ་དཀར་གྱི་དགེ་བ་ཅུང་ཟད་མཆིས་ཚེ། འཛམ་གླིང་ཡུལ་གྲུ་ཀུན་དུ་རྗེ་བཙུན་གཡུ་ཐོག་པའི་བསྟན་པ་དར་ཞིང་རྒྱས་ཏེ་རིས་སུ་མ་ཆད་པའི་འགྲོ་བ་མིའི་རིགས་ཀུན་བཞི་བརྒྱ་བཞིའི་ནད་ཀྱི་སྡུག་བསྔལ་ལས་ཡོངས་སུ་གྲོལ་ནས་ཆོས་དང་། ནོར། བདེ་བ་གསུམ་ལོངས་སུ་སྤྱད་ཐུར་པར་ཤོག་ཅིག
སྨྲས་པ།
འགའ་ཞིག་ལོ་རྒྱུས་ཐུང་ངུ་ཡིན་ཡང་བརྫུན་ཚིག་མང་བསྒྲིགས་རིང་པོ་བཅོས། །
འགའ་ཞིག་ལོ་རྒྱུས་རིང་པོ་མཆིས་ཀྱང་ཕྱོགས་ཞེན་དབང་གིས་ཉུང་ངུར་བྱས། །
འདི་ཉིད་གཉིས་ཀའི་ཕྱོགས་སུ་མ་ལྷུང་གཟུར་གནས་མཁས་པའི་གསུང་དཔང་པོར། །
བཀོད་དེ་ལོ་རྒྱུས་གསོང་པོར་སྨྲ་ལ་བསྟོད་དང་སྨད་པའི་རེ་དོགས་དབེན། །
འདི་བྲིས་ལྷག་བསམ་ཁ་བ་དུང་དང་པདམའིརྩ་ལྟར་དཀར་བ། །
གང་དེས་ནོར་འཛིན་ཁྱོན་ཀུན་བྷོ་ཊའི་གསོ་དཔྱད་བསྟན་པ་རབ་དར་ཏེ། །
ནམ་མཁའ་མཉམ་པའི་འགྲོ་ལ་ནམ་མཁའ་མཉམ་པའི་ཐོགས་འབྱུང་ཞེས་པའི། །
རྗེ་བཙུན་གཡུ་ཐོག་མ་འོངས་ལུང་བསྟན་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག །
ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་མིང་དང་སྨན་པའི་མིང་ཙམ་འཛིན་པ་དབང་འདུས་ཀྱིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ལུག་གི་ལོའི་ཟླ་བ་༨པའི་ཚེས་༨། རེས་གཟའ་པ་སངས། རེས་འགྲོགས་རྒྱུ་སྐར་སྣུབས། འཕྲོད་སྦྱོར་ས་ཆུ། སྦྱོར་བ་བརྟན་པ། སྤྱི་ལོ་༢༠༠༩ལོའི་ཟླ་བ་༡༠ཚེས་༣ཉིན་བོད་ཀྱི་ཡུལ་དབུས་ལྷ་སར་སྦྱར་བའོ། །
མཆན་འགྲེལ།
༡ སྟོན་པ་གཤེན་རབ་མི་བོ་ཆེ་ནི། འབྱུང་ལྡན་དང་པོའི་ཤིང་ཕོ་བྱི་བའི་ལོའི(སྤྱི་ལོའི་སྔོན་གྱི་ལོ༡༨༥༧)དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ཉིན་ཞང་ཞུང་འོར་མོ་ལུང་རིང་གི་ཕོ་བྲང་བར་པོ་སོ་བརྒྱད་ཀྱི་རྩེར་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་སྲས་སུ་སྐུ་འཁྲུངས། དགུང་ལོ་སོ་གཅིག་ལ་ཕེབས་དུས་སྨན་བླའི་ཞལ་གཟིགས་ཤིང་གསོ་དཔྱད་ཀྱི་བསྟན་པ་སྤེལ།དགུང་ལོ་བཅུ་དྲུག་ལ་ཕེབས་དུས་ཧོས་བཟའ་རྒྱལ་མེད་མ་སོགས་ཁབ་ཏུ་བཞེངས་པས་དཔྱད་བུ་ཁྲི་ཤེས་སོགས་གདུང་སྲས་བརྒྱད་བསྐྲུན།དགུང་ལོ་སོ་གཅིག་ཐོག་རབ་ཏུ་བྱུང་ནས་ཆོས་འཁོར་བསྐོར། གསོ་བྱའི་ནད་འབུམ་ནག་པོ་དང་། གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་གྱི་སྨན་འབུམ་དཀར་པོ་སོགས་བརྩམས་ནས་དཔྱད་བུ་ཁྲི་ཤེས་ལ་གཏད། ཡོངས་གྲགས་སུ་དགུང་ལོ་༨༢་བཞུགས་ཤིང་བོན་ལུགས་ཀྱི་བརྩི་སྲོལ་འགའ་ཞིག་ལྟར་ན་དགུང་ལོ་༨༢༠༠བཞུགས་པར་བཤད་དོ། །
