གངས་ཅན་ཕོ་ཉ་ནས།
གྲོས་ཚོགས་ཚོགས་དུས་འདིའི་སྟེང་། བཀའ་ཤག་གིས་བཏོན་པའི་ཁྲིམས་ཞིབ་པའི་འོས་ཆོས་སྐོར་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་བཏོན་པའི་མཛད་གཙོ་རྣམ་པ་དམ་འབུལ་ཞུ་ཡུལ་སྐོར་གྱི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གཉིས་ཀ་མར་ཟགས་པ་རེད།
ཀ༽ དེའི་མཇུག་འབྲས་ག་རེ་ཡོང་གི་རེད་ཟེར་ན།
ཀ་༡། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་འོས་ཆོས་ཚང་བ་ཞིག་ད་དུང་ཉུང་མཐར་ལོ་གཅིག་གི་རིང་བསྐོ་ཐུབ་ཀྱི་མ་རེད། ཕྱི་ཟླ་ ༧ རྗེས་སུ་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ཆགས་ཀྱི་རེད།
ཀ་༢། ཕྱི་ཟླ་ ༦ ནང་འཁྱུར་ལ་ཉེ་བའི་སྤྱི་ཁྱབ་རྩིས་ཞིབ་པ་དང་། དེའི་རྗེས་འོས་བསྡུའི་འགན་འཛིན་གྱི་ས་མིག་སྟོང་པ་ཐོན་ན་ཚབ་གསར་བསྐོ་གཞག་མི་ཐུབ་པ་དང་། དམ་འབུལ་ཞུ་ཡུལ་ཡང་མེད་པ་ཆགས་ཀྱི་རེད།
ཀ་༣། བཀའ་བློན་གཞན་བསྐོ་གཞག་བྱེད་རྩིས་བྱས་ཀྱང་དམ་འབུལ་ཞུ་ཡུལ་མེད་པས། སྲིད་སྐྱོང་གིས་ལོ་གཅིག་གི་རིང་བཀའ་བློན་གཞན་རྣམས་ཁ་སྐོང་བྱེད་ཐུབ་ཀྱི་མ་རེད།
ཁ༽ ཁྲིམས་འཆར་གཉིས་ལ་ཁྱད་པར་ག་རེ་འདུག་ཟེར་ན།
ཁ་༡། བཀའ་ཤག་གིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བསྐོ་གཞག་ཐུབ་པའི་ཆེད་དུ་འོས་ཆོས་སྐོར་ལ་འགྱུར་བ་གཏོང་ཐབས་བྱས་འདུག་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་མཛད་གཙོ་རྣམ་པ་དམ་འབུལ་ཞུ་ཡུལ་སྐོར་ལ་འགྱུར་བ་གཏོང་ཐབས་བྱས་འདུག
ཁ་༢། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བསྐོ་གཞག་ཐུབ་པ་ཡིན་ན། མཛད་གཙོ་རྣམ་པ་དམ་འབུལ་ཞུ་ཡུལ་རང་བཞིན་གྱིས་ཡོང་གི་ཡོད་ནའང་། རྒྱུན་ལས་ཀྱིས་ད་ཡོད་ཁྲིམས་ཞིབ་པ་རྣམས་ངོས་ལེན་བྱེད་ཐུབ་ཀྱི་མེད།
ཁ་༣། བཀའ་ཤག་གི་ཁྲིམས་འཆར་དུ། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གྱིས་འོས་ཆོས་སུ། རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་གི་ཁྲིམས་དཔོན་དང་། ཁྲིམས་རྩོད་མཁས་པའི་ཆ་རྐྱེན་རང་འཇགས་བཞག་པའི་ཐོག་ཏུ། ཁྲིམས་ཞིབ་ཁང་འོག་མའི་ཁྲིམས་ཞིབ་པ་དང་། ཁྲིམས་ལུགས་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ། ལས་བྱེད་ཟུར་དྲུང་ཡན་དང་། མཛད་གཙོ་ལས་ཟུར་བཅས་བཞག་འདུག་པས། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བསྐོ་གཞག་བྱ་རྒྱུར་ལམ་ཁ་ཡངས་པོར་ཕྱེས་འདུག
ཁ་༤། རྒྱུན་ལས་ཀྱི་ཁྲིམས་འཆར་དུ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ། མཛད་གཙོ་རྣམ་པས་༧གོང་ས་མཆོག་གི་སྐུ་པར་དང་མ་ཎི་བཀའ་འབུམ་མདུན་དུ་དམ་འབུལ་ཞུ་ཆོག་པ་བཀོད་འདུག་པས། ཁྲིམས་ཞིབ་ཁང་སྟོང་པ་ཆགས་ནའང་དམ་འབུལ་གྱི་ལས་རིམ་འགྲོ་ཐུབ་པའི་ལམ་ཁ་བཤངས་འདུག
ག༽ ཁྲིམས་འཆར་གཉིས་ཀའི་སྐྱོན་གནད་ནི།
ག་༡། བཀའ་ཤག་གིས་ཁྲིམས་པའི་ལོ་ཚད་ ༤༥ ལ་ཕབ་འདུག་ཀྱང་། སྒྲིག་གཞི་གཞན་ལ་དེ་བསྟུན་གྱི་བསྐྱར་བཅོས་འཆར་འབུལ་ཡོད་བཟོ་མི་འདུག་ལ། དེ་བཞིན་དུ་རིམ་པ་འོག་མའི་ཁྲིམས་ཞིབ་པ་དང་། ཁྲིམས་ལུགས་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ། ལས་བྱེད་ཟུར་དྲུང་ཡན་དང་། མཛད་གཙོ་ལས་ཟུར་བཅས་ལ་ལས་ཁུར་ཉམས་མྱོང་གི་ལོ་ཚད་བཞག་པ་མཐོ་དྲགས་པའི་བཟོ་འདུག
ག་༢། རྒྱུན་ལས་ཀྱིས་ཁྲིམས་ཞིབ་པ་ཆེ་མེད་ཚེ་ཞེས་བཀོད་དེ། ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཡོད་དགོས་པ་དང། དེའི་ཆ་རྐྱེན་བཅའ་ཁྲིམས་སུ་གསལ་པོ་བཟོས་ཡོད་པ་དེར་ངོས་ལེན་བྱས་མི་འདུག
ག་༣། བཀའ་ཤག་གིས་ཁྲིམས་འཆར་གྱི་ཆ་རྐྱེན་ཁག་ལ་སྤྱི་འཐུས་རྣམ་པས་དགོངས་འཆར་གནང་ཆོག་པའི་གསལ་བཤད་བྱས་ཀྱང་ནུས་པ་ཐོན་མེད་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཁྲིམས་འཆར་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ངོས་ལེན་མ་བྱས་པ་དེས། བཅའ་ཁྲིམས་ཀྱི་སྒྲོམ་གཞི་དང་། ཁྲིམས་ཞིབ་ཁང་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག་གཉིས་ཀར་དོ་ཕོག་འགྲོ་གི་ཡོད།
ག་༤། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག་དོན་ཚན་ ༡༥ པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དུས་བཀག་དགོངས་ཞུས་སམ་གཞུང་དོན་ཕྱོགས་བསྐྱོད་ནས་ཕྱིར་འཁོར་མ་བྱུང་བར་ཁྲིམས་ཞིབ་པ་ཆེ་བའི་འགན་དབང་རྣམས་ཁྲིམས་ཞིབ་པ་གཞན་གཉིས་ནས་ཞབས་ལོ་རྒན་པ་དེར་ཁྲིམས་ཞིབ་པ་ཆེ་བས་བརྒྱུད་སྤྲོད་བྱ་རྒྱུ་དང་། རྒྱུ་མཚན་གཞན་གང་རུང་གི་ཐོག་ནས་ཁྲིམས་ཞིབ་པ་ཆེ་བས་ལས་འགན་འཛིན་མ་ཐུབ་པའི་གནས་ཚུལ་བྱུང་བའམ། ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་ལུགས་ལྟར་འོས་ཐོན་དམ་འབུལ་མ་བྱུང་བར་དེའི་འགན་དབང་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་ཞབས་ལོ་རྒན་རིམ་དེས་ལེན་རྒྱུ་ཞེས་གསལ་ཡོད་པ་དེར་ཐུགས་སྣང་ཞིབ་ཚགས་ཙམ་གནང་བ་ཡིན་ན། བཀའ་བློན་རྣམ་པས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་མདུན་ལས་ཁུར་དམ་འབུལ་ཞུ་མི་ཆོག་པ་མེད་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་དམ་འབུལ་ཞུ་ཡུལ་སྐོར་ལ་བསྐྱར་བཅོས་ཁྲིམས་འཆར་དེ་ལྟ་བུ་ཁྱེར་ཡོང་དགོས་དོན་ཡང་མེད།
ག་༥། ཡིན་ནའང་། ཁྲིམས་ཞིབ་པ་ཆེ་བའམ། དེའི་ལས་ཚབ་མེད་སྐབས་ཞེས་བཀོད་པ་ཡིན་ན། ཁྲིམས་ཞིབ་པ་གསུམ་ག་དུས་གཅིག་ཏུ་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་མེད་པ་ཆགས་པའི་གནས་སྐབས་ཀྱང་ཡོང་སྲིད་པ་ཡིན་པས། ཉེན་ཁ་དེ་རིགས་ཟློག་ཐབས་ཀྱི་ཐབས་ཤེས་ཤིག་ཡིན་ངེས།
ང༽ ཁྲིམས་ལུགས་དབང་འཛིན་གྱི་ཉེན་ཁ།
ང་༡། ད་ཡོད་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཕྱི་ཟླ་ ༦ ནང་བགྲེས་ཡོལ་དུ་ཕེབས་རྗེས། ཁྲིམས་ཞིབ་པ་གཞན་གཅིག་ལྷག་ཡོད་པ་དེ་ཁྲིམས་ཞིབ་ཆེ་བའི་ལས་ཚབ་ཆགས་ཀྱི་ཡོད་ནའང་། སྤྱི་འཐུས་ཁག་ཅིག་གིས་དེར་ངོས་ལེན་མི་བྱེད་པའི་ཁ་གཏད་འདྲ་མིན་རྩོམ་སྲིད།
ང་༢། ༢༠༢༡ ལོའི་བཅའ་ཁྲིམས་བསྐྱར་བཅོས་སུ། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས་སྒྲིག་གཞི་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་དགོས་པའི་ཆ་རྐྱེན་བཞག་པ་མ་ཟད། ཟུར་བརྗོད་དུ། ཆ་རྐྱེན་འདིའི་འོག་དེ་སྔོན་བཟོས་ཟིན་པའི་ཁྲིམས་ཡིག་རྣམས་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་གནང་དགོས་ཞེས་བཀོད་འདུག་ཀྱང་། ལོ་ངོ་གཉིས་ཙམ་རིང་དེའི་ཐོག་བྱ་རིམ་གང་ཡང་ལག་བསྟར་བྱེད་ཐུབ་མེད་པས། ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་རྣམས་ནུས་ལྡན་ཡིན་མིན་ཐོག་རྩོད་གཞི་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཁྲིམས་ཞིབ་ཁང་འོག་མ་རྣམས་ཀྱིས་ཁྲིམས་ཞིབ་ལས་དོན་རྩོམ་ཆོག་མིན་ཐོག་དྲི་བ་ཆེན་པོ་ལྷག་བསྡད་ཡོད།
ང་༣། མ་འོངས་པའི་ལོ་གཅིག་གི་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཅིག་དེར་རྐྱེན་ངན་ཆག་སྒོ་རིགས་བྱུང་བའམ་རྩ་དགོངས་ཞུས་ཚེ། མང་གཙོའི་ཀ་བ་གཅིག་མེད་པ་ཆགས་ཉེན།
