ནམ་མཁའ།
འདིར་ཕྲན་གྱིས་པད་མ་ཚེ་བརྟན་ལགས་ངོ་ཤེས་ཅི་ལྟར་བྱུང་མིན་གྱི་བརྒྱུད་རིམ་ཐུང་ངུ་ཞིག་གིས་རྗེས་དྲན་ཞུ་རྒྱུ་ཡིན། ངེད་གཉིས་ཀྱིས་ཕན་ཚུན་ངོ་ཤེས་ནས་དུས་ཡུན་ཅུང་འགོར་ཡོད་ན་ཡང་། འགྲོགས་ཡུན་ཧ་ཅང་ཐུང་ངུ་ཞིག་ལས་མེད། དེས་རྐྱེན་ཆ་རྒྱུས་ཆེན་པོ་ཞིག་མེད་ལབ་ན་མི་འགྲིག་པ་མེད་སྙམ།
གང་ལྟར་ཡང་། དེ་རིང་དུས་ཚུགས་དེ་གསལ་བོ་ཞིག་མི་དྲན་ན་ཡང་། ཕལ་ཆེར་སྤྱི་ལོ་༢༠༠༥ལོའི་སྟོན་མཇུག་ཞིག་ཡིན་སྙམ། གྲོགས་པོ་ཞིག་གིས་ཕྲན་ལ་ཁ་པར་བཏང་སྟེ། དེ་རིང་ཕྱི་དྲོ་དུས་ཚོད་བྱུང་ན་ས་གནས་འདིར་ཤོག་དང་ཁྱེད་ལ་མི་ཞིག་ངོ་སྤྲོད་བྱེད་ཀྱི་ཡོད་ཟེར། ང་རང་གི་ལས་ཀ་གྲོལ་རྗེས་ངའི་གྲོགས་པོ་ལགས་ཀྱིས་བཤད་པའི་ས་ཁུལ་དེར་ཕྱིན་དུས། གྲོགས་པོ་ཁོའི་མཉམ་དུ་ཕོ་གསར་མིག་ཤེལ་གྱོན་མཁན་ཞིག་འདུག་ལ། ཕྲན་གྱིས་ཁོང་གཉིས་ལ་འཚམས་འདྲི་རེ་བྱས་ཤིང་། མིག་ཤེལ་གྱོན་མཁན་དེ་ལ་ལག་པ་གཏོང་ཞོར་རང་ཉིད་ངོ་སྤྲོད་ཐུང་ངུ་ཞིག་བྱས་པ་ཡིན། ངའི་གྲོགས་པོ་ལགས་ཀྱིས་ཁོ་རང་པད་མ་ཚེ་བརྟན་རེད། ཁོས་བོད་ཀྱི་གློག་བརྙན་བཟོ་གི་ཡོད་པ་རེད། བོད་ནང་གི་གློག་བརྙན་བཟོ་རྩལ་ལ་སློབ་སྦྱོང་བྱས་ཏེ་ཐོན་མཁན་ཐོག་མ་ཡིན་གྱི་རེད་ཅེས་ངོ་སྤྲོད་སྟབས་བདེ་ཞིག་བྱས་སོང་།
སྐབས་ཐོག་དེར་དྲང་མོ་བཤད་ན་པད་མ་ཚེ་བརྟན་ལགས་བོད་ཕྱི་ནང་གཉིས་སུ། དེང་སང་བཞིན་ཁོ་རང་སྐད་གྲགས་མི་འདུག་ལབ་ན་སྐྱོན་དུ་མི་འགྱུར་སྙམ། གང་ལྟར་ཡང་། ཕྲན་པད་མ་ཚེ་བརྟན་ལགས་མཇལ་དུས་སྨྲ་བ་ཉུང་ཞིང་། མི་སྒམ་པོ་བརྟན་ལྷིང་ཅན་ཞིག་ཡིན་པ་གསལ་བོ་ཤེས་ཐུབ་ཀྱི་འདུག ཁོང་གཉིས་ཀྱི་སྐད་ཆའི་གླེང་མོལ་གྱི་འཕྲོས་མུ་མཐུད་གླེང་ཞོར། ངེད་གསུམ་ཕྰ་རེ་སིའི་ཇ་ཁང་ཞིག་གི་ནང་དུ་ཁ་ཧྥེ་འཐུང་རུ་ཕྱིན་པ་ཡིན། ཁོང་གཉིས་ཀྱི་ཁ་བརྡའི་གླེང་མོལ་འདི་ཅི་ལྟར་འགོ་བཙུགས་པ་ངས་མི་ཤེས་ཡང་། དེ་རིང་ད་རུང་ཡིད་ངོགས་སུ་ཕྲན་བུ་དྲན་པ་ཞིག་ལ། ཁོང་གཉིས་ཀྱི་སྐད་ཆའི་གླེང་མོལ་ནི་ཨ་ལགས་ཚེ་བརྟན་ཞབས་དྲུང་ཚང་སོགས་བོད་ཀྱི་མཁས་དབང་འགའི་སྐོར་ནས་གླེང་གི་འདུག