ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས།
༧གོང་ས་མཆོག་གི་གསེར་གྱི་ཐུ་འོག་ན། །
གོ་ཐོབ་ཁྲི་འཕང་མཐོ་བའི་སྐུ་ངོ་ཚོ། །
ཇོ་བཟང་ཞུམ་ཞུམ་འགྲོ་བའི་ངང་བཟང་ཚོས། །
རང་འགན་ཅུང་ཙམ་བཟང་ཞིག་མི་ལེན་ནམ། །
༧གོང་ས་རྒྱལ་བའི་དབང་བོ་མཆོག་ལ་ད་ལྟ་མི་ས་ཡ་མང་པོས་སྐྱོན་བརྗོད་བྱེད་བཞིན་པ་འདི་ནི་ཁྱེད་ཅག་༧གོང་ས་མཆོག་གི་ལས་འགན་པ་འབྲེལ་ཡོད་མི་སྣ་དང་བཅས་པ་ཁྱེད་ཚོས་༧གོང་ས་མཆོག་སྲུང་སྐྱོབ་མ་ཐུབ་པས་ལན་པ་ཤེས་པཪ་གྱིས། བྱིས་པ་ཆུང་ངུ་ལ་གསོ་སྐྱོང་ཇི་ལྟར་གཟབ་དགོས་པ་བཞིན་དུ་༧གོང་ས་མཆོག་སྐུ་ན་རྒན་དྲག་ཡོད་པས་ཁྱེད་ཚོས་དེ་དེ་བཞིན་གྱི་ཞབས་འདེགས་བྱེད་ཀྱི་མེད་པས་ལན་པ་ཡིན་པས་ན། དེ་ལ་བློ་ཕམ་ཧ་ཅང་ཆེན་པོ་རྒྱུན་དུ་བྱུང་དང་བྱུང་བཞིན་ཡོད་ལ། དེ་དེ་བཞིན་དུ་ད་ཐེངས་ཡང། དོན་རྐྱེན་འདི་བྱུང་བ་ཡིན་པ་ཤེས་པར་འཚལ། མདོར་ན་སྐུ་ཚེ་ཧྲིལ་བོའི་འོད་སྟོང་ལྡན་པའི་གཟི་བརྗིད་ལ། ད་ལྟ་ནག་ཐིག་ཆེན་པོ་ཕོག་པ་འདི། ཁྱེད་ཚོ་འབྲེལ་ཡོད་མི་སྣ་ཚོས་མ་འཇོན་པ་མ་རེད་དམ། བླུན་དྲག་པས་ནི་ཆེ་ཡིན། ལེ་ལོ་ཆེ་བས་མཐུས་ཤོར་བཏང་བ་མ་ཡིན་ནམ། དཔེར་ན་ཕྱི་རྒྱལ་ཁག་གིས་མཐོང་སྣང་མི་ཡག་པ་ཁག་སྔོན་ནས་༧གོང་ས་མཆོག་ལ་དྲན་གསོ་དགོས་པ་དང་། གལ་དེ་ཅུང་ཟད་རེ་མ་པ་ཅུང་ཟིན་ཚེ་ཁྱེད་ཚོས་དེ་མ་ཐག་བདེ་བཅོས་དགོས་པ་རེད། མདོར་ན་༧གོང་ས་མཆོག་ལ་ཉེན་ཚབས་ཆེ་བའི་རིགས་གང་ཡིན་པ་ཁག་ཁྱེད་ཚོས་བཀག་འགོག་མ་ཐུབ་ན་དེ་ལས་ནག་ཉེས་ཆེ་བ་ཞིག་ཅི་ཡོད་དམ།
ཨོ་་་ད་ལྟ་ཚར་རྒྱུ་བོ་ཚང་མ་ཚར་སོང་བས་མི་ཟིན་ཡང་། ད་ནི་ཐོག་དང་བོ་ཁྱེའུ་དེ་དང་ཁོའི་ཕ་མ་སོགས་ཀྱིས་དྲྭ་ལམ་ནས་སྐྱོན་བརྗོད་བྱེད་མཁན་ཚོར་མྱུར་དུ་འཚམས་འཇོག་དགོས་པའི་རེ་བསྐུར་བཏོན་ཐབས་ལ་མྱུར་དུ་འབད་རན།དེ་བཞིན་དུ་༧གོང་ས་མཆོག་གི་རྗེས་འཇུག་དད་ལྡན་བོད་རིགས་ཡོངས་ཀྱིས་དངོས་སུ་སྐད་འབོད་ངོ་རྒོལ་བྱེད་དགོས་པ་རེད། མི་དགའ་བའི་རྣམ་འགྱུར་བསྟན་ཐབས་ཀྱི་ཐབས་ལམ་མང་བོ་ཞིག་གིས་ལས་འགུལ་སྤེལ་རྒྱུ་དེ་མ་གཏོགས་གཞན་མེད་པས་མྱུར་དུ་དེ་ལ་བརྩོན་རན།
