༼༡༨༩༡་དང་༡༨༩༢་ནང་། བོད་དང་སོག་པོ་བརྒྱུད་འགྲུལ་བཞུད་ཀྱི་ཉིན་ཐོ། ———ཝི་ལཱིན་ ཝོ་སྒྲུ་བིལ་ རོ་ཁུ་ཧིལ། Diary of a journey through Mongolia and Tibet in 1891 and 1892. by Willian Woodville Rockhil ཡིག་སྒྱུར་བ། ལྕང་སྐྱ་ཚེ་རིང་དོན་གྲུབ།༽
སྤྱི་ལོ་༡༨༩༡་ཟླ་༢་ཚེས་༡༢།
དེ་རིང་། ངས་ཉོ་ཅ་ཁ་ཤས་བརྒྱབ་པ་ཡིན། མང་ཤོས་དངོས་པོ་ཁྱད་མཚར་བོ་ཆུང་ཚགས་རེད། མཇུག་དེ་ལ་འགྲུལ་བཞུད་ཀྱི་འཚོ་བ་ལ་ཉེ་བར་མཁོ་བ་རྣམས་ཡིན། མི་མང་བོ་ཞིག་ང་ལ་ལྟ་རུ་ཐོན་སོང་། དུས་སྐབས་འདི་ལ་ང་རང་ཅི་ཞིག་གི་ཆེད་དུ་འདིར་ཡོང་དགོས་པ་ཤེས་འདོད་འདུག ཉིན་གུང་ལ་ང་རང་སྐུ་འབུམ་གྱི་ཁྲོམ་ར་སོང་བ་དང་དངོས་པོ་མཚར་བོ་རེད་ཐོབ་ཐབས་བྱས། ངས་ལྷ་ས་བ་མང་བོ་ཡང་མཐོང་བྱུང་། ཁོང་ཚོས་ཕྲེང་བ་ཚོན་ཕྲ་ཅན་རིགས་མང་བོ་དང་། ཁ་ཆེ་ཤ་སྐམ། སྨན། རྨ་བྱའི་སྒྲོ། སྤོས་སོགས་མང་བོ་བཙོང་བཞིན་འདུག སྨན་གྱི་ཁྲོད་དུ་ངས་བོད་མིས་ཙམ་པ་ཀ་ཞེས་འབོད་པ་དེ་མཐོང་བྱུང་། རྒྱ་ནག་སྐད་དུ་ཞོ་ལེན་ “ཁ་བའི་པདྨ་” ཕལ་ཆེར་སོན་འབྲུ་དེ་ཁ་བའི་འདབ་མ་འདྲ་བོ་ཡོད་སྟབས་ཡིན་རྒྱུ་རེད།
ངས་ཚོང་བ་ཚོ་དང་མཉམ་དུ་ཁ་བརྡ་བྱས་པ་ཡིན། ཁོ་ཚོའི་ཁ་ཤས་སྤྱི་ལོ་༡༨༨༩་ནང་ང་རང་འདིར་ཡོང་སྐབས་ཐུག་ཡོད། ཁོང་ཚོ་གྲོགས་པོའི་འདུ་ཤེས་དང་སྣང་བ་་སྐྱིད་པོ་འདུག ཁོང་ཚོའི་ཁྲོད་ཀྱི་མི་གཅིག་གི་ལག་པའི་ཐོག་ཁབ་གཙགས་རི་མོ་གཡང་དྲུང་འདུག ངས་ཁོང་གི་མདུན་ནས་ཤེས་པ་ནི། ཁོང་གི་ཕ་ཡུལ་དུ་འདི་ནི་སྤྱི་བཏང་མིན་པའི་མཛེས་རྒྱན་ཞིག་མ་རེད། ཁོས་བཤད་ན་ལྷ་ས་ཆོས་པ་(རྒྱ་གར་གྱི་ཨ་ཙ་ར)དེ་འདྲ་མཐོང་མྱོང་ཡོད། ཁོ་ཚོའི་ཐོག་གི་ཁབ་གཙགས་རི་མོ་སྔགས་ཡིག