དཔལ་དོན་གྲུབ་རྒྱལ་ནས།
རྩོམ་སྒྲིག་པུའུ་ལ་སྤྲིངས་པའི་ཡི་གེ
[རྩོམ་སྒྲིག་པའི་གཏམ] བློ་མཐུན་སངས་རྒྱས་ཀྱིས་བྲིས་པའི་《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པའི་དེབ་ཆུང་དེ་དཔར་དུ་བསྐྲུན་རྗེས་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་དགའ་བསུ་ཐོབ་པ་དང་མཉམ་དུ། དེབ་འདིའི་ལྟ་ཚུལ་དེ་གཉིས་ལ་ཀློག་མཁན་འགའ་རེས་བསམ་འཆར་མི་མཐུན་པའང་བཏོན་འདུག ང་ཚོས་བོད་ཀྱི་རིག་གཞུང་ཞིབ་འཇུག་བགྲོ་གླེང་གི་བྱ་བ་སྐུལ་སྤེལ་བྱེད་ཆེད། དེབ་ཆུང་འདི་རྩོམ་མཁན་གྱི་རེ་བ་ལྟར་བློ་མཐུན་དོན་གྲུབ་རྒྱལ་གྱི་རྩོམ་མཁན་ལ་བསྐུར་བའི་འཕྲིན་ཡིག་འདི་ཇི་མ་ཇི་བཞིན་དུ་དེབ་འདིར་འཁོད་པ་ལགས་པས། ཀློག་མཁན་རྣམས་ཀྱིས་ཀྱང་རིགས་པས་ཞིབ་ཏུ་དཔྱད་པའི་འབྲས་བུ་ཡིག་སྟེང་དུ་ཕབ་ནས་འདི་གར་བསྐུར་བར་འཚལ།
རྩོམ་སྒྲིག་བློ་མཐུན་ལགས།
བློ་མཐུན་དོན་གྲུབ་རྒྱལ་གྱི་དཔྱད་རྩོམ་འདི་ནི་ཁོ་བས་ང་ལ་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་བསྒྱུར་བའི་ཡི་གེ་ཞིག་རེད། ཡི་གེ་འདིའི་ནང་དུ་ཁོས་ཕྲན་གྱིས་དེ་སྔར་བྲིས་པའི་《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》ཅེས་པ་དེའི་ནང་གི་ལྟ་ཚུལ་རེ་གཉིས་
ལ་རིགས་པ་རྣོན་པོས་དཔྱད་པ་བཏང་སྟེ་ལྟ་ཚུལ་དེ་དག་དང་མི་མཐུན་པའི་དགོངས་འཆར་གསེར་ཞུན་ལྟ་བུ་མི་ཉུང་བ་ཞིག་བཏོན་པས། ཕྲན་དང་ཀློག་པ་པོ་གཞན་དག་ལ་བློ་བསྐྱེད་མི་དམན་པ་སྟེར་ཐུབ་ངེས་རེད། དེས་ན་འདིར་ངས་ཁོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སླད་ཆར་དཔྱད་རྩོམ་འདི་འདྲ་བ་མང་པོ་ཡིག་ངག་གང་རུང་གི་ལམ་ནས་ལྷུགས་བརྗོད་གནང་སྟེ་བོད་ཀྱི་ཚིག་རྒྱན་རིག་པའི་གཞུང་ལུགས་དེ་སྔར་ལས་ཕུན་སུམ་ཚོགས་པ་ཞིག་ཡོང་ཆེད་དམིགས་བསལ་གྱིས་ཁོའི་ཡི་གེ་དེ་ཁྱོད་ཚོ་ལ་ཕུལ་བ་ཡིན། ཕྲན་གྱི་རེ་བ་ནི་ཡི་གེ་འདི་ཇི་མ་ཇི་བཞིན་དུ《སྦྲང་ཆར》ངོས་སུ་འགོད་རྒྱུ་དང་དེས་གྲོས་མགོ་ཚུགས་པ་ལ་བརྟེན་ནས་ཕྲན་གྱི་ཆེད་རྩོམ་ལ་སྐྱོན་ཡོན་བརྗོད་པའི་འཕྲོས་མོལ་ཁྱབ་གདལ་དུ་སྤེལ་ཐུབ་པ་བྱེད་རྒྱུ་་དེ་ལགས་སོ།།
སངས་རྒྱས་ནས་ཟླ ༢ ཚེས་ ༢༧ ལ།
《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》བཀླགས་པའི་མྱོང་ཚོར།
གྲོགས་པོ་སངས་རྒྱས་ལ་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བ།
དོན་གྲུབ་རྒྱལ་ནས།
