འོས་སྦྱོར་བ། རྫ་ཚེ་བཀྲ།
ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༩ ཉིན་ཨོ་གླིང་ཡེ་ཤེས་འཁོར་ལོ་ནང་པའི་ཚོགས་པའི་ཚོགས་གཙོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི་<<རྡོ་རྗེའི་སྣག་ཚ་>>ཞེས་པའི་རྒྱ་ཡིག་གི་དེབ་གསར་ཞིག་འགྲེམས་སྤེལ་གྱི་དེབ་སྟོན་བྱེད་སྒོ་ཞིག་ཨོ་གླིང་གི་གྲོང་ཁྱེར་སིཌ་ནིས་སུ་སྤེལ་ཡོད།
དེ་ཡང་ཕྱི་དྲོ་ཆུ་ཚོད་དང་པོ་ལྷག་གི་རྗེས་སུ་སྐུ་མགྲོན་དག་བཞུགས་གྲལ་དུ་འཁོད་པ་དང་། སྐུ་མགྲོན་དང་ཚོགས་ཞུགས་པ་ཡོང་ལ་བོད་ལུགས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཤིང་། དེ་ནས་རི་སྔོན་པོར་བཞུགས་བཞིན་པའི་བོད་ཀྱི་གླུ་པ་སྨེ་བ་རིན་ཆེན་རྡོ་རྗེས་སྒྲ་སྙན་རྡུང་ལེན་གྱི་དབྱངས་རྟ་སྙན་མོའི་ཁྲོད་དུ་དེབ་སྟོན་གྱི་ལས་རིམ་དངོས་སུ་མགོ་འཛུགས་བྱས།
དེ་ཡང་ཐོག་མར་ཨོ་གླིང་ཡེ་ཤེས་འཁོར་ལོའི་ཚོགས་གཞོན་ཟུར་བ་ཁ་རོན་གྱིས་གཙོ་སྐྱོང་པའི་ངོས་ནས་མཚམས་འདྲི་དང་ལས་རིམ་ངོ་སྤྲོད་ཟིན་རྗེས། སིད་ནིས་མ་ཁོ་རི་གཙུག་ལག་སློབ་ཆེན་གྱི་ཤར་ཕྱོགས་མཚན་ཉིད་རིག་པའི་ཞིབ་འཇུག་ཆེད་མཁས་པ་དང་། འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཆེན་མོ་ཁྲིན་ཧྭས་ཀྱིས་མཚམས་འདྲིའི་གཏམ་བཤད་བྱས་ཤིང་། དེ་རྗེས་རྡོ་རྗེའི་སྣག་ཚའི་ལག་བསྟར་རྩོམ་སྒྲིག་པས་དེབ་གསར་རྩོམ་སྒྲིག་གི་བརྒྱུད་རིམ་དང་འབྲེལ་བའི་གཏམ་བཤད་བྱས།
དེ་རྗེས་མདོ་འཛིན་པས་རྩོམ་པ་པོ་དང་དམིགས་བསལ་སྐུ་མགྲོན་རྣམ་པ་སྡིངས་ཆའི་ཐོག་ཏུ་གདན་ཞུས་ཀྱིས་མཉམ་དུ་ཚོགས་ཞུགས་པའི་དགའ་བསུའི་ཐལ་སྒྲའི་ཁྲོད་དེབ་གསར་གྱི་ཕྱི་ཐུམ་གྱི་སྐུད་པ་དཀྲོལ་ནས་དེབ་གསར་དབུ་འབྱེད་བྱས་ཞིང་། རྩོམ་པ་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དེབ་གསར་དང་འབྲེལ་བའི་གཏམ་བཤད་བྱས་པར་མ་ཟད། ཚོགས་ཞུགས་པ་ཡོངས་དང་། རྩོམ་སྒྲིག་ཚོགས་ཆུང་། དྲ་ཐོག་གི་གསན་གཟིགས་གནང་མཁན། ཡུལ་ངོས་ཀྱི་གོ་སྒྲིག་ལས་བྱེད་པ་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུས།