ཨོཾ་ཨཱ་ཧཱུཾ། དང་པོ་མགོ་ཡི་གཙུག་ཏོར། གཉིས་པ་ཐོད་པའི་ཐོག གསུམ་པ་བྲང་ཁའི་ཐོག་ཏུ་རྒྱབ་ཡོད། དེ་ནས་ངས་ཁོང་ལ་ལོ་ཁ་ཤས་སྔོན་དུ་ཉི་ཧོང་ནས་ངའི་ལག་ངར་ཐོག་ཏུ་ཁབ་གཙགས་རི་མོ་ཤཱཀྱ་ཐུབ་པའི་སྐུ་བརྙན་རྒྱབ་ཡོད་པ་བསྟན་པ་ན། དེ་ནི་ཁབ་གཙགས་རི་མོ་ཡིན་པར་ཁོང་ཡིད་ཆེས་ཀྱིན་མི་འདུག འདི་ནི་རང་བྱོན་རེད་ཅེས་ཨུ་ཚུགས་རྒྱག་གི་འདུག ངས་ཁོ་རང་དགའ་སྣང་གི་དད་པ་དེའི་ནང་བསྐྱུར་བ་ཡིན། དེ་རིང་ཁམས་པ་ཡང་གང་འཚམས་ཀྱི་མང་བོ་འདུག ཡིན་ནའང་། འདུས་ཚོགས་ཧྲིལ་བོ་ནི་དུས་སྐབས་གཅིག་པ་༨༩་ལོ་ལས་ཧ་ཅང་ཉུང་ཉུང་རེད།
ཞེང་ལ་ཨེན་ཆི་དགུ་ཙམ་དང་རིང་ཚད་ལ་རྐང་ཁྲུ་སུམ་ཅུ་ཙམ་ཡོད་པའི་ཐགས་བཏགས་མ། སྣམ་བུ་ཡག་ཤོས་ཏེ་བོད་ཀྱི་དབུས་ནས་ཡོང་བ་རེད། མཚོན་མདོག་དར་ཁྱབས་ཆེ་ཤོས་ནི་དམར་པོ་དང་དམར་སྨུག། ཐིག་རིས་ཅན། དཀར་པོ་དང་དམར་པོ། སྔོན་པོ་བཅས་ཀྱི་རྒྱ་གྲུམ་རྟགས་རྒྱབ་པའི་སྣམ་བུ་རེད་འདུག རྒྱ་ནག་ཏུ་ཤིང་རྟ་འཁོར་ལོའི་རྐུབ་སྟེགས་ཀྱི་མཐར་དང་། ཡང་ན་རྟ་སྒ་གཡོག་ཆེད་བེད་སྤྱོད་གཏོང་། གོས་འདི་ཡི་བོད་སྐད་ཀྱི་མིང་“ཕྲུག་”ཟེར་བ་རྒྱ་སྐད་དུ་སྒྲ་བསྒྱུར་བྱས་ཏེ་ཕུ་ལོ་རེད། རྒྱ་གྲུམ་གུག་རྟགས་དེ་ནི་བོན་པོ་དང་སངས་རྒྱས་ཆོས་ལུགས་པ་གཉིས་ཀྱི་བྱིན་རླབས་ཅན་གྱི་མཚོན་རྟགས་ཤིག་རེད།
ཕྱི་དྲོ་ལ། ངའི་ཁང་མིག་ནང་(ཟིན་ཐོ)འབྲི་བཞིན་པའི་སྐབས་ལ། ངའི་ཐོག་དང་པའི་འགྲུལ་བཞུད་ཀྱི་སྣེ་འཁྲིད་མཁན་ཡེ་ཁྲི་ཁྲན་གྲོགས་པོ་ཡིད་ཆེས་ཅན་ཁོང་བྲེལ་འཚུབ་ངང་ནང་དུ་ཐོན། ང་རང་ཁྲིན་ཧཱེ་པུ་ལ་འབྱོར་བའི་གནས་ཚུལ་དེ་གྲོགས་པོ་བཟང་བོ་ཁོ་ལ་འབྱོར་བ་ན། ཁོས་སྐར་མ་གཅིག་ཀྱང་དལ་འགོར་མ་བཏང་བར་ང་ལ་འཚམས་འདྲིར་སླེབས་སོང་། ཁོས་བཤད་དོན། གལ་སྲིད་ང་ལ་ཁོ་རང་དགོས་ན་ཁོ་རང་ང་དང་མཉམ་དུ་གལ་ཆེ་བའི་དུས་སྟོན་དང་ས་ཆ་གང་ལ་ངས་འགྲོ་ཟེར་ན་འགྲོ་རྒྱུ་ཡིན་ཟེར། ངས་ཟ་ལཱར་གྱི་ཡུལ་དུ་འགྲོ་བར་གྲོས་བྱས་པ་དང་། ངས་འགྲུལ་སྐྱོད་ཚར་རྗེས་ཁོང་ཁྱིམ་དུ་ལོག་རྒྱུ་བྱས། ཡིན་དང་ཡིན། ཁོ་རང་ང་ལ་དགོས་པ་དང་། འགྲུལ་སྐྱོད་དེ་གཅིག་པུ་མིན་པར། ངའི་འགྲུལ་བཞུད་ཚང་མ་ལ་དགོས་ཞེས་བརྗོད་པ་ཡིན། རང་དགར་ཕྱིར་ལོག་ཏུ་འཇུག་རྒྱུར་ཁོ་ནི་ཆེས་བཟང་བའི་མི་ཞིག་རེད།
ཉིན་རྒྱབ་ལ། སུའུ་ཧྲི་ཝུ་ཡིས་ང་ལ་འབྲོག་ཁྱི་ཡག་པོ་ཞིག་འཁྱེར་ཡོང་བ་དང་། དེ་ནི་ངས་རྩམ་པ་འབོ་གཅིག་དང་ཇ་སྤྲད་དེ་ཉོས་པ་་ཡིན། ད་དུང་ཁོ་ལ་གཅན་གཟན་གཡུ་གསོན་པོ་ཞིག་ཀྱང་འདུག དེ་ནི་རི་འགོ་ནས་བཟུང་བ་ཞིག་རེད། དེ་ནི་གཏུམ་དྲག་ཅན་ཞིག་ཡིན་སྟབས་ངས་ལེགས་སྐྱེས་ཇི་བཞིན་འཁྱེར་རྒྱུ་དང་ལེན་བྱས་མེད།
ཕྱི་དྲོ་སོ་ཧྲིན་དཔེ་ཡི་འཛིན་སྐྱོང་མཁན་ཚོ་ཡོང་བ་དང་། དགོང་དྲོ་འདི་ལ་ཁྱམས་རར་འཁྲབ་སྟོན་ཡོད་པར་ང་རང་མགྲོན་འབོད་བྱས། མཚན་མོ་གཉིས་ལ་བསྟུད་མར་འདུག མཛིན་སྐྱོང་མཁན་ཚོས་འོད་ཁང་འཁྱེར་ཏེ་ང་ཚོའི་སྡོད་སར་སྐྱེལ་མ་བྱས། དེར་ང་ཚོ་ལ་ཀ་ར་དང་མེ་ཏོག་ཉི་མ་འཁོར་གྱི་འབྲུ་མཁོ་སྤྲོད་བྱས། འཁྲབ་སྟོན་ནི་རྐང་ཤིང་ཐོག་གོམ་པ་རྒྱག་པ་དང་། འབག་གྱོན་པ། ཤོག་སྦག་གི་ཚག་སྒྲ་ལ་སོགས་པ་རེད། དེ་དག་ནི་རྒྱ་ནག་གི་བྱང་ཕྱོགས་ཡོངས་སུ་རྒྱུན་ལྡན་གྱི་ཁམས་གཡེང་དང་འཆར་ཅན་ལྟ་བུའི་འཁྲབ་སྟོན་ཞིག་རེད། ཡིན་ནའང་། འདིར་ཕྱོགས་སུ། ལྟད་མོ་བ་ཚོ་ཧ་ཅང་སྣང་བ་སྤྲོ་བོ་འདུག
ང་ཚོའི་ཉེ་འཁྲིས་ཀྱི་མདུན་ཅོག་དེར་ལྟོས་ཚོད་ལ་གཞུང་གི་ལས་བྱེད་འདྲ་བོ་ཁ་ཤས་འདུག ང་ཚོས་ཕན་ཚུན་ལ་འགྲན་བསྡུར་བྱེད་པ་ལྟ་བུར། ཁོ་ཚོས་འཁྲབ་སྟོན་པ་ཚོ་དངུལ་སྒོར་གཅིག་རྗེས་གཉིས་མཐུད་དུ་སྤྲད་ཐེངས་རེ། ང་ཚོས་ཀྱང་དེ་ལྟར་དངུལ་སྒོར་སྤྲད་པ་དང་། དེ་བཞིན་དུས་ཚོད་གཅིག་ཙམ་ལ་བྱས་མཐར། ང་ཚོ་ཕྱོགས་གཉིས་ལ་དངུལ་རྡ་གཡང་བཅོ་ལྔ་ནས་ཉི་ཤུ་དབར་འགྲོ་སོང་ཤོར་ཡོད། འཛིན་སྐྱོང་མཁན་ཚོ་ཧ་ཅང་སྤྲོ་བས་བརྟས་པ་དང་། ལྟད་མོ་བ་གཞན་ཚོ་ཡང་ང་ཚོའི་གཏོང་ཕོད་ཀྱིས་ཟིལ་གྱི་མནན་ཏེ་ཁོ་ཚོའི་ལག་པ་སྟོང་བར་གྱུར།
ཝི་ལིམ་ ཝོ་སྒྲུ་བིལ རོ་ཁུ་ཧིལ། (1854-1914) བོད་སྐད་སྦྱང་བའི་ཆེས་ཐོག་མའི་ཨ་རི་བ། སྤྱི་ལོ་1880་ལོ་རབས་དེའི་ནང་རྒྱ་ནག་གི་ནུབ་ཕྱོགས་དང་སོག་པོ། བོད་ནང་ཐེངས་གཉིས་ལ་རྟོགས་ཞིབ་འགྲུལ་བཞུད་གནང་། 1891 ༼བླ་མའི་ཡུལ།༽ ཞེས་པའི་དཔེ་དེབ་དཔར་སྐྲུན་བྱས། 1894 ༼༡༨༩༡་དང་༡༨༩༢་ནང་། བོད་དང་སོག་པོ་བརྒྱུད་འགྲུལ་བཞུད་ཀྱི་ཉིན་ཐོ།༽ དེབ་འདི་དཔར་སྐྲུན་གནང་། ཟིན་དེབ་དེའི་ནང་ཟ་ལཱར་ལུང་བའི་སྐོར་གླེང་སློང་གནང་། 1896-1897 ཁོང་ཨ་མེ་རི་ཀའི་ཕྱི་སྲིད་བློན་ཆེན་གྱི་ལས་རོགས་བྱས། 1908 ཟླ་6 ནང་ཁོང་རྐང་ཐང་ལ་ཉིན་ལྔ་གོམ་བགྲོད་བྱས་ཏེ་ཏཱ་ལའི་བླ་མ་མཇལ་བ་དང་། ཁོང་གིས་ཏཱ་ལའི་བླ་མ་ལ་དབྱིན་ཇི་དང་རྒྱ་ནག་མཉམ་ཞི་འགྲིག་ཡོང་པར་ནན་བརྗོད་བྱས།
རྟོགས་ཞིབ་འགྲུལ་བཞུད་བ་ཁོང་གི་མི་ཚེའི་ལོ་རྒྱུས་འདི་ལྷན་སྦྱར་དང་བཅས།
སྒྱུར་མཁན་གྱིས་དབྱིན་ཡིག་ལས་སྒྲིག་སྦྱོར་བྱས།