༢ དར་ལྡིང་གི་གཤེན་སྟོན་ཡེ་ཤེས་བློ་གྲོས་ནི། བོན་རྙིང་མའི་རིང་ལུགས་འཛིན་པའི་བྲུ་ཞུ་་གཤེན་གསུམ་དང་།སྤ་རྨེའུ་ཁྱུང་གསུམ་བཅས་གདུང་རྒྱུད་རྒྱལ་པོ་དྲུག་གི་ཡ་གྱལ་དམུ་རིགས་གཤེན་གྱི་གདུང་དུ་ཡབ་དབོན་གསས་ཤེས་རབ་རྒྱལ་གྱི་སུ་རབ་བྱུང་༣་བའི་ཆུ་མོ་ཕག་གི་ལོ་སྟེ་སྤྱི་ལོ་༡༢༠༣ལོར་གཙང་གི་གཡས་རུ་བཞད་ཀྱི་དར་ལྡིང་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཤེས་རབ་ཀྱི་རྩལ་རྫོགས་པས་གཞུང་ལུགས་ཐ་དག་ལན་རེ་ཟུང་ཙམ་གསན་གཟིགས་མཛད་པས་ཚེགས་མེད་དུ་མཁྱེན།གྲུབ་པའི་རྟགས་མཚན་དུ་ནམ་མཁར་འཕུར་བ་དང་རྡོ་ལ་ཞབ་རྗེས་བཞག་པ་སོགས་མཛད། གཤེན་སུམ་སྟོན་བླ་མ་ལས་རབ་ཏུ་བྱུང་བ་དང་། གཤེན་སྟོན་བློ་གྲོས་རྒྱལ་མཚན་ལས་བསྙེན་རྫོགས་ཞུས་ཏེ་སྐུ་ཚེ་གང་པོའི་རིང་འདུལ་ཁྲིམས་མིག་འབྲས་ལྟར་ཉམས་མེད་བསྲུང་བས་གཡུང་དྲུང་བོན་གྱི་འདུལ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་འགྱུར། གཡུང་དྲུང་བོན་གཙོ་བོར་གྱུར་པའི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དུ་མ་སློབ་དཔོན་དུ་བསྟེན་པས་རིག་པའི་གནས་མཐའ་དག་ལ་མཁས་པའི་གོ་འཕང་བརྙེས་ཏེ་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཞེས་སྙན་པའི་གྲགས་པ་རབ་ཏུ་འབར།རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་སོགས་བསྟན་བཅོས་ལེགས་བཤད་རྨད་དུ་བྱུང་བ་མང་པོ་མཛད་དེ་བསྟན་རྒྱུན་གསོས་སུ་བཞག ངོ་མཚར་གྱི་བཟོ་བཀོད་བཅུ་གསུམ་དང་ལྡན་པའི་བཞད་ཀྱི་དར་ལྡང་གསེར་སྒོ་ཁྲ་མོ་སོགས་རྟེན་དང་བརྟེན་པ་དུ་མ་བཞེངས། གསུང་ལས་སྐྱེས་པའི་སློབ་མ་མཁན་ཆེན་དུ་མ་བསྐྲུན། རྣམ་མཐར་འགའ་ཞིག་ཏུ་དགུང་ལོ་༧༧བཞུགས་པར་བཤད། མཁས་པའི་དབང་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོ་དང་།གནས་ལྔ་རིག་པའི་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱིས་མཛད་པའི་གསོ་རིག་ཁོག་འབུགས་ནང་དུ་བོད་ཡུལ་དུ་མཚན་སྙན་ཡོངས་སུ་གྲགས་པར་གྱུར་བའི་སྨན་པ་བརྒྱ་དང་སོ་དགུའི་ནངཚན་དང་། གསོ་དཔྱད་ཀྱི་བསྟན་པའི་སྲོག་ཤིང་ལྟ་བུའི་སྨན་པ་དགུའི་ཡ་གྱལ་དུ་བཞག་གནང་མཛད་ཡོད།
༣ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི། བོད་རབ་བྱུང་བཅུ་བདུན་པའི་ཤིང་བྱ་སྟེ་༡༩༠༥ལོར་ཡང་འབྲོག་སྟག་ལུང་དུ་སྐུ་འཁྲུངས། དུས་ཀྱི་འཁོར་ལོའི་སྤྱི་དོན་ཆེན་མོ་དང་། རིག་གནས་ཀུན་ཤེས། གསོ་རིག་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་བཅས་ཀྱི་མཛད་པ་པོ་ཡིན།
༤ ཟུར་མཁར་བློ་གྲོས་རྒྱལ་པོ་ནི། བོད་རབ་བྱུང་དགུ་བའི་ས་སྤྲུལ་སྟེ་སྤྱི་ལོ་༡༥༠༦ལོར་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས།རྒྱུད་བཞི་གྲྭ་ཐང་དཔར་མའི་ཞུས་ཆེན་དང་། རྩ་བཤད་ཀྱི་འགྲེལ་ཆེན་མེས་པོ་ཞལ་ལུང་། ཤེས་བྱ་སྤྱིའི་ཁོག་འབུགས་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་བཅས་ཀྱི་མཛད་པ་པོ་ཡིན།
༥ འཛམ་གླིང་གནའ་བོའི་གསོ་རིག་ཆེན་པོ་བཞི་ནི། རྒྱ་གར་གྱི་གསོ་རིག་དང་། རྒྱ་ནག་གི་གསོ་རིགབོད་ཀྱི་གསོ་རིགཤི་ལའི་གསོ་རིག་བཅས་སོ། །
༦ ཕྱག་སྦལ་ནི། བརྡ་རྙིང་སྟེ་ནང་རྟེན་དང་ཡིག་ཆ་གལ་ཆེན་ཁག་བཞག་སའི་མཛོད་སྦུག་གི་མིང་ངོ་། །
༧ བཅད་འབྱོར་ཉི་ཤུ་ནི། རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། ཕག་གདོང་བཅད་འབྱོར་ཡུ་གུ་ཤིང་། །འུག་པ་བཅད་འབྱོར་སྟག་ཤ་པ། །གླ་བ་བཅད་འབྱོར་རྒུ་དྲུས་པ། །འཕྱི་བ་བཅད་འབྱོར་བྲག་ལྕམ་པ། །སྤྲེའུ་བཅད་འབྱོར་བོང་དཀར་བ། །སྤྲུལ་ནག་བཅད་འབྱོར་སྲད་སེར་བ། ། ཐང་དཀར་བཅད་འབྱོར་ཡུ་མོ་ཟྭ། །ཤ་བ་བཅད་འབྱོར་སྲོལ་གོང་བ། །ཅོ་ག་བཅད་འབྱོར་འབུ་སུ་ཧང་། །གོང་མོ་བཅད་འབྱོར་གང་གཱ་ཆུང་། །ཉ་མོ་བཅད་འབྱོར་ཆུ་ལོ་བ། །བྱ་རོག་བཅད་འབྱོར་ཆུ་ཚན་པ། ། མི་རྒོད་བཅད་འབྱོར་ལྡུམ་ལྕགས་གཅོད། །བྱ་ཝང་བཅད་འབྱོར་མ་ཏང་པ། །སྤྱང་ཐང་བཅད་འབྱོར་རྩྭ་ཨ་ཝ། །ངང་བ་བཅད་འབྱོར་ཁུར་མོ་བ། ། དོམ་ནག་བཅད་འབྱོར་ལྡུམ་དོམ་མཁྲིས། །སྟག་མོ་བཅད་འབྱོར་གུར་ཏིག་པ། །ཐང་སྨུག་བཅད་འབྱོར་གཟིག་མཇུག་པ། །གོང་མོ་བཅད་འབྱོར་ཁྲོག་ཆུང་བ། །ཞེས་གསུངས་པའི་ཉི་ཤུའོ། །
