ཤེད་བུ།
ཨ་ཁུ་སངས་རྒྱས་ཞི་བར་གཤེགས་པ་ལ་རང་སེམས་ཀྱི་མྱ་ངན་ཞི་ཆེད་དུ།
ཨ་ཁུ་སངས་རྒྱས་སྐུ་གཤེགས་པའི་གནས་ཚུལ་དེས་ང་ཉིན་འདི་ཚོར་བསམ་གཞིགས་ཀྱི་ཀློང་དུ་བསྐྱལ། ཕྱིར་འདང་ལ་ཕྱོགས་མི་དགོས་པར་ཁོང་དང་འབྲེལ་བའི་གཏམ་རྒྱུད་མོད་པོ་ཞིག་དྲན་ངོས་སུ་འཆར་འོང་གི་འདུག ཁོང་ནི་རེབ་གོང་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་ཆེན་པོའི་ཡོངས་འཛིན་རྗེ་འཇིགས་མེད་ཐེག་མཆོག་གི་དགེ་རྒན་གནང་མྱོང་བ་མ་ཟད། རེབ་གོང་སྐྱབས་མགོན་གྱི་ཁུ་བོ་ཡིན། སྤྲུལ་སྐུ་བྱིས་དུས་ནས་ཁོང་གིས་བསྐྱངས་པ་མ་ཟད། གདན་སར་བཀོད་དེ་མཛད་འཕྲིན་རྒྱས་པའི་སྐབས་སུའང་ཨ་ཁུ་སངས་རྒྱས་སྔར་བཞིན་བཙན་པོ་དང་། བཀའ་དྲིན་ཅན་དང་། ཆོས་སྲིད་གང་ཐད་ནས་བསྙེས་ཆོག་ཆོག་གི་རྒྱབ་རི་མཐོན་པོ་ཞིག་ཡིན། རིན་པོ་ཆེས་ཀྱང་ཨ་ཁུ་སངས་རྒྱས་ཞེས་ཡང་ཡང་གསུངས་པ་ད་དུང་ངའི་དྲན་པར་གསལ་བོ་ཡོད་ནའང་། དེའི་སྐོར་རྒྱས་པར་མི་གླེང་།
འུ་ཚོ་ཐུན་མོང་གིས་ཤེས་པ་ནི། བོད་ཀྱི་རིག་གནས་དང་ངོ་བོ་དབྱེར་མེད་དུ་འདྲེས་པའི་ཁོང་ནི་ཆག་འཇིག་གི་སྐབས་སུ། གཉན་འཕྲང་གི་དུས་སུ་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་དབུ་འཕང་བསྟོད་མཁན་ཤིག་ཡིན་པ་དེ་རེད། ལབ་བརྒྱབས་ནས་ནམ་ཡང་ཁྱབ་བསྒྲགས་ཀྱི་མདུན་དུ་ཐོན་ཐོན་ལ་ཡོད་མཁན་གྱི་གྲས་མིན་པར། ཁུ་སིམ་མེར་འགག་རྩ་རྐྱང་རྐྱང་ནས་ཤུགས་འདོན་མཁན་ཞིག་ཡིན་པ་དེ་རེད། དགུང་ན་གཞོན་དུས་ནས་རྩོམ་པ་ལ་བྱང་ཆུབ་ཅིང་བསམ་བློའི་ན་སྨིན་པ་ཞིག་ཡིན་པ་དེ་རེད། ཁོང་ཁྱབ་བསྒྲགས་ལ་མི་དགའ་བས་ཁོང་ལ་དྲ་ཐོག་གི་ནག་རྒྱག་པཎྜིཏ་ཚོའི་སྦིར་གྲགས་ཙམ་ཡང་མེད། ཡིན་ནའང་། ཤེས་མཁན་དང་གཟུར་གནས་པ་དག་གི་གཅེས་ཕྲུག་ཅིག་དང་། དཔུང་གྲོགས་ཤིག རྒྱབ་རི་ཞིག་བཅས་ཡིན། དཔེར་ན། དཔལ་དོན་གྲུབ་རྒྱལ་ཕོ་གསར་ཡིན་དུས། དགག་གཞག་གི་དབུ་འཕང་སྤྲིན་པའི་ཁོང་གསེང་ན་ཡོད་དུས། ཐ་ན་རང་གི་དགེ་རྒན་སོགས་ལའང་རྣམ་དཔྱོད་ཀྱི་འགྲན་འཛུགས་པའི་སྐབས་སུ། ཨ་ཁུ་སངས་རྒྱས་ལ་འདི་ལྟར་གསུངས་ཡོད།