མདོར་ན། རྙོག་དྲ་དང་ཉེན་ཁ་འདི་རིགས་གཙང་མ་བཟོ་བ་ལ་སྤྱི་འཐུས་དེ་ཚོར་རེ་བ་བརྒྱབས་བསྡད་པ་ཡིན་ན། རྙོག་དྲའི་སྒང་ལ་རྙོག་དྲ་དང་། ཉེན་ཁའི་ཐོག་ལ་ཉེན་ཁ་མ་གཏོགས་ལམ་ཁ་ཡག་པ་ཞིག་སླེབས་ས་རེད་མི་འདུག་གོ། །
འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལམ་ལུགས་ལ་བལྟས་པ་ཡིན་ན་ཆེས་མཐོའི་ཁྲིམས་ཁང་གི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཚང་མ་ཁྲིམས་ཁང་རང་ནས་བཟོས་ནས་སྲིད་འཛིན་གྱི་བཀའ་འཁྲོལ་ཐོབ་དགོས་པ་ལས་ཁྲིམས་ཁང་གི་ལས་དོན་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་གྲོས་ཚོགས་ནས་ནམ་ཡང་ཐེ་བྱུས་མི་ཆོག་པ་དང་ ༢༠༢༡ ལོ་ལ་སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒྲིག་གཞི་ལ་བསྐྱར་བཅོས་གནང་བ་དེ་བཅའ་ཁྲིམས་དོན་ཚན་ ༦༦ དང་༦༧ བཅས་་འགལ་བར་ངོས་འཛིན་ཞུ་གི་ཡོད་།
ཆོས་རྒྱུད་སྤྱི་འཐུས་མི་དགོས་ཐག་ཆོད་རེད།
འདི་དག་ཐམས་ཅད་ཀྱི་འབྱུང་རྩ་རྒྱ་ནད་ཏོག་རིམས་ལ་ཐུག་པ་གསལ་པོ་རེད། དེའི་རྗེས་སུ་ཕན་ཚུན་ནང་ཁུལ་ཁག་ཕར་དཀྲི་ཚུར་དཀྲི་བྱེད་པ་རྣམ་དཔྱོད་མི་ལྡན་པའི་བྱ་བ་ཁོ་ནས་ལས་མ་འདས། དེས་ན་ཁག་ཕར་དཀྲི་ཚུར་དཀྲི་མི་བྱེད། སྤྱི་འཐུས་ལ་ཡང་ཁག་མེད། ཁྲིམས་ཞིབ་པ་ལ་ཡང་ཁག་མེད། ད་གནད་དོན་ལམ་ཁ་ཇི་ལྟར་བཤངས་དགོས་པ་དེ་རེད། དེ་ནི་གྲོས་ཚོགས་ཁོ་ན་ལ་ཐུག་ཡོད། གྲོས་ཚོགས་ཀྱིས་ཁྲིམས་གཞི་ཞིག་ཁྱེར་ནས་སུམ་ཆ་གཉིས་ཀྱིས་ཐག་གང་དུ་བཅད་ན་དེར་རུ་འགྲོ་རྒྱུ་ཉག་ཅིག་རེད། དེ་མ་བྱུང་ན་ཁྲིམས་ཞིབ་པ་རྣམ་གཉིས་དགོངས་པ་ཞུ་རྒྱུ་དེ་རེད། དེ་ཡང་མ་བྱུང་ན་སྒུག་སྡོད་རྒྱུ་རེད། འདི་དག་ལས་གཞན་ལམ་ཁ་མི་འདུག་སྙམ།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ག་ས་ག་ནས་ལན་འདེབས་དང་གསལ་བཤད་ངོ་རྒོལ་སོགས་གཅིག་་རྗེས་གཉིས་མཐུད་བྱ་ནས་ཡོང་འདུག་ན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཚོའི་མ་མཁྱེན་པ་ཡིན་ནམ་གོ་རྒྱུ་ཚོར་རྒྱུ་མི་འདུག་ཡང་ཨོ་སི་ཊི་ལི་ཡ་ནང་ཡོད་པའི་སྤྱི་འཐུས་རྡོ་རེང་བསྟན་འཛིན་ཕུན་ཚོགས་ནས་དྲ་ལམ་དུ་གཏམ་བཤད་གནང་བ་ཞིིག་མཐོང་བྱུང་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ་གཞན་སྤྱི་འཐུས་ཚོ་དྲ་ལམ་དུ་ཕེབས་ནས་གདུང་སེམས་མཉམ་སྐྱེད་གནང་དགོས་པ་དེ་མི་མང་གི་འཐུས་མིའི་ལས་འགན་མིན་པ་ཡིན་ནམ་།