ཉེ་ལམ་སྐུ་བདེ་ཞིང་ཐུགས་དགེ་བ་གཞིར་བཅས་གུས་ཞུ། ཉིད་ཀྱི་ལྗགས་རྩོམ<<འཕྲུལ་གྱི་ལྡེ་མིག>>པར་དུ་བསྐྲུན་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། བླང་དོར་ཡོད་པའི་སྒོ་ནས་ཚིག་རྒྱན་རིག་པའི་སྒོ་མོ་ཕྱེ་བ་ལ་བཀའ་དྲིན་ཆེ་བ་ཞུ་བ་ལགས། གླེང་གཞི་དང་མཇུག་བསྡུ་བའི་གཏམ་ལས་ཉིད་ཀྱི་དགོངས་པ་ཇི་བཞིན་དུ་རྟོགས་ཐུབ་ཅིང་། ཁོ་བོ་ཡང་རྗེས་སུ་ཤིན་ཏུ་ཡི་རང་པར་གྱུར་ཏེ་དགའ་སྤྲོ་སྣང་གནོན་མ་ཐུབ་པ་དང་གཅིགལྟ་བའི་རྩ་བ་གཞི་གཅིག་ཏུ་མཐུན་པས་དཔུང་གི་རྒྱབ་རྩ་སྣོན་པའི་ཀུན་སློང་བཅོས་མིན་དུ་སྐྱེས་པ་དང་གཉིས། གནད་དོན་འགའ་ཞིག་ཐད་མི་མཐུན་པའི་བསམ་འཆར་བྱུང་བ་ཁྱེད་དང་བརྗེ་རེས་བྱེད་འདོད་དང་གསུམ་བཅས་ཀྱིས་སྣ་དྲངས་ཏེ། རྩོམ་འདི་བྲིས་པ་ལགས།
འདིར་རང་རེའི་བར་ལ་དགོས་མེད་ཀྱི་དོགས་པ་འདྲ་མི་འབྱུང་བའི་ཆེད་དུ་རྩོམ་ཡིག་འདི་ཐད་ཀར་ཁྱེད་ལ་བསྐུར་ཏེ་མཛའ་མཐུན་གཅུགས་པའི་མདུད་རྒྱ་ཇེ་དམ་དུ་གཏོང་འདོད་པ་ཡིན།
(1) སྙན་ངག་དང་ཚིག་རྒྱན་ལ་ཁྱད་པར་ཡོད་ལ་འབྲེལ་བའང་ཧ་ཅང་དམ་པོ་ཡོད། ཉིད་ཀྱིས་མཛད་པའི<<འཕྲུལ་གྱི་ལྡེ་མིག>> >>གི་ལེའུ་གསུམ་པར། སྙན་ངག་དང་ཚིག་རྒྱན་གཉིས་ལ་ཁྱད་པར་ཆེ་ཚུལ་ལུང་དང་རིག་པའི་སྒོ་ནས་གསལ་བོར་གསུངས་ཡོད་པར་མ་ཟད། སྙན་ངག་དང་ཚིག་རྒྱན་གཉིས་ལ་འབྲེལ་བ་ཤིན་ཏུ་དམ་པོ་ཡོད་ཚུལ་ཀྱང་གསལ་བོར་གསུངས་འདུགགལ་སྲིད་ཕྲན་གྱིས་གོ་བ་བླངས་པ་ནོར་མེད་ན། ཉིད་ཀྱི་དགོངས་པ་ནི་ལུས་སྲོག་རྒྱན་གསུམ་ཚང་བའི་ཚིགས་སུ་བཅད་པའི་རྩོམ་ནི་སྙན་ངག་དང་། སྙན་ངག་དེ་ལྟ་བུ་ལ་ཚིག་གི་ཉམས་ཇི་ལྟར་འདོན་པའི་ཐབས་ནི་ཚིག་རྒྱན་དུ་འདོད་པ་འདྲ། གལ་སྲིད་དེ་ལྟར་ལགས་ན་ཁོ་བོ་ཡང་ཉིད་ཀྱི་ལྟ་བ་དང་ཡོངས་སུ་མཐུན་པ་ཡིན། ཡིན་ན་ཡང་། སྙན་ངག་གི་ལུས་ནི་ཚིགས་སུ་བཅད་པ་ཁོ་ནར་མ་ངེས་ཏེ། ལྷུག་མའི་སྙན་ངག་དང་། སྤེལ་མའི་སྙན་ངག་ཀྱང་ངེས་པར་ཡོད་ལ་ཡོད་འོས་པ་ཞིག་ཀྱང་རེད། རྒྱ་རིགས་ལ་དཔེ་བཞག་ནའང་ལུས་ཀྱི་རྣམ་པ་སྣ་ཚོགས་པ་ཞིག་མཆིས་ན་ཡང་། བཅད་ལྷུག་སྤེལ་མ་གསུམ་གྱི་ཁོངས་སུ་བསྡུ་ཆོག བཅད་པ་ལའང་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་སོ་སོའི་སྙན་ངག་གི་ལུས་ཡོད་དེ། དཔེར་ན་“ཐང་རྒྱལ་གྱི་སྙན་ངག་དང་སུང་རྒྱལ་རབས་ཀྱི་ཚིགས་བཅད་”(唐诗宋词)ཞེས་ངོམ་སོ་བྱེད་པ་ལྟ་བུ་ཡིན། དེར་མ་ཟད། དུས་མཉམ་གྱི་མཁས་པ་སོ་སོས་ལུས་སྐྲུན་སྟངས་དང་། མཁས་པ་གཅིག་གིས་ལུས་མི་འདྲ་བ་དུ་མ་སྦྱོར་བའི་་ནི་ཁྱེད་འདྲ་བ་ལ་དཔེ་འདྲེན་པའི་དགོས་པ་ག་ལ་མཆིས། ཉིད་ཀྱིས་སྙན་ངག་ཡིན་ན་ཚིགས་བཅད་ཡིན་པས་ཁྱབ་ཆེས་པའི་སྒྲུབ་བྱེད་དུ་རྒྱུ་ལྔ་གསུངས་པ་དེ་ལ་གནས་ལུགས་མེད་པ་ནི་ག་ལ་ཡིན་ཀྱང་། ཅུང་ཟད་ཅིག་དཔྱད་དགོས་བའང་ཡོད་དེ། གྲོལ་རིགས་མཛོད་འདུས་བཞི་ནི་ཚིགས་སུ་བཅད་པའི་སྙན་ངག་ཁོ་ན་བལྟོས་ནས་གསུངས་པ་ལས། བཅད་ལྷུག་སྤེལ་མ་གུམ་ག་ལ་དམིགས་པ་ནི་ཡིན་མི་སྲིད། དེར་མ་ཟད། ཚིགས་བཅད་ཤོ་ལོ་ཀ་གཅིག་གིས་བརྗོད་བྱའི་དོན་རྫོགས་པར་སྟོན་པ་ལ་གྲོལ་བ་ཡིན་ཟེར་བས། དེས་སྙན་ངག་གི་བརྗོད་བྱ་ཇི་ལྟར་སྟོན་ཚུལ་བཤད་པ་ལས་སྙན་ངག་གི་ལུས་སྦྱོར་ཚུལ་གཙོ་བོར་བསྟན་པ་ནི་མིན། ཕྱི་མ་གསུམ་པོ་ཡང་ཚིགས་བཅད་མང་ཉུང་དང་། བྱ་ཚིག་མང་ཉུང་དང་དེ་སྦྱོར་ཚུལ། བརྗོད་བྱ་མང་ཉུང་ལ་སོགས་པར་བལྟོས་ནས་བཤད་པ་ལས་ལུས་སྦྱོར་ཚུལ་གྱི་ཁྱད་པར་བསྟན་པ་ག་ལ་ཡིན། སྙན་ངག་གི་ལུས་ཞེས་པ་ནི་ཤོ་ལོ་ཀ་ལ་འབྲེལ་བ་ཡོད་མོད། འོན་ཀྱང་གཙོ་བོ་ནི་ཚེག་བར་མང་ཉུང་ལ་རག་ལས་པ་ཡིན། དཔེར་ན་ཚེག་བར་བདུན་ཅན་གྱི་རྩོམ་ཤིག་ཏུ་མང་ལ། བརྗོད་བྱའི་དོན་སྣ་ཚོགས་ཤིང་།ཉམས་དང་རྒྱན་ལ་སོགས་པའང་མི་འདྲ་མོད། འོན་ཀྱང་དེ་ཐམས་ཅད་ནི་ཚེག་བར་བདུན་ལས་གྲུབ་པའི་སྙན་ངག་གི་ལུས་ཡིན་པ་འདྲ་འདྲ་རེད། ལྷུག་མ་ལ་ནི་ཤོ་ལོ་ཀའི་མཚན་ཉིད་མེད་ཀྱང་། ཤད་སྣ་ཚོགས་ཀྱི་བྱེད་ནུས་ལས་ཚེག་བར་མང་ཉུང་ཅི་རིགས་པ་ཞིག་འབྱུང་ཡང་། སྤྱིར་ལྷུག་མའི་ལུས་ཡིན་པ་ཤེས་སླ། ལྷུག་མའི་ལུས་དེ་ལའང་བརྗོད་བྱ་མང་ཉུང་དང་། བྱ་ཚིག་མང་ཉུང་དང་དེ་སྦྱོར་ཚུལ་ལ་སོགས་མང་པོ་ཡོད་པར་མ་ཟད། ལུས་ཀྱི་ཟོར་ཡང་མིན། ཚིག་གི་སྦྱོར་བ་བདེ་མིན། རྒྱན་གྱི་ཉམས་ལེགས་པར་ཐོན་ཡོད་མེད། བརྗོད་བྱའི་དོན་ཟབ་མིན་ལ་སོགས་པའི་ཆ་ནས་ངག་ཏུ་འགྱུར་མི་འགྱུར་གཉིས་ཀ་ཡོད་པ་དང་། དེ་ཡང་ཉིད་ཀྱིས“ཚིགས་བཅད་ཡིན་པ་ཐམས་ཅད་སྙན་ངག་ཏུ་གྲུབ་པར་ཐལ་ཞེ་ན། མ་ཁྱབ་སྟེ། ”ཞེས་སོགས་གསུངས་པ་དང་གནས་ལུགས་གཅིག་ཏུ་གདའོ། ། དེས་ན། གྲོལ་རིགས་མཛོད་འདུས་བཞི་ནི་ལུས་ཀྱི་སྦྱོར་ཚུལ་མ་ཡིན་ལ། གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཡང་། ཤོ་ལོ་ཀ་ཙམ་གྱི་ཁྱད་རྒྱུགས་པ་མ་གཏོགས། ཚིགས་བཅད་སྙན་ངག་ལ་སྦྱོར་བཏུབ་པ་རྣམས་ཚིག་ལྷུག་སྙན་ངག་ལའང་སྦྱོར་ཏུ་མི་ཐུབ་པ་མེད་དོ། ། དཔེར་ན། <<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། >>ལས། ནུས་པའི་སྟོབས་ལྡན་དཔའ་དང་བརྟུལ་ཕོད་པའི། ། དཔལ་ལྡན་ཕྱོགས་ལས་རྒྱལ་པའི་རྡོ་རྗེའི་སྡེས། ། རྣོན་པོའི་ཉག་ཕྲན་རྒྱུད་ལས་འཕོས་པའི་ཚེ། ། སྡིག་ཅན་བཙན་པོའི་སྙིང་ལ་ཟུག་རྔུ་བྱིན། ། ཞེས་དང་། ཡང་དེ་ཉིད་ལས། “དེ་ལྟར་ཕུལ་དུ་བྱུང་བའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་གྱོན་ནས་རྣོ་ངར་མི་བཟད་པའི་མཚོན་ཆས་བདུད་སྡེའི་སྙིང་ལ་བརྣག་ནུས་ལས་འདས་པའི་དུཿ ཁ་སྟེར་བའི་བྱེད་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས། མེ་ཏོག་མདའ་ཅན་གྱི་འདབ་བརྒྱ་རྣམ་པར་བཞད་པའི་ཟེའུ་འབྲུ་གླང་དར་མ་འུ་དུམ་བཙན་ཉི་མའི་བུའི་གངས་རིའི་དུམ་བུ་གསར་དུ་ཆད་པའི་ཕྲེང་བ་ལྟ་བུའི་མཆེ་བའི་གྲོང་ཁྱེར་དུ་སྤྱུགས” ཞེས་པ་འདི་སྙན་ངག་མ་རེད་ཅེས་པ་སུ་ཞིག་གིས་བསྙོན་པར་ནུས། སྤེལ་མའི་སྙན་ངག་ཡོད་པའི་རྒྱུ་མཚན་ཡང་ཞོར་ལ་རྟོགས་པར་འགྱུར་རོ། །
སྒྲུབ་བྱེད་ཀྱི་རྒྱུ་གཉིས་པར། ཀྱིས་ལེའུ་དང་པོའི་རྒྱན་བཅུ་བོ་བཀོད་འདུག་ཀྱང་། དེ་ནི་རྒྱ་གར་གྱི་ཤར་ལྷོའི་རྩོམ་ཉམས་མི་འདྲ་བའི་ཁྱད་ཆོས་བསྟན་པ་ཙམ་ཡིན་པས། ཚིག་ལྷུག་སྙན་ངག་ལ་ལྟ་ཅི། ཐ་ན་ཚིགས་བཅད་སྙན་ངག་ལའང་ཇི་བཞིན་དུ་སྦྱོར་མ་བཏུབ་པའི་ཚུལ་བོད་ཀྱི་སྙན་འགྲེལ་སྔ་མ་རྣམས་སུ་གསལ་ལ། ཉིད་ཀྱིས་ཀྱང་ཐུགས་དག་པའི་སྒོ་་ནས་འཇིགས་བློའི་ཤར་བའི་སྦྱར་བའི་ཡོན་ཏན་གྱི་དཔེར་བརྗོད་དང་། དབྱངས་ཅན་དགའ་བློའི་ཤར་ལྷོ་གཉིས་ཀས་སྙན་ངག་མེད་པའི་སྒྲུབ་བྱེད་འདོད་པའི་སྙན་པའི་ཡོན་ཏན་གྱི་དཔེར་བརྗོད་རྣམས་སྒྲ་ཁོངས་སུ་གཏོགས་པའི་གསལ་ཀ་མཛད་འདུག་པས། དེ་ནི་ཚིག་ལྷུག་སྙན་ངག་མེད་པའི་སྒྲུབ་བྱེད་དུ་མི་འོས་པར་སྙམ།
སྒྲུབ་བྱེད་ཀྱི་རྒྱུ་གསུམ་པར། “ལེའུ་གཉིས་པ་དང་གསུམ་པའི་རྒྱན་ཡོད་དོ་ཅོག་ནི་ཚིགས་བཅད་ལ་ཡོངས་སུ་འཇུག་ཀྱང་ཚིག་ལྷུག་ལ་དེ་ལྟ་མ་ཡིན། ”ཞེས་གསུངས་ཤིང་། “དཔེར་ན་ཚིག་ལྷུག་ལ་ཚིག་སྡུད་དང་སྦྱར་རྒྱན། སྒྲ་རྒྱན་སོགས་ཚིགས་བཅད་ལྟར་སྦྱར་མི་བཏུབ་པ་ལྟ་བུ”ཞེས་གསུངས་ཀྱང་། དེའང་ཚིག་ལྷུག་སྙན་ངག་མེད་པའི་སྒྲུབ་བྱེད་དུ་མི་འགྱུར་ཏེ། བཅད་ལྷུག་གཉིས་ནི་རྩོམ་གྱི་ལུས་མི་འདྲ་བར་མ་ཟད། ཉམས་འདོན་ཚུལ་དང་། རྒྱན་འདོགས་ཚུལ་ལ་སོགས་པའི་ཐད་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ཡོད་ཅིང་། གཞན་དུ་ན་གཅིག་ཚབ་གཅིག་གིས་ཀྱང་བྱེད་མི་རུང་སྟེ། དཔེར་ན་མི་གཟུགས་པོ་ཆུང་བ་ཞིག་གི་གོས་དང་རྒྱན་རྣམས་གཟུགས་སྟོབས་ཆེ་བ་ཞིག་ལ་བསྐོན་ན་མཛེས་ཉམས་ཐོན་པ་ལྟ་ཅི་དེ་ལས་ལྡོག་པའི་ཕྱོགས་སུ་འགྱུར་ལ། གཟུགས་སྟོབས་མཉམ་ན་ཡང་གཅིག་ལ་འོས་ཤིང་རན་ལ་མཛེས་པའི་རྒྱན་དུ་འགྱུར་བ་ཞིག་ཅིག་ཤོས་ལ་ལྡོག་པར་འགྱུར་བའང་ཡོད་པའི་ཕྱིར་རོ། །