དཔྱད་རྩོམ་གྱི་དཔྱད་གཞིའི་ཡིག་ཆ།
༡ གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༢ གཡུ་ཐོག་གསར་རྙིང་གི་རྣམ་ཐར། ཇོ་བོ་ལྷུན་གྲུབ་བཀྲ་ཤིས། མི་རིགས་དཔེ་སྐྲུན་ཁང་།
༣ དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༤ ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་འཕྲེང་བ། མི་རིགས་དཔེ་སྐྲུན་ཁང་།
༥ རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས། གཤེན་སྟོན་ཡེ་ཤེས་བློ་གྲོས། དཔེ་རྙིང་བྲིས་མ།
༦ དབང་རིལ་ལག་ལེན་ཟབ་གསལ་སྙིང་ཐིག དེའུ་དམར་བསྟན་འཛིན་ཕུན་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༧ ཤེས་བྱ་སྤྱའི་ཁོག་འབུགས། ཟུར་མཁར་བློ་གྲོས་རྒྱལ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༨ ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༩ གསོ་རིག་གི་བྱུང་བ་སྲོང་པོ་བརྗོད་པ་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ། སྟག་ཚང་ལོ་ཙཱ་བ་ཤེས་རབ་ཆེན། དཔེ་རྙིང་བྲིས་མ།
༡༠ གཡུ་ཐོག་རྙིང་མའི་རྣམ་ཐར་དད་པ་དང་དང་བ་འདྲེན་པའི་ལྕགས་ཀྱུ། ལུང་དམར་མགོན་པོ་རིན་ཆེན། དཔེ་རྙིང་བྲིས་མ།
༡༡ བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༡༢ བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན། དཔལ་ལྡན་ཚུལ་ཁྲིམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༣ ཏུན་ཧོང་ནས་རྙེད་པའི་བོད་ཀྱི་གསོ་རིག་སྐོར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།
སྔ་མོ་བོད་ཀྱི་གསོ་རིག་སྨན་བཅོས་ཀྱི་ལོ་རྒྱུས་སམ་རིག་གཞུང་གཏིང་ཟབ་པོ་དེ་ཚོ་ཧ་ལས་པའི་སྔོན་ཐོན་རང་རེད་འདུག་ཐུགས་རྗེ་ཆེ་སྙན་པོ་འདུག་ལ་སྦྱིན་རླབས་ཡང་འདུག་ལ་གཟི་བརྗིད་ཡང་འདུག་བཀྲིན་ཆེ་། བོད་སིལ་བུའི་རྗེས་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པ་ནས་དེ་སྔའི་བོད་ཀྱི་རིག་གཞུང་དང་དཔལ་ཡོན་ཕྱུག་པོ་ཡོངས་རྫོགས་ཉམས་རྒུད་དུ་ཕྱིན་པ་ནི་བོད་མི་རིགས་ཀྱི་ལས་དབང་དུ་བསྐོས་པ་ནས་བློ་འགྱོད་བྱས་པས་ཅི་ལ་ཕན་། སརྦ་མ་གྷ་ལམ་