“ཉེ་ལམ་སྐུ་བདེ་ཞིང་ཐུགས་དགེ་བ་གཞིར་བཅས་གུས་ཞུ། ཉིད་ཀྱི་ལྗགས་རྩོམ་༼འཕྲུལ་གྱི་ལྡེ་མིག༽ པར་དུ་བསྐྲུན་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། བླང་དོར་ཡོད་པའི་སྒོ་ནས་ཚིག་རྒྱན་རིག་པའི་སྒོ་མོ་ཕྱེ་བ་ལ་བཀའ་དྲིན་ཆེ་ཞུ་བ་ལགས། གླེང་གཞི་དང་མཇུག་བསྡུ་བའི་གཏམ་ལས་ཉིད་ཀྱི་དགོངས་པ་ཇི་བཞིན་དུ་རྟོགས་ཐུབ་ཅིང་། ཁོ་བོ་ཡང་རྗེས་སུ་ཡི་རང་བར་གྱུར་ཏེ་དགའ་བའི་སྤྲོ་སྣང་གནོན་མ་ཐུབ་པ་དང་གཅིག ལྟ་བའི་རྩ་བ་གཞི་གཅིག་ཏུ་མཐུན་པས་དཔུང་གི་རྒྱབ་རྩ་སྣོན་པའི་ཀུན་སློང་བཅོས་མིན་དུ་སྐྱེས་པ་དང་གཉིས། གནད་དོན་འགའ་ཞིག་ཐད་མི་མཐུན་པའི་བསམ་འཆར་བྱུང་བ་ཁྱེད་དང་བརྗེ་རེས་བྱེད་འདོད་དང་གསུམ་བཅས་ཀྱིས་སྣ་དྲངས་ཏེ། རྩོམ་འདི་བྲིས་པ་ལགས། འདིར་རང་རེའི་བར་ལ་དགོས་མེད་ཀྱི་དོགས་པ་འདྲ་མི་འབྱུང་བའི་ཆེད་དུ་རྩོམ་ཡིག་འདི་ཐད་ཀར་ཁྱེད་ལ་བསྐུར་ཏེ། མཛའ་མཐུན་གཅུགས་པའི་མདུད་རྒྱ་ཇེ་དམ་དུ་གཏོང་འདོད་པ་ཡིན།” ཞེས་མགོ་བརྩམས་ཏེ། “ཁྱེད་ཀྱི་འཕྲུལ་གྱི་ལྡེ་མིག་དང་འདྲ་བར་ཆད་ལྷག་ནོར་འགེལ་གྱི་ལྕགས་ཟྭ་ཙ་རོ་རེ་རེ་བཞིན་འབྱེད་ནུས་ན། བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་མེ་ལོང་ཞིག་མི་འགྱངས་པར་འཁྲུངས་ཐག་ཆོད་རེད།
གྲོགས་པོ་ལགས། ཕྲན་གྱིས་བལྟས་ན། དབྱུག་པ་ཅན་གྱིས་སྙན་ངག་མེ་ལོང་ཞིག་རྩོམ་ནུས་ན། ང་ཚོས་བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་མེ་ལོང་ཞིག་རྩོམ་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། དེས་ན་བོད་ཀྱི་སྙན་ངག་སྨྲ་བ་རྣམས་ཀྱིས་ཀྱང་སྙན་ངག་མེ་ལོང་གཞིར་བྱས་ཐོག་བོད་ཡིག་གི་ཁྱད་ཆོས་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་རང་གི་ཚིག་སྦྱོར་མཛེས་བྱེད་ཀྱི་རྒྱན་སྣ་ཚོགས་འཚོལ་སྡུད་དང་དབྱེ་འབྱེད་ལེགས་སྒྲུག་བཅས་བྱས་ནས་རིགས་པས་གཏན་ལ་ཕབ་སྟེ། རང་གི་རྒྱན་ཚང་ཞིང་གཞན་གྱི་བཅུད་འདུས་པའི་བསྟན་བཅོས་ཤིག་མཛད་ན་ནི་ཆེས་ལེགས་ཤིང་རིགས་པ་ཞིག་ཡིན་པས། མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་དཔྱིད་དཔལ་དེ་དཔྱིད་མགོའི་ནང་ལ་བོད་ཀྱི་ཡུལ་གྲུ་ཀུན་དུ་བཞད་པར་གྱུར་ཅིག ལོ་མགོ་དཔྱིད་ནས་འཛིན་པའི་ལོ་སར་སླེབས་གྲབ་འདུག བསམ་ཚུལ་ལྷུག་པ་རྣམས་རྗེས་སུ་བརྗེ་རེས་བྱ། ཐུགས་བདེ། སྐུ་བདེ། བཀྲ་ཤིས། ཞལ་དྲོ།
༡༩༨༤ ལོའི་ཟླ་དང་པོའི་ཚེས་ ༢༦ ལ།” ཞེས་འཕྲིན་ཡིག་གི་མཇུག་བསྡུས་ཡོད། འཕྲིན་ཡིག་འདི་ནི་ ༡༩༨༣ ལོར་ཨ་ཁུ་སངས་རྒྱས་ཀྱི་དེབ་བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་པ་བཀླགས་རྗེས་ཀྱི་འཆར་སྣང་འཕྲིན་ཡིག་གི་རྣམ་པས་བསྐུར་བ་ཞིག་རེད། འདིའི་ནང་དུ་སྙན་ངག་དང་ཚིག་རྒྱན་གྱི་སྐོར་ནས་རྒྱས་པར་བྲིས་ཡོད། འཕྲིན་ཡིག་འདི་ནི། ཕལ་ཆེར་དཔལ་དོན་འགྲུབ་རྒྱལ་གྱིས་སྐུ་ཚེའི་རིང་མགོ་ནས་མཇུག་བར་གུས་ཞབས་མ་གློད་པར་བྲིས་པའི་རྩོམ་ཡིག་གཅིག་པུ་དེའང་ཡིན་སྲིད། གང་ལྟར་འདི་ནི་མཁས་པ་མཁས་པའི་ཁྲོད་ན་མཛེས་ཚུལ་རེད། གཟུར་གནས་གཟུར་གནས་མི་ཡིས་མཐོང་སྟངས་རེད།
དཔལ་དོན་གྲུབ་རྒྱལ་གྲོངས་པའི་རྗེས་སུ། ང་དོན་གྲུབ་རྒྱལ་གྱི་གྲོགས་པོ་ཡིན་ཟེར་མཁན་མང་པོ་ཞིག་གིས་ལོ་བཅུ་གྲངས་རེའི་རྗེས་སུ་དོན་གྲུབ་རྒྱལ་གྱི་ཅིག་ཅིག་རེད་ཅེས་ཕྱི་ལ་བཀྲམས་ཏེ་དོན་གྲུབ་རྒྱལ་ལ་བསྙེས་ནས་སྙན་གྲགས་འཚོལ་མཁན་མང་དུ་བྱུང་། ཡིན་ནའང་། དཔལ་དོན་གྲུབ་རྒྱལ་ཞལ་བཞུགས་དུས་སུ་འདི་ལྟར་གདེང་འཇོག་གནང་བའི་གྲོགས་པོ་མཐོང་མྱོང་ངམ། ཨ་ཁུ་སངས་རྒྱས་ཀྱིས་དོན་གྲུབ་རྒྱལ་ལས་སྙན་གྲགས་འཚོལ་བར་འཛེམ་པ་མ་གཏོགས་ཁོང་གཉིས་ཀྱི་གྲོགས་པོའི་མཛའ་འབྲེལ་དང་གདེང་འཇོག་ཡོངས་འཕྲིན་ཡིག་དེར་གསལ་བ་ཞིག་རེད།
ཁོང་གིས་གཞོན་དུས་ནས་གསར་རྩོམ་བྲིས་ནས་སྤྱི་ཚོགས་འུར་ལ་སྐུར་རྒྱུ་བསྐྱུར་ཏེ། བོད་ཀྱི་ཤེས་རིག་གི་སྐྱེད་ཚལ་ཁྲོད་དུ་གསར་རྩོམ་གྱི་ལག་ཆ་བཏུས་ནས་དབོར་ཅི་ཐུབ་གནང་བ་རེད། དཔེར་ན། ༡༩༨༣ ལོར་(འཕྲུལ་གྱི་ལྡེ་མིག་)བརྩམས་ཤིང་། ༡༩༨༧ ལོར་(སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ་)བསྒྱུར་བ་རེད། དུས་སྐབས་དེ་དང་དེའི་གནས་སྐབས་ཀྱི་བོད་ཀྱི་རྩོམ་རིག་ལ་སོམས་དང་། གནད་འགག་ཇི་འདྲ་ཞིག་བཟུང་ཡོད་པ་ཧ་ཅང་གསལ་བོ་རེད།
བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ཆེ་ཤོས་སྦྲང་ཆར་དང་རྨད་བྱུང་གསུང་རབ་ཀྱི་འབྱུང་ཁུངས་གནད་ཅན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། བྱིས་པའི་ཤེས་རིག་གི་སྡིངས་ཆ་གངས་རྒྱན་ན་ཆུང་ཚགས་པར། མི་རབས་གསར་བ་སྐྱེད་སྲིང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ། རྒྱ་ནག་གི་ཚིག་མཛོད་ཡག་ཤོས་བོད་བསྒྱུར་སོགས་གནད་འགག་རྐྱང་རྐྱང་གི་སྲོག་ཤིང་གནང་མྱོང་བ་དང་། དེའང་བོད་ཡིག་གིས་བྲིས་ཏེ་རྒྱ་སྐད་བཤད་པ་དང་། འགྲེལ་བཤད་བྲིས་ཏེ་བསྒྱུར་བའི་མིང་འཛིན་མཁན་དག་དང་མི་འདྲ་བར། བོད་ཡིག་ལ་བསྒྱུར་རྗེས། བོད་སྐད་ལ་བསྒྱུར། བོད་སྐད་ལ་བསྒྱུར་རྗེས་སུའང་སྡུད་པ་དང་གནད་འདུས་སུ་རྩོམ་སྒྱུར་གནང་བ་ནི་ཁོང་གི་ལོ་ཙཱ་བྱེད་ཐབས་ཀྱི་ཡོན་ཏན་ལ་མཐོང་གི་འདུག དེ་མིན་ཤོག་བུ་བརྒྱ་ཅན་གྱི་དེབ་གཅིག་ཤོག་བུ་བརྒྱ་དང་ལྔ་བཅུ་ཅན་ཞིག་ལ་བསྒྱུར་ན། དེའི་ནང་ལྷག་པ་ག་ཚོད་ཅིག་ཡོད་པ་རིགས་པ་ཅན་སུ་ཞིག་གིས་མི་ཤེས་ཨང་།
ཁོང་གིས་ད་ལྟའི་བར་དུ་བརྡ་ཆད་འབུམ་བརྒྱད་ལྷག་གཏན་འབེབས་གནང་བར་བཤད་ན། དེ་སུ་ཞིག་གི་བློ་ཡིད་དུ་ཤོངས་པ་ཞིག་མ་རེད། དཔེ་ཉེ་ས་ནས་བཞག་ན། དེབ་གྲངས་ཉིས་བརྒྱ་ཉེར་གསུམ་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་དུ་མ་ཚིག་སུམ་འབུམ་དགུ་ཁྲི་ལྔ་སྟོང་ལས་ཡོད་པ་མ་རེད། ལྷག་པར་ད་ལྟའི་བར་གྱི་བོད་རྒྱ་ཚིག་མཛོད་དག་ནི་མིང་ཚིག་ཐོ་གཏུག་དང་མིང་འགྲེལ་ཙམ་ཏུ་ཟད་མོད། ཚིག་རེ་རེའི་འཇུག་ཚུལ་གྱི་གྲངས་དང་བཅས་བསྒྱུར་བའི་(དེང་རབས་རྒྱ་ཡིག་ཚིག་མཛོད་)ཅེས་པ་ནི་ཤེས་རིག་གི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཡིན་ཏེ། བོད་ཀྱི་ལོ་ཆེན་དག་གིས་ནང་བའི་གཞུང་ཆེན་བསྒྱུར་དུས།“ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །” ཞེས་རྒྱ་གར་མཁས་པའི་གསུང་བོད་སྐད་དུ་བསྒྱུར་ཞིང་འགྲེལ་བ་དང་ཕྱོགས་མཐུན་པ་ཞིག་མ་རེད་དམ།
