རྫ་ཚེ་རིང་བཀྲ་ཤིས།
ཕ་རུས་དཔལ་མཚོ་ཚང་གི་བུ་རབས་ཚ་བརྒྱུད་དུ་གྱུར་པའི་ངོས་ནས་ཕུ་ནུར་ཡང་འགྲོ་ལ། སྤྱིའི་ཆ་ནས་ཀྱང་ཆོས་གྱི་མཆེད་དང་འདྲིས་པའི་གྲོགས་པོར་ཡང་གྱུར་པ། སློབ་དཔོན་སྣ་ཚོགས་གཟུགས་ཅན་མཆོག་གི་ལས་འཕྲོ་གཏེར་གྱི་རྣམ་བཤད་ཆེན་མོ་དེ་ད་ལྟ་དངོས་སུ་ལག་ཏུ་འབྱོར། འདིའི་ཐད་ཁོང་དང་མཉམ་དུ་རོང་ཟོམ་བརྙན་འཕྲིན་དུ་གླེང་མོལ་ཞིག་ཀྱང་གོ་སྒྲིག་ཞུ་བཞིན་པའི་སྒང་ཡིན།
ཁོང་ནི་མཁྱེན་རྒྱ་དང་ཤེས་རབ། རྩོམ་རྩལ་གང་ཅི་ནས་ཚད་ཧ་ཅང་མཐོ་ལ། ལོ་མང་པོ་ཞིག་ལ་ཨ་རི་སྒོར་མོའི་ལུང་པ་ནས་ལྟོ་སྐྱ་གོས་ཧྲུལ་གྱིས་དུས་ཚོད་ཡོད་ཚད་ཐོས་པ་དང་རྩོམ་པ་སོགས་ལ་བརྗེས་པ་ཞིག་ཡིན་ཞིང་། ཁོང་གིས་བརྩམས་པའི་གུ་རུ་རིན་པོ་ཆེའི་རྣམ་ཐར་ལ་སྒྲོ་སྐུར་ཟློག་པའི་གཏམ་ལྟ་བུ་ངས་ཀྱང་མང་པོ་ཞིག་ལ་རྟག་ཏུ་འོས་སྦྱོར་ཞུ་བཞིན་ཡོད། བརྗོད་བྱ་བརྗོད་བྱེད་ཤིན་ཏུ་ཕུན་སུམ་ཚོགས་པའི་དཔྱད་རྩོམ་དེ་ལྟ་བུ་མཇལ་རིན་ཡོད་པ་ཞིག་ཡིན།
དེབ་འདི་ཡང་དེབ་ཀྱི་བམ་ཁ་ཙམ་གྱིས་ཀྱང་བློ་ཆུང་བརྩོན་པས་བཏང་བ་དག་འཇིགས་པ་སྐྱེ་བ་ཞིག་འདུག་ལ། ནང་དོན་སྤྱི་དང་། གཏེར་དང་འབྲེལ་བའི་རྣམ་པར་བཤད་པ་རྒྱ་ཆེ་བའི་ཁོག་དབུབ་སྟངས་དང་གཞུང་འགྲོལ་སྟངས་སོགས་ནི་ཧ་ཅང་ལེགས་པ་སྨོས་མ་དགོས།
ཡིན་ན་ཡང་། འབྲེལ་ཡོད་གཏེར་སྟོན་གྱི་ཁོངས་སུ་ཉེ་རབས་ཀྱི་གཏེར་སྟོན་དུ་སྐད་པའང་འགའ་ཞིག་བསྡུས་ཡོད་པ་དེར་སྒེར་གྱི་ལོག་མཐོང་གི་དབང་དུ་བཏང་ན་འགའ་རེ་ནི་རེ་ཞིག་བཏང་སྙོམས་སུ་བཞག་ནའང་ཆད་སྐྱོན་དུ་མི་འགྱུར་སྙམ་པའི་བསམ་ཚུལ་ཅུང་ཟད་ཡོད་པ་ནི། སྔར་དེབ་ལག་ཏུ་མ་འབྱོར་བའི་གོང་ནས་སེམས་ཀྱི་འཆར་ཆ་ཟོལ་མེད་དུ་ཞུས་པ་ཡིན། འོ་ན། སུ་ཞིག་བཅུག་ན་འགྲིག་དང་། སུ་ཞིག་བཅུག་ན་མི་འགྲིག་པའི་ཁ་གསལ་ནི་གང་ཡང་ཞུ་རྒྱུ་མེད། མ་ཟད་ཁོང་རྣམ་པ་ནི་དག་སྣང་ཆེ་བ་དང་ཆོས་སྤྱན་ལྡན་པས་འདིའི་རིགས་ལའང་ཁོང་རྣམ་པ་རང་གི་ས་མཚམས་ཆུ་མཚམས་ཤིག་ལོས་ཡོད་ཞུ་རྒྱུ་ལས་ཅང་མེད། བོད་ནང་དུ་གཏེར་གསར་ཕྱོགས་བསྒྲིགས་ཀྱི་ལས་དོན་གནང་བཞིན་པའི་ཆོས་གྲོགས་དག་ལའང་བསམ་ཚུལ་འདི་རང་ཡོད་མོད། ང་ལྟ་བུ་ལ་ནི་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ལྟ་བུའི་གཏེར་སྟོན་དག་རྫུན་སོགས་ཀྱི་ཐད་ཁྲིམས་ཐག་གཅོད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ག་ལ་ཡོད། ཆོས་ཀྱི་རྗེས་སུ་འབྲངས་པའི་རྣམ་དཔྱོད་ཀྱང་ཕལ་བ་ལས་མེད་པས་འདི་དག་གི་ཐད་གང་ཡང་ཞུ་མི་ནུས་པར་སྣང་།
གང་ལྟར་ཡང་། ལས་འཕྲོ་གཏེར་གྱི་རྣམ་བཤད་ཆེན་མོ་འདི་ནི་སྔ་ན་མེད་པའི་རྒྱ་ཆེ་བ་དང་། དཔེ་བཤུས་དང་ཕྱོགས་བསྒྲིགས་ལྟ་བུ་མིན་པར་རྩོམ་པ་པོ་རང་གི་ཤེས་རབ་དང་ཐོས་པ་དུས་ཚོད་བཅས་ཀྱིས་གྲུབ་པའི་ནོར་བུ་ལྟ་བུ་ཞིག་ཡིན་པར་མཐོང་སྟེ། ཆ་ཤས་རེ་རེ་ནས་ཀྱང་ད་དུང་དེ་ལས་ཀྱང་ལྷག་པ་བྱུང་ན་སྙམ་པའི་རེ་བ་ཆེ་དྲགས་པའི་ཚོད་དུ་ཡོད་པས། ཞོར་འཕྲོས་ཀྱི་ཚོར་སྣང་ཞིག་ཀྱང་ལབ་ཤོར་བ་ཙམ་ཡིན།
མདོར་ན། གུ་རུ་པདྨའི་རྗེས་འཇུག་པདྨའི་ཟབ་གཏེར་ལ་དགའ་གུས་དང་ལས་ཀྱིས་འབྲེལ་བ་དག་གིས་ཅིས་ཀྱང་ཀློག་དགོས་ངེས་དང་། དད་གུས་སྤྲོ་གསུམ་གྱིས་འཆང་དགོས་པའི་དེབ་ཁྱད་པར་བ་ཞིག་ཡིན་ངེས།