ང་རང་ནི་ཨ་ལགས་ཚེ་བརྟན་ཞབས་དྲུང་ཚང་གི་མདུན་ནས་གསུང་ཆོས་ཞུས་མྱོང་མཁན་ཞིག་ཡིན་སྟབས། ཁོང་གཉིས་ཀྱི་ལྟ་ཚུལ་སྐོར་ཞིག་ལ་མོས་མཐུན་མེད་ཀྱང་། ཁོང་གཉིས་ཀྱི་ཁ་བརྡའི་བར་ལ་འཚང་ཁ་མ་རྒྱབ་པར་ཉན་ནས་བསྡད་པ་དེ་རིང་ཡང་ངའི་སེམས་སུ་གསལ་བོར་དྲན་གྱི་འདུག
དེ་ལྟ་ན་ཡང་། ངེད་གསུམ་གྱིས་ཁ་ཧྥེ་འཐུང་ཚར་རྗེས་ཁང་པ་ཐོག་བརྩེགས་བཞི་ལྔ་ཅན་གྱི་སློབ་གྲྭ་ཆེན་པོ་ཞིག་གི་ནང་དུ་ཁྲིད་སོང་། སློབ་གྲྭ་དེ་ནི་ཧྥུ་རན་སིའི་གློག་བརྙན་བཟོ་སྟངས་ཀྱི་ཆེད་ལས་སློབ་སྦྱོང་བྱེད་སའི་སློབ་ཆེན་ཞིག་རེད། སློབ་གྲྭ་དེའི་ནང་དུ་ད་རུང་མི་ཞིག་ལ་སྒུགས་དགོས་ཟེར། དུས་ཡུན་གང་མཚམས་ཕྱིན་པའི་རྗེས་སུ་ཤར་ཕྱོགས་ཀྱི་བུ་མོ་ལུས་པོ་སྐམ་ཞིང་གཟུགས་པོ་རིང་ཐུང་རན་པ་ཅན་ཞིག་སླེབས་སོང་། བུ་མོ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་གློག་བརྙན་འཁྲབ་ཁྲིད་ཆེད་སྦྱོང་དུ་ཡོང་མཁན་ཞིག་ཡིན་ནམ་སྙམ་པ་ལས། ལྷ་སའི་བུ་མོ་དེར་སྐད་ཆ་དྲིས་མ་མྱོང་། རྗེས་ནས་ཚར་འགའ་ཤས་ཐུགས་འཕྲད་བྱས་ཏེ་ཟ་མ་མཉམ་དུ་ཟས་མྱོང་ན་ཡང་། ཧྥུ་རན་སི་ན་སློབ་སྦྱོང་ག་རེ་གནང་གི་ཡོད་མེད་ཀྱི་སྐོར་ནས་དྲི་བ་དྲིས་མ་མྱོང་སྟབས། དེ་རིང་ད་དུང་ཡང་མོས་སྐབས་དེར་ག་རེ་སློབ་སྦྱོང་བྱས་པ་ཤེས་ཀྱི་མེད།
གང་ལྟར་ཡང་། སྐབས་དེའི་ཤར་ཕྱོགས་སྐད་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་། མཁར་རྨེ་བསམ་གཏན་གྱི་སྐྱེས་དམན་ཟུར་བ་དབྱིན་ཅིའི་མི་རིགས་ཡིན་པ་བོད་མིང་ལ་བདེ་ཆེན་བཟང་མོ་དང་། དེང་སང་སློབ་ཆེན་དེའི་སློབ་དཔོན་ཆེན་མོ་བོད་མིང་ལ་ཆོས་ཉིད་དབང་མོ་གཉིས་ཀྱིས། ཟ་ཁང་གི་སྒོ་བྱང་ལ་འཇར་པན་གྱི་ཟ་ཁང་ཞིག་གི་མིང་བྱང་བྲིས་ཡོད་པ་ཞིག་གི་ནང་དུ་བཀོད་སྒྲིགས་བྱས་འདུག་པས། ང་ཚོ་ཆ་ཚང་ཟ་ཁང་དེའི་ནང་དུ་ཕྱིན་དུས།