སྒྲུབ་བྱེད་ཀྱི་རྒྱུ་བཞི་བར། “རྒྱ་བོད་ཀྱི་སྙན་ངག་སྨྲ་བ་རིམ་བྱོན་གྱིས་རྒྱན་རེ་རེར་དཔེར་བརྗོད་དགོས་པའི་ཚེ། ཚིགས་བཅད་ཀྱིས་བྱས་པ་ལས་ཚིག་ལྷུག་མེད”གསུངས། དེ་ལ་དཔྱད་པ་འདི་ཡོད་དེ། རིམ་བྱོན་གྱི་སྙན་ངག་སྨྲ་བ་རྣམས་ཀྱི་དཔེར་བརྗོད་ནི་ཚིགས་བཅད་སྙན་ངག་གི་མཚན་གཞི་སྟོན་པའི་དཔེ་བརྗོད་ཡིན་པ་ལས། ཚིག་ལྷུག་སྙན་ངག་གི་མཚན་གཞི་སྟོན་པའི་དཔེར་བརྗོད་ག་ལ་ཡིན། གལ་སྲིད་ཚིགས་བཅད་སྙན་ངག་གི་དཔེར་བརྗོད་ལ་ཚིག་ལྷུག་འགོད་པ་དང་། ཚིག་ལྷུག་སྙན་ངག་གི་དཔེར་བརྗོད་ལ་ཚིགས་བཅད་བཀོད་ན་དཔེར་བརྗོད་ནུས་པ་དེ་ངང་ངམ་ཤུགས་ཀྱིས་ཉམས་འགྲོ་བ་དང་། ལུས་གཉིས་ཀྱི་ཁྱད་པར་ཡང་མི་འཁོར་བས། ལས་དང་པོ་བ་རྣམས་མགོ་ཉོག་པའི་རྒྱུ་ཡིན་ནོ། ། ཡིན་ན་ཡང་། གཞན་ལ་གོ་བ་བསྐྱེད་སླ་བའི་ཆ་ནས་ཚིགས་བཅད་སྙན་ངག་གི་དཔེར་བརྗོད་མ་བསྟན་གོང་ལ། རྒྱན་འདི་འདི་ཡིན་དང་དེ་དེ་ཡིན་ཞེས་དཔེ་ཞིག་འཇོག་པའི་སྲོལ་ནི་རང་རེའི་བོད་ལ་སྔ་མོ་ནས་དར་ན་ཡང། དེ་ལྟ་བུ་ནི་དཔེར་བརྗོད་དངོས་ཀྱི་གྲས་སུ་བརྩི་བ་ནི་མེད། རྒྱུ་མཚན་ནི་དཔེ་དེས་རྒྱན་ངེ མ་ཚིག་ཇི་ལྟ་བུ་ཡིན་པའི་ཚུལ་སྟོན་པ་ལས། ལུས་དང་རྒྱན་གྱི་ཉམས་འདོན་ཚུལ་དང་ཚིག་སྦྱོར་སྤེལ་ཚུལ་སྟོན་པ་མིན་པའི་ཕྱིར། གཞན་ཡང་རང་རེའི་བོད་ལ་ཚིག་ལྷུག་སྙན་ངག་སྦྱོར་ཚུལ་གྱི་བསྟན་བཅོས་ནི་ད་ལྟའི་བར་དུ་མེད་པར་སྣང་ཡང་། རྒྱ་རིགས་ལ་(散文诗)ཚིག་ལྷུག་སྙན་ངག་ཚུལ་ཇི་ལྟར་སྦྱོར་བའི་བསྟན་བཅོས་ཁག་མང་པོ་ཡོད། བསྟན་བཅོས་ཡོད་ཀྱང་རུང་ལ་མེད་ཀྱང་རུང་། རང་རེའི་རྩོམ་འབྲི་བའི་ལག་ལེན་གྱི་ཐོག་ནས་
ཚིག་ལྷུག་སྙན་ངག་ཡོད་པས། དེ་དག་གི་རྩོམ་ཉམས་དང་ཁྱད་ཆོས། རྩོམ་འབྲི་བའི་ཐབས་ལམ་སོགས་ལ་ཞིབ་འཇུག་བྱས་ན་བསྟན་བཅོས་ཅུང་ཟད་ཆ་ཚང་བ་ཞིག་རྩོམ་མི་ཐུབ་པའི་དོགས་པ་སུ་ལ་ཡོད། རྒྱ་བོད་གཉིས་ཀ་ལ་ཚིག་ལྷུག་སྙན་ངག་ཡོད་བཞིན་དུ། རྒྱ་བོད་སྙན་ངག་སྨྲ་བ་རིམ་བྱོན་གྱིས་ཚིགས་བཅད་ཀྱི་དཔེར་བརྗོད་ལ་ཚིག་ལྷུག་མ་བཀོད་པས་ཚིག་ལྷུག་སྙན་ངག་མེད་གསུངས་ན་གྲོགས་པོའི་ཐུགས་ལ་ཅི་ཞིག་འཆར། སྒྲུབ་བྱེད་ཀྱི་རྒྱུ་ལྔ་བར། ཁ་དམ་མི་དམ་བཀོད་འདུག་ཀྱང་། དེ་ནི་རྩོམ་པ་པོའི་རྩོམ་གཤིས་ལ་རག་ལས་པ་མ་གཏོགས། ཚིགས་བཅད་སྙན་ངག་དང་ཚིག་ལྷུག་སྙན་ངག་ཡོད་མེད་ཀྱི་སྒྲུབ་བྱེད་དུ་མི་འགྱུར་རོ། ། མདོར་ན། སྙན་ངག་ནི་ཚིགས་བཅད་སྙན་ངག་གི་རྣམ་པ་ཙམ་དུ་མ་ཟད། ཚིག་ལྷུག་པ་དང་དེ་གཉིས་ག་སྤེལ་མ་ལའང་གོ་དགོས་ཞེས་ཁོ་བོས་སྨྲ་བར་སྤོབས་ལ། ཉིད་ཀྱི་སྒྲུབ་བྱེད་ཀྱི་རྒྱུ་ལྔ་བོ་བཟློག་ཐུབ་མིན་དང་། རྗེས་སུ་ཡི་རང་བྱེད་མིན་མ་ངེས་ཀྱང་། གཡག་སྣ་ཁུ་ཚུར་དང་བླུན་པོའི་ཨུ་ཚུགས་ཀྱི་རྣམ་ཐར་སྐྱོང་བ་ནི་མིན་ལས་ཆེ་སྙམ་མོ། ། སྙན་ངག་དང་ཚིག་རྒྱན་བར་གྱི་བར་ཁྱད་པར་དང་དེ་གཉིས་ཀྱི་འབྲེལ་བའི་སྐོར་ལ་བསམ་འཆར་མི་མཐུན་པ་ཆེར་མི་འདུག