ད་དུང་ཁོང་གིས་རྩོམ་ཇི་འདྲའི་ཟབ་མོ་འབྲི་ཤེས་པ་ཁོང་གི་བསྟན་བཅོས་དག་བཀླགས་ན་གསལ་བོ་ཡིན། ལྷག་པར་(ཡིག་གསུམ་མདོ་)ཡི་འགྱུར་རྩལ་ལ་གཟིགས་དང་། ངོ་མཚར་གྱི་སྣང་བ་ཞིག་དང་དབང་མེད་དུ་གདེང་འཇོག་ཅིག་མ་བྱས་ཐུ་མེད་ཡིན།
ཁོང་ནི་དཔེ་ཀློག་ལ་དགྱེས་ཤིང་སྐྱེས་བུ་དམ་པའི་རྣམ་ཐར་ལ་མོས་པ་དང་། དེ་ལས་ཀྱང་ཆོས་ཚུལ་གྱི་ཉམས་རྟོགས་དང་། རྩོམ་ཚུལ་ལ་དབང་ཐོབ་པའི་ཤར་སྐལ་ལྡན་རྒྱ་མཚོའི་རྣམ་པར་ཐར་བས་ཐུགས་ཡིད་འཕྲོག་ཅིང་།མགུར་ཚན་རིང་ཐུང་༢༣༥ ཅན་གྱི་ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། གནས་དབེན་པ་ནས་ཉམས་ལེན་བྱས་པ་མྱོང་ཐོག་ནས་མ་ནོར་བར་སྟོན་པའི་མགུར་མ་དང་། ལྷ་ཆོས་དང་མི་ཆོས་བསླབ་བྱ་དང་འབྲེལ་བའི་ལམ་སྟོན་དག་གིས་ཁོང་དུལ་བར་བྱས། ཞི་བར་བྱས། རབ་ཏུ་ཞི་བར་བྱས་པའི་སྣང་བ་ཞིག་དང་། ཡབ་རྗེ་བླ་མའི་དབུ་མའི་ལྟ་མགུར་དང་སྔགས་ཀྱི་རྟོགས་མགུར་དག་གི་ཟབ་མོའི་ཆ་དང་རྒྱ་ཆེ་བའི་ཆས་ང་རྒྱལ་དང་ཁེངས་པ་ཞི་བར་བྱས་པ་དང་། སྤྱིར་ན་ཡབ་རྗེའི་མགུར་མ་དག་གཞན་ལ་ལད་ཟློས་དང་སྡེབ་སྦྱོར་ཙམ་མིན་པར། རྩོམ་ཚུལ་ལ་རང་དབང་ཐོབ་ཅིང་ཆོས་བརྒྱད་རླུང་ལ་བསྐུར་བའི་རང་དབང་གི་ལྟ་བས་ཨ་ཁུ་སངས་རྒྱས་ཀྱི་ཡིད་འཕྲོག་ཐལ་ཏེ། གཉིད་ན་སད་ན་དེ་ལ་འགྲམ་ཆུ་འཁོར་བའི་མི་བོ་ཞིག་ཡིན་པས། འཇིག་རྟེན་གྱི་གོ་མིང་ཐོབ་མིང་གྲངས་ཀ་ཅན་ཞིག་གིས་ཁོང་བཙལ་མོད་ཨ་ཁུ་སངས་རྒྱས་ཀྱིས་དེ་དག་ལ་སྣང་བ་བཏང་མྱོང་མེད་པ་མ་ཟད།ཁོང་གི་མིག་ནང་ནས་དེ་དག་ནི་བྱིས་པའི་རྩེད་མོ་ཙམ་ཡིན། འདི་ཁོང་གི་བུ་མོས་བྲིས་པའི་རྩོམ་ནང་ཟུར་ཙམ་འབྱུང་བ་ནི་འདི་ལྟར། “ངས་ཤེས་ཏེ། ཁྱེད་ཀྱི་མི་ཚེ་འདིའི་ཕངས་སེམས་ཆེས་ཆེ་བའི་དོན་ནི། གྲུབ་ཆེན་ཆོས་པ་རིན་པོ་ཆེ་དང་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ནང་བཞིན་ཧ་ཅང་དབེན་འཇགས་ཀྱི་ནགས་གསེབ་ཅིག་ཏུ་རང་གི་ནང་སེམས་ཀྱི་ཏིང་འཛིན་ལ་རོལ་མ་ཐུབ་པ་དེ་ཡིན། ” ཞེས་བྲིས་ཡོད་པ་དེས་མཚོན་པ་ཡིན། དེ་ལས་ཀྱང་ཁ་གསལ་ཙམ་བཤད་ན་ཁོང་ནི་ཏང་གི་སློབ་གྲྭ་ནས་ནར་སོན་ཞིང་། ཏང་གི་ལས་བྱེད་བྱས་ཏེ་སྐུ་བགྲེས་པའི་དགེ་བཤེས་ཤིག་ཡིན་པ་དེ་རེད། འཕགས་མཆོག་ཕྱག་ན་པད་མོའི་ཐུགས་རྗེའི་གདུལ་བྱང་བོད་ཁ་བ་ཅན་ཆགས་འཇིག་གཉན་འཕྲང་གི་སྐབས་སུ། སྟོན་མཆོག་ཤཱཀྱ་སེང་གེའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གསུང་གི་མ་སྐད་བོད་ཀྱི་སྐད་དང་ཡི་གེར་རྒོལ་བའི་བདུད་སྲིན་གྱི་གདོན་ཁ་སྟོབས་ཀྱིས་འབར་བའི་དུས་སུ། ཁོང་གིས་ལུས་ངག་ཡིད་གསུམ་རྩལ་སྤྲུགས་ཀྱིས་གསུང་རབ་དཔར་བསྐྲུན། གཞུང་ལུགས་གསར་རྩོམ་དང་སྡུད་སྒྲིག རྩོམ་སྟེགས་གསར་སྤེལ། ཕྱི་ཡིག་ནང་འདྲེན་བཅས་ལ་གཞོལ་ཞིང་། དེའང་ཁེ་ཕན་དང་གྲགས་སྙན་སོགས་རྡོག་པས་བརྫིས་ནས་དོན་གྱི་གནད་པོ་རྐྱང་རྐྱང་གི་་གསེར་གྱི་ཀ་བ་དང་དངུལ་གྱི་སྲོག་ཤིང་བྱས་པ་དེ། བླ་སྤྲུལ་དགེ་བཤེས་རྩེ་ཕུད་ཅིག་གི་མཛད་པ་ལས་འཕགས་ཤིང་། དེ་ཡི་རྣམ་དཀར་དགེ་རྩའང་འདི་སྐྱིད་ཕྱི་སྐྱིད་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཞིག་ཡིན་པས། ཁོང་ནི་ཇི་འདྲའི་རླབས་ཆེ་བ་ལ་ཨང་།
མང་པོ་ཞིག་གཞན་དང་གཞན་གྱིས་བྲིས་པའི་རྗེས་དྲན་རྩོམ་ཡིག་ཁག་ན་གསལ་བོ་འདུག ད་ནི་མང་པོ་མི་འབྲི། བླུན་པོ་སྨྲ་བ་ཉུང་ན་མཛེས། ཁྱེད་ཚོས་ང་ལ་ཨ་ཁུ་སངས་རྒྱས་ཤེས་སམ་ཞེས་མ་འདྲི། ངས་མི་ཤེས། ང་མི་ཚེ་འདིར་ཁོང་ལ་ཐེངས་གཅིག་ཐུག་མ་མྱོང་། ཡིན་ནའང་། ངས་ཁོང་ཤེས། ཕ་ཡུལ་ན་ཡོད་དུས་ནས་བཟུང་ཤེས། ཁོང་ནི་ངས་སྐུ་ཚེ་ཡུན་རིང་བརྟན་པར་སྨོན་ལམ་བཏབ་མྱོང་བའི་སྐྱེས་བུ་འགའ་ཡོད་པའི་ཁྲོད་ཀྱི་གཅིག་ཡིན། དེར་བརྟེན། ཁོང་གཏན་དུ་བཞུད་པའི་གནས་ཚུལ་དེས་ང་འཇིགས་ཡེར་རེར་བཏང་ཞིང་། ལྗིད་ཏིག་གེར་བསམ་གཞིགས་ལ་ནག་ལྷུང་བར་བྱས་སོང་། ངས་རང་སེམས་ལ་ངལ་གསོ་བའི་ཕྱིར་ཡིག་ཉོག་འདི་དག་སྤུངས་པ་ལས། ང་ལ་ཁོང་རྗེས་དྲན་བྱེད་པའི་ཤེས་རབ་མེད་ལ། འོས་བབ་ཀྱང་མེད།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠༣ ཚེས་ ༠༡ ཉིན། ཕ་རེ་སིའི་ས་འོག་མེ་འཁོར་བཞི་བའི་ནང་གདུང་སེམས་ཆེན་པོས་བྲིས།
ཁྱོད་ས་འོག་དེ་ན་མང་ཙམ་བཞུགས་ན་ཡག་པོ་ཡོད་ས་རེད།