དེ་རྗེས་ཨོ་གླིང་ཤིས་ན་ཝེར་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་བ་ལྕམ་ཧྭི་ཧྲིན་ཧྭའི་ཞྭ་ལགས་ནས་དེབ་གསར་དང་འབྲེལ་བའི་འཚམས་འདྲིའི་གཏམ་བཤད་བྱས་པར་མ་ཟད། ཁོང་མོས། མོ་རང་ཉིད་ཡེ་ཤུའི་ཆོས་ལུགས་རྙིང་པའི་རྗེས་འབྲངས་པ་ཞིག་ཡིན་ན་ཡང་། ནང་ཆོས་ཀྱི་བྱམས་བརྩེ་དང་ཤེས་རབ་ལ་ཡིད་མོས་ཆེན་པོ་བྱ་བཞིན་ཡོད་པ་དང་། དེབ་འདིས་ཀྱང་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཟེར།
དེ་རྗེས་ཡུལ་ངོས་ཀྱི་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་དེབ་ཀྱི་ནང་དོན་དང་ཁ་ཕྱོགས་ལ་རྒྱུས་ལོན་ཁ་གསལ་ཡོང་ཆེད་སྒྱུ་རྩལ་བ་དང་རོལ་དབྱངས་ཆེད་མཁས་པ་བཅས་ཚུད་པའི་སྐུ་མགྲོན་ཁག་གཅིག་གིས་དེབ་ཀྱི་ནང་དོན་ཚན་པ་གསུམ་གྱེར་འདོན་བྱས་ཤིང་། དེ་རྩོམ་པ་པོ་དང་མཁས་དབང་གཞན་གསུམ་བཅས་ཉམས་དུ་དེབ་དང་འབྲེལ་བའི་བགྲོ་གླེང་བྱས་ཤིང་། ཨོ་གླིང་གི་རྒྱ་རིགས་སྙན་ངག་པ་གྲགས་ཅན་དབྱིན་ཞའ་དང་། རྒྱལ་སྤྱིའི་ཆུ་མཚོན་རི་མོ་གྲགས་ཅན་ཀྲང་ཐའེ་ཅུན། སྒྱུ་རྩལ་རྩོམ་རིག་དང་འབྲེལ་བའི་དཔྱད་བརྗོད་པ་དང་། འཁྲབ་གཞུང་རྩོམ་པོ་འབུམ་རམས་པ་ཧྲིན་ཐོང་བཅས་མཉམ་དུ་གླེང་མོལ་བྱས་ཤིང་། གླེང་མོལ་ཁ་ཕྱོགས་གཙོ་བོ་ཁོ་ཚོས་རང་རང་གི་ལྟ་ཚུལ་དང་འབྲེལ་བའི་དྲི་བ་ཁག་ཅིག་བཏོན་པར་རྡོ་རྗེ་སྣག་ཚའི་རྩོམ་པ་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྐབས་དོན་གྱི་ལན་འདེབས་སོགས་དྲི་བ་དྲིས་ལན་ལྷུག་པོར་བྱས།