སྙན་ངག་ནི་ལུས་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་དོན་ནམ་སྲོག་བཟང་པོ་ཞིག་ཡོད་དགོས་ང དེ་ལ་གསོན་ཉམས་དང་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་འདོད་པ་ང་། ཚིག་རྒྱན་ཀྱི་སྦྱོར་ཚུལ་སུམ་རྟགས་དག་གསུམ་གྱི་གཞུང་དང་མཐུན་ལ། ཚིག་གི་སྡེབ་སྦྱོར་ལ་སྙན་པའི་ཉམས་ཆ་ཐོན་པའི་ཞིག་བྱེད་པ་དང་། བརྗོད་བྱའི་དོན་ནམ་སྲོག་བཟང་བོ་དེ་སྐད་ཆའི་སྒྱུ་རྩལ་གྱི་ལམ་ལ་བརྟེན་ནས་བོས་ན་ཨ་ཟེར་བ་དང་། བལྟས་ན་རིག་རྒྱུ་ཡོད་པ། རེག་ན་ལག་པས་ཟིན་པ་ལྟ་བུའི་གསོན་ཉམས་དང་ལྡན་པར་བྱེད་པ། སྲོག་བཟང་པོས་བཟུང་བའི་ལུས་མཛེས་པ་དེ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་ལ་སོགས་པས་སྤྲས་ཏེ་སྟངས་སྟབས་བསྒྱུར་ཤེས་པ་ཞིག་བྱེད་དགོས་པར་འདོད། དེས་ན་སྙན་ངག་རྩོམ་ན་ཚིག་རྒྱན་ལ་རག་ལས་པ་དང་། སྙན་ངག་བཟང་པོའི་ནང་དུ་ཚིག་རྒྱན་གྱི་རོ་འདྲེས་པ་ཡིན་པས། རྣམ་པ་གཅིག་ཏུ་ན་འདི་སྙན་ངག་ཡིན་ལ་ཚིག་རྒྱན་མིན་ཞེས་དང་། ཡང་ན་དེ་ཚིག་རྒྱན་ཡིན་ལ་སྙན་ངག་མིན་ཅེས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་དཀའ་བའི་གནས་ཡིན། ཡིན་ན་ཡང་། སྙན་ངག་གི་རྩོམ་དང་ཚིག་རྒྱན་གྱི་བསྟན་བཅོས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། དཔེར་ན་སྔ་མ་ནི་ལས་སྣོན་བྱས་ཟིན་པའི་དངོས་རྫས་དང་འདྲ་ཞིང་། ཕྱི་མ་ནི་དངོས་རྫས་དེ་ལས་སྣོན་བྱེད་པའི་ཐབས་ཡིན་པ་ལྟ་བུའོ། །
(གཉིས) བོད་ལ་རང་གི་ཁྱད་ཆོས་དང་མཐུན་པའི་ཚིག་རྒྱན་རིག་པའི་བསྟན་བཅོས་ཤིག་ཡོད་དགོས། ཉིད་ཀྱིས་མཛད་པའི་<<འཕྲུལ་གྱི་ལྡེ་མིག>>གི་ལེའུ་ལྔ་བར། <<སྙན་ངག་མེ་ལོང>>ལ་མཐའ་དཔྱད་དེ་མེ་ལོང་མའི་ལེགས་ཆ་དང་ཞན་ཆ་བསྟན་པ་དེ་ནི། <<སྙན་ངག་མེ་ལོང>>མའི་གཞུང་བོད་དུ་དར་བའི་ཚུན་ལ། བོད་ཀྱི་མཁས་པ་ཚོའི་ཐུགས་ལ་འཆར་མ་ཐུབ་པ་དང་། ཤར་མྱོང་བ་རེ་ཡོད་པའི་དབང་དུ་བཏང་ནའང་སྨྲ་མ་ཕོད་པའི་ལྟ་བ་གསར་བ་ཞིག་རེད། ས་པཎ་གྱིས་<<མཁས་འཇུག>>ཏུ། བླང་དོར་གྱི་བྱ་བ་ཅུང་ཟད་བྱས་ཡོད་ན་ཡང་། དེ་ནི་ཉིད་ཀྱིས“ཐོ་རེ་ལོང་ངེ་བ་བསྒྱུར་ཅིང་འགྲེལ་བས་ཀྱང་བཀྲལ་མོད……སྒྲ་རྒྱན་གྱི་བྱ་བཀའ་བ་སོགས་སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ”ཅེས་གསུངས་པ་ལྟར། ས་པཎ་གྱིས་བླང་དོར་མཛད་པ་དེ་ཆ་མི་ཚང་བ་ཞིག་རེད། ཉིད་ཀྱི་ལྗགས་རྩོམ་ནང་དུ་ཚིག་གོ་རྒྱུ་ཅན་དང་དོན་བསམ་རྒྱུ་ཅན་མང་པོ་ཡོད་ན་ཡང་། དགོངས་པའི་སྙིང་པོ་ནི་བོད་ལ་རང་གི་ཁྱད་ཆོས་དང་མཐུན་པའི་ཚིག་རྒྱན་རིག་པའི་བསྟན་བཅོས་ཤིག་ཡོད་དགོས་པ་དེ་ཡིན་པར་འདོད། “སྔར་ནས་ད་བར་གྱི་མཁས་པ་ཕལ་ཆེར་ནི་རྩོམ་གྱི་ལག་ལེན་ཁྲོད་དུ་བོད་རང་ལ་གཏན་འཇགས་སུ་གནས་པའི་ཚིག་རྒྱན་ཅི་རིགས་ཐོགས་རྡུགས་མེད་པར་གང་ལ་གང་འཚམ་དུ་སྦྱར་དང་སྦྱོར་བཞིན་ཡོད་ནའང་སྙན་ངག་གི་གཞུང་རྩོམ་པའི་ཚེ་ན་རང་རང་གི་ཁྲིད་རྒྱུན་ལས་འདའ་བར་བྱེད་མི་ཕོད་པས་ཕལ་ཆེར<<སྙན་ངག་མེ་ལོང>>རྗེས་ཟློས་བྱེད་པ་ཙམ་དུ་ཟད་དོ། ། ”ཞེས་གསུངས་པ་དེས། རང་རེའི་སྙན་ངག་འཕེལ་བའི་གོ་རིམ་དང་ད་ལྟ་ཚད་ཅི་འདྲ་ཞིག་ཏུ་གནས་པའི་ཚུལ་ངོ་མ་བསྟན་འདུག དུས་རབས་བཅུ་གསུམ་པའི་ནང་ལ་ཤོང་ལོ་ཆེན་པོས<<སྙན་ངག་མེ་ལོང>>གི་གཞུང་ཆ་ཚང་བོད་དུ་བསྒྱུར་བ་དང་། དཔང་ལོས་འགྱུར་བཅོས་དང་འཆད་ཉན་གྱི་སྲོལ་བཏོད་པའི་རྗེས་སུ། <<སྙན་ང>>གིས་བོད་ཀྱི་སྙན་ངག་དང་ཚིག་རྒྱན་རིག་པ་གོང་འཕེལ་དུ་འགྲོ་བ་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྐྱེད་ཡོད་པ་དང་། བོད་རང་གི་སྙན་ངག་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་པར་མ་ཟད། སྙན་ངག་གི་རྩོམ་རིག་དང་ཚིག་རྒྱན་གྱི་བསྟན་བཅོས་ཀྱང་རྒྱས་བསྡུས་བར་མ་བགྲང་གིས་མི་ལང་བ་ཞིག་མཆིས། དེ་དག་གིས་<<སྙན་ངག་མེ་ལོང>>མ་དེ་བོད་ཀྱི་ཚིག་རྒྱན་རིག་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་མོད། འོན་ཀྱང་། སྔོན་བྱོན་མཁས་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་རྒྱུན་སྤེལ་སྐབས། <<མེ་ལོང་མ>>མ་དེ་སྙན་ངག་དང་ཚིག་རྒྱན་གཉིས་ཀྱི་ཁུངས་གཏུགས་ས་བྱས་པར་བརྟེན། རྒྱན་ཇི་བཞིན་དུ་སྦྱོར་མི་ཐུབ་པ་དང་། སྦྱར་ནའང་ཉམས་དེ་འདྲ་མི་ཐོན་པའི་སྐོར་ལ་བླང་དོར་ངེས་ཅན་ཞིག་མ་མཛད་ལ་མཚན་ཉིད་དང་མཐུན་མིན་ལའང་མ་དཔྱད་པར་ཕྱོགས་མཚུངས་ཀྱི་དཔེར་བརྗོད་འགའ་རེ་བཀོད་སྟབས། རྒྱན་གྱི་རྣམ་གཞག་མི་གསལ་བ་དང་། མཚན་ཉིད་དང་མཚན་གཞིའི་དཔེར་བརྗོད་འགལ་བ། སྔ་ཕྱི་བཟློས་པ་ལ་སོགས་པའི་སྐྱོན་མི་ཉུང་བ་ཞིག་བྱུང་བ་རེད། དཔེར་ན་ལེའུ་དང་པོའི་སྐབས་ཀྱི་སྦྱར་རྒྱན་གྱི་སྲོག་ཆེན་སྲོག་ཆུང་གི་དབྱེ་བའི་ཆ་ལ་བོད་རང་གི་སུམ་རྟགས་ཀྱི་གཞུང་དང་མི་མཐུན་ལ། བོད་རང་གི་ལུགས་ལྟར་ན། སྲོག་ཆེན་དང་སྲོག་ཆུང་གི་ཡི་གེ་འོས་ཤིང་འཚམ་པར་སྦྱར་ན་ལེགས་པ་ཡིན་ཅིང་། ཤར་པ་ལྟར་སྲོག་ཆུང་ཤས་ཆེ་ན་སྦྱོར་བ་ལྷོད་པའི་སྐྱོན་དང་། ལྷོ་བ་ལྟར་སྲོག་ཆེན་གྱི་ཡི་གེ་ཤས་ཆེ་ན་སྦྱོར་བ་རྩུབ་པའི་སྐྱོན་དུ་འགྱུར་བས། བོད་ལ་མི་མཁོ་ཞིང་། བོད་ཀྱི་དཔེར་བརྗོད་དེ་དག་ཀྱང་གྲོགས་པོས་གསུངས་པ་ལྟར་སྒྲ་རྒྱན་གྱི་ཁོངས་སུ་བཞག་ན་བདེ། དེར་མ་ཟད། ཤར་བ་དང་ལྷོ་པ་ཞེས་པ་ནི་རྒྱ་གར་གྱི་ཡུལ་མི་འདྲ་བའི་