ད་ནི སྐད་འབོད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་གཅིག་པོ་ལས་ཆེར་མེད་ཀྱང་། དེས་ཀྱང་ཁྱད་པར་ཞིག་འབྱེད་ཐུབ་པས། དེ་ལ་མྱུར་བ་མྱུར་དུ་མ་བརྩོན་ན་ཕྱི་དྲག་པ་ཤེས་གལ་ཆེ།
གཞུང་དང་འབྲེལ་མ་འབྲེལ་གྱི་ཚོགས་པ་རྣམས་ཁྱེད་ཚོས་ལས་འགན་གང་དུ་སོང་ངམ། ཁྱེད་ཚོས་ཅི་ཞིག་བྱེད་དགོས་མ་ཤེས་སམ། བླུན་དྲག་པ་ནི་མི་སྲིད་མོད། ཡང་ན་སྙིང་ཆུང་ནས་འཇིགས་ཤིང་དཔའ་ཞིམ་པ་རེད་དམ། ཡང་ན། དོན་རྐྱེན་འདི་ཆེས་གལ་ཆུང་དོན་ཆུང་དུ་སྣང་མེད་བྱས་པ་ཡིན་ནམ།
མདོར་ན་ཁྱེད་ཚོའི་སེམས་ལ་ལེགས་ཉེས་དཔྱོད་པའི་ཤེས་རབ་ཞིག་ཡོད་ངེས་པས། མྱུར་དུ་འབད་པ་མི་བྱེད་ག་ལ་སྲིད་དམ། ཡང་ན་སྙིང་ལ་རུས་པ་མེད་ནས་ཅི་ཡང་བྱེད་མི་ཕོད་པ་ནི་ག་ལ་ཡིན་ནམ། གལ་དེ་ཅི་ཞིག་བྱེད་དགོས་དང་། ཅི་ལྟར་བྱེད་དགོས་སོགས་མ་ཤེས་ན་འདི་ལྟར།
གཅིག ཕྱོགས་སྟོན་ཙམ་དང་དྲན་གསོ་ཙམ་བྱས་ན། རྒྱ་གར་ཁྱེའུ་ཁོ་རང་དངོས་སམ། ཁོའི་ནང་མི་གང་རུང་གིས་དངོས་སུ་དྲྭ་ལམ་ཁག་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་མཁན་ཚོར་ངོ་རྒོལ་ཤུགས་ཆེན་བྱེད་ཐབས་བྱུང་ན་དེ་ནི་ཐབས་ལམ་ཡག་ཤོས་མཆོག་ཡིན།
གཉིས། གཞན་བོད་པ་རྣམས་ཀྱི་ནང་ནས། མཁས་པ་ཡིན་བསམ་མཁན། རྣམ་དཔྱོད་ཡོད་བསམ་མཁན། རིག་ལམ་ཡོད་བསམ་མཁན་ཚོས། སུ་ཡིན་རུང་ཁས་མི་ལེན་ཐབས་མེད་ཀྱི་གསལ་བཤད་ཡག་པོ་བྱེད་ཤེས་དགོས། དེ་ཡང་རྟགས་དང་རིགས་པ། རྒྱུ་མཚན་གཏན་ཚིག་ལྡན་པའི་རིགས་ལམ་རྣོན་པོ་བཀོད་དགོས་ལ། ཡང་ན་འགྲེལ་བཤད་འདྲ་ཆགས་པོའི་གསལ་བཤད་ཞི་འཇམ་ལྡན