མཇུག་ཏུ། ཚང་མས་རྩོམ་པ་པོ་དང་སྐུ་མགྲོན་བཅས་དང་མཉམ་དུ་འདྲ་པར་མཉམ་ལེན་བྱས་ཤིང་། རྩོམ་པ་པོས་ཀློག་པ་པོ་རེ་རེ་བཞིན་གྱི་དེབ་ལ་མིང་རྟགས་འགོད་པ་དང་། རྒྱན་ཤོག་གི་ལམ་ནས་ཡུལ་ངོས་ཀྱི་མི་སྣ་གསུམ་ལ་དམིགས་བསལ་གྱི་རྡོ་རྗེ་སྣག་ཚ་དང་སྤྱོད་པ་དང་ལམ་གྱི་མདོའི་དེབ་གསུམ་ལག་རྟགས་སུ་འབུལ་བ་བཅས་ཀྱི་བྱེད་སྒོ་ཟིན་པ་དང་། མི་རིགས་ཀྱི་རོལ་དབྱངས་དང་གསོལ་ཇ་ཞོལ་ཟས་སོགས་རོལ་རྗེས་དགའ་སྤྲོའི་ངང་ནས་ཉིན་དེའི་མཛད་སྒོ་མཇུག་གྲོལ།
མང་པོ་ཞིག་གིས་དེང་སང་གི་དེབ་གསར་འགྲེམ་སྤེལ་གྱི་མཛད་སྒོ་འདི་རིགས་ཀྱི་ཁྲོད་ནས་ཐེངས་འདི་ནི་ཚོགས་ཞུགས་པ་ཡོངས་ཀྱིས་སྤྲོ་སྣང་ཆེན་པོས་དོ་སྣང་བྱ་ཡུལ་དང་། དེབ་ཀྱི་ནང་དོན་དང་སྐུ་མགྲོན་དང་བགྲོ་གླེང་གི་ཡུལ་ངོས་སྣང་ཚུལ་སོགས་གང་ཅིར་ཧ་ཅང་ལེགས་འགྲུབ་ཆེན་པོ་བྱུང་སོང་ཞེས་བསྔགས་བརྗོད་དང་དགའ་བསུ་ཡག་པོ་ཐོབ་ཡོད།
གོང་གསལ་སྐུ་མགྲོན་ལས་གཞན་པའི་ཨོ་གླིང་ཤེས་རབ་དགོན་གྱི་སྐུ་ཚབ་དང་། ཨོ་གླིང་ཧྲོ་ལེན་དགོན་པའི་དགེ་འདུན་པ། ཨོ་གླིང་ས་གནས་ཀྱི་མངའ་སྡེའི་མཛེས་རྩལ་གླིང་གི་ཤར་ཕྱོགས་སྡེ་ཚན་གྱི་འགན་འཛིན་། ཨོ་གླིང་ཕ་ར་མ་ཏྲ་གྲོང་ཁྱེར་གྱི་འཐུས་མི། ཕུལ་བྱུང་རིག་གནས་སྒྱུ་རྩལ་གླིང་གི་གསར་འཛུགས་པ་། ཨོ་གླིང་བྱང་ཆུབ་ནང་པའི་ཆ་འཕྲིན་ལྟེ་གནས་ཀྱི་ཚོགས་གཙོ་སོགས་རྩོམ་པ་པོ་དང་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ། ཤེས་ཡོན་པ་བཅས་དམིགས་སྐུ་མགྲོན་དང་། མི་མང་བརྒྱ་མ་ཟིན་ཙམ་ཞིག་མཉམ་ཞུགས་བྱས་ཡོད།
དེབ་ཀྱི་ནང་དོན།
ཚན་པ་དང་པོ། བྱམས་རྩེ་དང་ཤེས་རབ་ཀྱི་མཉམ་སྤྱོད།
ནང་དོན་སིཌ་ནིས་གཙུག་ལག་སློབ་ཆེན་དུ་བཤད་པའི་སྐད་ཆ། ལོ་རྒྱུས་ཀྱི་ངོས་ནས་ནང་ཆོས་ལ་ལྟ་བ། ཞེས་པ་དང་། དྲ་གྲགས་ཀྱི་སྣང་ཚུལ་སོགས་ཡོད།
ཚན་པ་གཉིས་པ། མི་དང་བྱ་དངོས་གླེང་བ།