མཁས་པའི་རྩོམ་ཉམས་པའི་ཉམས་མི་འདྲ་བ་གཉིས་ལ་ཟེར་ཞིང་། བོད་ནི་རྩོམ་གྱི་ཉམས་མི་འདྲ་བ་ཡོད་ཀྱང་། ཤར་ལྷོའི་དབྱེ་བ་ནི་མེད་པར་མ་ཟད། རྩོམ་ཉམས་དང་། ཚིག་གི་སྡེབ་སྦྱོར་ལ་སོགས་པའི་ཐད་ནས་ཀྱང་རྒྱ་གར་ཤར་ལྷོའི་དེ་དང་མི་འདྲ་བས། ཤར་པའི་ལུགས་དང་ལྷོ་པའི་ལུགས་ཞེས་པ་ལ་རྒྱུ་མཚན་ཅི་ཡང་མེད། དེ་ལས་ཁ་དམ་པའི་ལུགས་དང་ཁ་གསལ་བའི་ལུགས་ཞེས་བརྗོད་ན་དོན་ལ་ཡང་གནས་ཤིང་བོད་རང་གི་ཁྱད་ཆོས་ཀྱང་ཡོད་ལ་གོའང་བདེ་བ་ཡིན་ནོ། ། རང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི། རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་ནི། སྤྱིར་རྒྱ་གར་དང་བོད་ཀྱི་བར་ལ་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་པོ་ཡོད་མོད། འོན་ཀྱང་ཡོད་ཚད་རྒྱ་གར་ནས་བྱུང་བར་ལྟར་སྙམ་ན། བོད་རིགས་པ་རང་གི་ལོ་རྒྱུས་དང་། རང་གི་རིག་གནས། རང་གི་ཁྱད་ཆོས། རང་གི་བསམ་བློ། རང་གི་ཡུལ་སྲོལ་གོམས་འདྲིས་སོགས་ཡོད་དམ། བཅིངས་འགྲོལ་བྱས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡང་། འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱེད་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པར་མ་ཟད། ང་ཚོའི་མི་རིགས་འདིའི་ངོ་ཚ་ཞིག་ཀྱང་རེད། ཁྱེད་ཀྱི་<<འཕྲུལ་གྱི་ལྡེ་མིག>>དང་འདྲ་བར་ཆད་ལྷག་ནོར་འགལ་གྱི་ལྕགས་ཟྭ་བཙའ་རོ་རེ་རེ་བཞིན་འབྱེད་ནུས་ན། <<བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་མེ་ལོང>>ཞིག་མི་འགྱངས་པར་འཁྲུངས་ཐག་ཆོད་རེད།
གྲོགས་པོ་ལགས། ཕྲན་གྱིས་བལྟས་ན། དབྱུག་པ་ཅན་གྱིས་<<སྙན་ངག་མེ་ལོང>>ཞིག་རྩོམ་ནུས་ན། ང་ཚོས་<<བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་མེ་ལོང>>ཞིག་རྩོམ་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། “དེས་ན་བོད་ཀྱི་སྙན་ངག་སྨྲ་བ་རྣམས་ཀྱིས་ཀྱང་<<སྙན་ངག་མེ་ལོང>>གཞིར་བྱས་ཐོག་བོད་ཡིག་གི་ཁྱད་ཆོས་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་རང་གི་ཚིག་སྦྱོར་མཛེས་བྱེད་ཀྱི་རྒྱན་སྣ་ཚོགས་འཚོལ་སྡུད་དང་དབྱེ་འབྱེད་ལེགས་སྒྲིག་བཅས་བྱས་ནས་རིགས་པས་གཏན་ལ་ཕབ་སྟེ་རང་གི་རྒྱན་ཚང་ཞིང་གཞན་གྱི་བཅུད་འདུས་པའི་བསྟན་བཅོས་ཤིག་མཛད་ན་ནི་ཆེས་ཏུ་ལེགས་ཤིང་རིགས་པ་ཞིག་ཡིན”པས། མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་དཔྱིད་དཔལ་དེ་དཔྱིད་མགོའི་ནང་ལ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་བཞད་པར་གྱུར་ཅིག།