་ཞིང་སྣང་བར་འགྲོ་མོ་དགོས་ལ། དེ་མིན་ན། དགག་ལན་དང་བཅས་པ། ཚིག་ཉུང་ལ་དོན་འདུས་པ། ཁ་གསལ་ཞིང་གོ་བདེ་བ་མང་དུ་སྤེལ་དགོས་ལ། དེ་དག་ཐམས་ཅད་ཀྱང་། ཡིག་ངག་གཉིས་ཐོག་དང་། སྒྲ་བརྙན་སོགས་བརྒྱུད་ལམ་ཡོད་ཚད་ཀྱིས་ཐོག་ཏུ་བཏོན་དགོས་པ་རེད།
གསུམ། དེ་ལྟར་མི་ནུས་པའི་མི་མང་དཀྱུས་མ་ཚོས་རང་རང་སོ་སོ་རྒྱལ་ཁབ་དང་ས་གནས་གང་དུ་ཡོད་ན་ཡང་། སོ་སོའི་ས་གནས་ཀྱི་མི་མངས་འདུ་འཛོམས་ཀྱི་ཐོག་ནས་སྐད་འབོད་ངོ་རྒོལ་བྱེད་དགོས་པ་རེད།
འབོད་ཚིག་ནི། སྐྱབས་མགོན་མཆོག་སྐྱོན་མེད་རྣམ་པར་དག་པ་ཡིན། ང་ཚོའི་སྐྱབས་དང་མགོན་མཆོག དམ་པའི་ཆོས་ཀྱི་དབུ་ཁྲིད་ལ་གཞི་མེད་སྐྱོན་བརྗོད་བྱས་ན། ང་ཚོ་ལ་མི་བཟོད་པའི་ཚོར་བ་སྤྲོད་ཀྱི་འདུག བསྟོན་པ་ཡེ་ཤུ་ལ་སྒྲོ་བསྐུར་བྱས་པ་དང་ཁྱད་མེད།
ཁྱེད་ཚོའི་རང་ཉིད་ཀྱི་སྤྱི་ཚོགས་ལ་ཡོད་པའི་སྐྱོན་དེ་དག་ང་ཚོའི་ཆོས་ཀྱི་དབུ་ཁྲིད་ལ་ཡོད་བསམ་པ་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན། ང་ཚོའི་སྐྱབས་མགོན་ལ་དེ་འདྲའི་སྐྱོན་མེད་པ་ང་ཚོ་དང་། རྒྱ་གར་གྱི་ཁྱེའུ་ནང་མི་དང་བཅས་པས་ཤེས། ཁྱེད་ཚོའི་སྤྱི་ཚོགས་སུ་དེ་ལྟར་མང་ཡང་། ང་ཚོའི་སྐྱབས་མགོན་ལ་དེ་མི་སྲིད། ཁྱེད་ཚོས་རང་སྐྱོན་གཞན་འཇོག་བྱེད་པ་འདི་ནོར་འཁྲུལ་ཆེན་པོ་ཡིན། ཁྱེད་ཚོའི་ཐལ་ཆེ་བའི་ལྟ་བ་ངན་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ང་ཚོའི་སྐྱབས་མགོན་ལ་རྣམ་དག་ལྷད་མེད་མ་བཅོས་པའི་སྤྱོད་པ་ཅན་ཡིན་ལ། ལྐོག་གཡོ་ཚུལ་ཆོས་ཀྱི་སྤྱོད་པ་མེད། ཁོང་མི་ཕལ་བ་བཞིན་དུ་ཆགས་པའི་རེག་བྱ་ལ་ཆགས་དྲག་པའི་འཛིན་པ་མེད། སྐུ་ཚེ་ཧྲིལ་བོར་སྐྱོན་ཀྱིས་མ་གོས་མཁན་ཞིག་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་པ་ནི་ཆེས་ནོར་འཁྲུལ་རེད། ལ་སོགས་པའི་འབོད་ཚིག་དགོས་ངེས་རེད། དེ་ལྟར་ཤུགས་ཆེན་བྱས་ན་དོན་རྐྱེན་འདི་ལ་ཁྱད་པར་ཞིག་འདོན་ཐུབ་པ་གཏན་ཁེལ་བ་ཤེས་པར་འཚལ།
མདོར་ན་ཁོང་ཚོ་ཡེ་ཤུ་ཁའི་ཆོས་དཔོན་ཚོར་སྐྱོན་བརྗོད་བྱེད་ཚེ་ངོ་རྒོལ་མཁན་མེད་པས། ཁོང་ཚོ་ངན་གོམ་ལ་སོང་ཡོད་པ་ཡིན་ཡང་། དེ་དང་མི་མཚུངས་བ་ཞིག་གི་ཆེད་དུ་ང་ཚོས་ངོ་རྒོལ་ངེས་པར་དུ་བྱེད་དགོས། ང་ཚོས་ཁོང་ཚོ་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཕུད་ཐུབ་ན་འབྲས་བུ་ཞིག་ཏན་ཏན་ཡོད། ང་ཚོས་རེ་བ་བཟང་ཕྱོགས་འདི་གཅིག་པུ་ལས་མེད་པས། ད་གོ་སྐབས་ཐ་མ་འདི་ཁོ་ན་དེ་འཆོར་མི་རུང་ངོ་།།
གལ་ཏེ་ལས་འགུལ་སྤེལ་ཕྱོགས་སོགས་དེ་དག་རྒྱས་སྤྲོས་གཏིང་ཟབ་ཞིབ་ཕྲ་རྣམས་ཤེས་དགོས་ནས་ཕྲན་ལ་རེ་མཁན་ཡོད་ན། ཕྲན་ལ་དུས་ཚོད་ཅི་ཡོད་ཀྱིས་རོགས་འདེགས་བྱེད་ཆོག་པས། འབྲེལ་བ་བྱེད་ས། rigden35@gmail.com མདོར་ན་རང་ཤེད་རོགས་ཤེད་གང་ནུས་ཀྱིས་མྱུར་དུ་ཐབས་ལམ་སྣ་མང་ལ་བརྩོན་མ་རན་ནམ། ཕྱི་མ་དྲག་གམ། སྐར་ཆ་གཅིག་ལ་ཡང་ལྷོད་པོར་སྡོད་དུས་ཤིག་མ་རེད་ཡ།
བག་ཆགས་ཟབ་མོའི་རུས་རྐང་ནང་གི་སྐྱོན། །
དམ་པའི་སྐྱེས་བུར་ཡོད་ཤག་རྨོངས་བའི་བློ། །
རང་གི་སྐྱབས་མགོན་འགན་ནི་མི་ལེན་པར། །
ནང་འཁྲུགས་དཔའ་བའི་བོད་པའི་སྐུ་ངོ་ཚོ། །
སྐྱབས་མཆོག་རྒྱལ་བའི་དབང་བོའི་བཅོས་མིན་གྱི། །
རྣམ་དག་སེམས་གཙང་ལྷད་མེད་ངང་བཟང་། །
ཉོན་མོངས་ཅན་ཚོས་སེམས་ཀྱི་རང་གཤིས་དེས། །
རང་སྐྱོན་གཞན་ལ་ཡོད་ཤག་ཀྱེ་མ་ཧུད། །
དེ་ལ་སྲུང་སྐྱོབ་རྐྱེན་སེལ་རྒོལ་ལན་སོགས། །
ཅི་ཡང་མེད་པར་ལྷང་འཇགས་བཞགས་སམ་ཅི། །
བོད་ཀྱི་མཁས་ཆེན་དཔའ་བོ་གང་དུ་སོང་། །
མི་རབས་ཕྱི་མར་སྡུག་འདི་འཇོག་ཕོད་དམ། །
ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས་ཨོ་གླིང་གྲོང་ཁྱེར་མེལ་བོན་ནས་ཕྱི་ཚེས་༡༣ ལ་ཤར་མར་བྲིས།།