ནང་དོན། རྫོང་སར་མཁྱེན་བརྩེས་མཁན་པོ་ཆོས་ཁྱབ་གླེང་དོན་དང་། སློབ་དཔོན་ཆེན་མོ་ཧྲིན་ཡན་གྱི་ཁྲིའུ་རྙིང་པ། བླ་རུང་གི་འོད་དུ་འཚེར་བའི་ཀུན་སྤྱོད་ཀྱི་རྫོགས་ལྡན་སོགས་འདུས།
ཚན་པ་གསུམ་པ། མི་སྒེར་གྱི་འཚོ་བ་ཐན་ཐུན།
ནང་དོན། བལ་ཡུལ་དུ་བརྗེད་མི་སྲིད་པའི་འོ་མ་ཕོར་བ་གང་། མཱ་ཙུའི་སྦྱིན་བདག་ཏུ་གྱུར་པའི་ཉི་མ་གཅིག་སོགས་ཡོད།
ཚན་པ་བཞི་པ། འཚོ་བའི་ལམ་སྟོན།
ནང་དོན། གཟབ་ནན་དང་བསམ་ཤེས། རང་ཉིད་ཀྱི་བླ་མ་འཚོལ་བ། འགྲན་རྩོད་དང་ཉམས་སད་ཀྱི་དགེ་སྐྱོན་སོགས་འདུས།
ཚན་པ་ལྔ་པར། ནད་ཡམས་ཀྱི་དྲི་བ་གསུམ་ཞེས་པ་སྟེ། ཆེད་དུ་ནད་ཡམས་ཀྱི་ཁྲོད་ནས་ཐོབ་པའི་ཉམས་མྱོང་དང་། ནད་ཡམས་རྗེས་ཀྱི་མི་ཚེ་དང་འཚོ་བའི་ཁ་ཕྱོགས་ལ་བསམ་བློ་གཏོང་སྟངས་སོགས་ཚུད་ཡོད།
མདོར་ན། དེབ་འདི་ནི་ཆེད་དུ་ནང་ཆོས་ཀྱི་ལྟ་གྲུབ་གཏིང་ཟབ་ས་ནས་གླེང་བ་ཞིག་མིན་པར། སྤྱིར་བཏང་གི་མི་ཚང་མས་ལྟ་ཀློག་ཐུབ་པ་དང་། མི་ཕལ་པའི་མི་ཚེ་དང་འཚོ་བའི་ཁ་ཐག་ཉེ་སར་བཅར་ནས་བྲིས་པ་ཞིག་ཡིན་པ་དང་། དེའི་ནང་དུ་ནང་ཆོས་དང་རང་གི་མི་ཚེའི་ཉམས་མྱོང་། འཚོ་བ་དང་འབྲེལ་བའི་རྒྱུན་ཤེས་སོགས་ཀྱང་འདུས་ཡོད།
རྫ་ཚེ་རིང་བཀྲ་ཤིས་ནི་རྒྱ་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་བསམ་གཏན་གྱི་གཞུང་ལུགས་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་བོད་འགྱུར་མཁན་དང་། རྒྱའི་གཙུག་ལག་ཆེན་མོ་སྤྱོད་པ་དང་ལམ་གྱི་མདོ་བོད་ཡིག་ཏུ་བསྒྱུར་མཁན་བཅས་ཡིན་ལ། དེབ་འདི་ནི་ཁོང་གིས་རྒྱ་ཡིག་ཏུ་བརྩམས་པའི་དེབ་གཉིས་པ་ཡིན་ཞིང་། དེབ་དང་པོ་༢༠༡༢ ལོར་ཐའེ་ཝན་དུ་བཏོན་པའི་འཛམ་གླིང་དུ་བསྐྱོད་པའི་བོད་ཀྱི་འབྲོག་ཕྲུག་ཅེས་པ་དེ་ཡིན།
བུ་བཀྲ་ཤིས་ལྷ་ཡུལ་དུ་སྐྱོད་པ་ཞེས་པའི་བོད་རྒྱ་ཤན་སྦྱར་གྱི་ཕྲུ་གུའི་ཀློག་དེབ་ཀྱི་སྒྲུང་དེབ་ཞིག་ཀྱང་བྲིས་ཡོད།
རྟེན་འབྲེལ་གྲངས་མེད་ཞུ།