ཡང་ཕྱོགས་གཞན་ཞིག་ནས་ནི། ཁོང་གིས་ཉེ་ཆར་རྡོར་གདན་རྙིང་མའི་སྨོན་ལམ་སོགས་སུ་འགྲེམ་སྤེལ་བྱེད་སྐབས་ཀྱང་། སྐབས་སྐབས་སུ་ནི་ཁོང་དང་ཁོང་གི་དཀའ་ལས་བརྒྱབ་པའི་བསྟན་པ་སྤྱི་ལ་སྨན་པའི་ཕྱག་ལས་དེར་ཚུར་ཆེ་མཐོང་དང་དཔའ་དར་ཞིག་ཐོབ་འོས་པ་ལ། སོ་སོའི་དཀའ་ལས་བརྒྱབ་ནས་བྲིས་ཤིང་དཔར་བར་མ་ཟད། དུང་ཁ་བཏགས་ཀྱིས་ལྕིབས་ནས་མགོ་སྒུར་ལྕེ་སྣར་ཏེ་བླ་ཆེན་ཚོའི་ཁྲི་ཟུར་ནས་ཡར་འབུལ་ས་ཨེ་རག་ལྟ་དགོས་པ་སོགས་དྲ་ལམ་ནས་མཇལ་སྐབས། དབང་ཐང་གི་མདུན་དུ་ཤེས་རབ་ཅན་གྱི་ཁ་སྟབས་ཉམ་ཆུང་བར་མཐོང་བའི་དཔེ་ཆ་བའི་ང་རྒྱལ་གྱི་འཁང་རའང་ཤོར་ལ་ཁད་པ་རེ་བྱུང་མོད་དེའང་སྒེར་གྱི་ཚོར་སྣང་ཙམ་ཡིན་པའི་རེ་བ་ཡོད །
གང་ལྟར། དོན་ལ་ཁོང་གི་གསུང་རྩོམ་འདི་ཉིད་ལའང་ཁ་བསྐོང་དང་ལེགས་བཅོས་དགོས་ངེས་ཅུང་ཟད་རེ་ནི་ཡོད་སྲིད་མོད། སྤྱིའི་ཆ་ནས་སྔ་འགྱུར་བཀའ་གཏེར་ཟུང་གི་ཡ་གྱར་ལས་འཕྲོ་གཏེར་བརྒྱུད་དང་འབྲེལ་བའི་རྣམ་བཤད་གལ་ཆེན་ཞིག་ཏུ་གྲུབ་འདུག་པའི་བདེན་དོན་ནི་ཡུལ་དང་དུས་ཀྱི་རྒྱ་ལས་བརྒལ་ནས་ཡུན་ནས་ཡུན་དུ་བརྟན་པར་གནས་པར་ངེས་སོ། །
ཤེས་རབ་རྒྱལ་བར་གྱུར་ཅིག །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོ་ནས་ཡོལ་བུའི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ཀྱི་ཕྱི་དྲོ་འཕྲལ་བསམ་ཚུལ་ཡི་གེར་བཏགས་སོ།།
དེབ་དེའི་སྲབ་མཐུག་ལ་བལྟས་པ་ཙམ་གྱིས་རྩོམ་པ་པོས་དཀའ་ལས་ཇི་ལྟར་རྒྱབ་ཡོད་པ་ཤེས་ཐུབ། སྣ་ཚོགས་རང་གྲོལ་ནི་རྩོམ་རྩལ་དང་མཁས་རྩལ་སོགས་གང་ཐད་ནས་རྗེས་སུ་ཡིད་རངས་བྱ་བར་འོས་པའི་གང་ཟག་ཅིག་ཡིན་པ་སྨོས་མེད་ལགས། དེ་དང་དེ་བཞིན་རྫ་ཚེ་ལགས་ཀྱང་རྣམ་དཔྱོད་ལ་སུ་གང་གིས་འགྲན་ཟླ་མེད་པ་ལྟ་བུ་རེད། མཁས་དབང་རྣམ་པ་ཚོར་དྲི་བ་ཞིག་ཞུ་ཆོག་པ་གནང་། སྤྲུལ་སྐུའི་ལམ་ལུགས་འདི་མཇུག་རྫོགས་ན་ལེགས་སམ་མུ་མཐུད་དེ་གནས་ན་ལེགས། །