ཟ་ཁང་ནང་གི་ལས་བྱེད་ཕོ་གསར་འཇར་པན་གྱི་སྒྲིགས་ཆས་སྟོད་ཐུང་གྱོན་མཁན་ཞིག་གིས། ང་ཚོར་སྣེ་ལེན་ཞུ་ཞོར་ངས་འཇར་པན་གྱི་སྐད་ཤེས་ཀྱི་མེད་ཅེས་ཧྥུ་རན་སིའི་སྐད་ཀྱིས་བཤད་སྟབས། ང་ཚོས་ཀྱང་འཇར་པན་གྱི་སྐད་ཤེས་ཀྱི་མེད་ལབ་དུས། ཕྲན་ལ་མཛུབ་མོ་བཙུགས་ཏེ་ཁོ་རང་འཇར་པན་གྱི་མི་མ་རེད་དམ་ཟེར་བས་ང་ཚོ་ཆ་ཚང་གད་མོ་ཤོར་བ་དེ་རིང་ཡང་དྲན་གྱི་འདུག་ལ། སྐབས་དེར་པད་མ་ཚེ་བརྟན་ལགས་ཀྱི་གདོང་ལ་འཛུམ་མདངས་ཅུང་ལངས་ཏེ། ངོ་མ་དང་པོ་ཁྱོད་ཇ་ཁང་སྒོ་འགྲམ་ནས་ཐོག་མ་མཐོང་དུས་ཀོ་རེ་ཡ་འདྲ་བོ་འདུག་བསམ་སོང་ཟེར་ཞོར་ཁོ་རང་ཡང་གད་མོ་ཤོར་སོང་། ཟ་ཁང་དེའི་སྦྱིན་བདག་དང་ལས་ཀ་བྱེད་མཁན་རྒྱ་རིགས་རེད། བར་སྐབས་ཞིག་ནས་བཟུང་ཕ་རེ་སིའི་རྒྱ་མི་ཚོའི་ཟ་ཁང་མང་པོའི་སྒོ་བྱང་ལ་འཇར་པན་གྱི་མིང་བྱང་བྲིས་ཏེ་འཇར་པན་གྱི་ཟ་མ་བཟོ་བའི་ལུགས་སྲོལ་ཞིག་དར་ཡོད།
ལྷ་ས་ནས་ཡོང་བའི་བུ་མོ་དེས་པད་མ་ཚེ་བརྟན་ལགས་ལ་གློག་བརྙན་འཁྲབ་ཁྲིད་ཀྱི་ཕྱོགས་ནས་དྲི་བ་མང་པོ་ཞིག་དྲིས་སྟབས། ང་ཚོས་དགུང་ཟས་ཟ་བའི་ཁ་བརྡའི་གླེང་མོལ་གྱི་དུས་ཚོད་ཕལ་ཆེར་བ་དེ་ལྟར་རྫོགས་པ་ངས་གསལ་བོ་དྲན་གྱི་འདུག་པ་མ་ཟད། པད་མ་ཚེ་བརྟན་ལགས་ཀྱིས་དྲི་བ་རེ་རེ་ལན་འདེབས་དུས། ང་རྒྱལ་དང་ཤེས་མདོག་མི་སྟོན་པར་གཟབ་ནན་གྱིས་ལན་འདེབས་གནང་གི་འདུག་པས། ཁོའི་གཤིས་ཀ་བརྟན་པོ་དང་ཁེངས་སྐྱུང་ཉམ་ཆུང་དེས་ངའི་སེམས་རང་དབང་མེད་པར་འཕྲོག
ཧྥུ་རན་སི་ལ་ཐེངས་གཉིས་པ་ཕེབས་དུས། དེང་སང་ཤར་ཕྱོགས་སྐད་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་ལགས་ཀྱིས་ཕྲན་ལ་འབྲེལ་བ་བྱས་ཏེ། པད་མ་ཚེ་བརྟན་ཕེབས་ཡོད་པས་ཁྱེད་རང་ལ་ཐུགས་འདོད་ཡོད་ཟེར་བས། གལ་སྲིད་ཁྱེད་རང་ལ་དུས་ཚོད་ཡོད་ན་ཕྱི་དྲོ་གངས་སེང་ཟ་ཁང་ལ་ཤོག་ཟེར་བས། ངའི་གྲོགས་པོ་ཕུན་ཚོགས་ཁྲིད་དེ་གངས་སེང་ཟ་ཁང་ལ་སོང་ནས་ཁོང་ལ་ཐུགས་འཕྲད་བྱས་ཏེ། ཁོ་རང་སྐབས་དེར་ཡོང་དོན་སོགས་ཀྱི་གླེང་མོལ་བྱས་ཤིང་། ཁོས་བཤད་ཚུལ་ལ་འཛམ་གླིང་གི་གློག་བརྙན་གྱི་བསམ་བློ་གཙོ་བོ་ཧྥུ་རན་སི་ནས་མགོ་བརྩམས་ནས་ཕྱིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་བཤད་པ་དེ་རིང་དྲན་གྱི་འདུག རྒྱུ་མཚན་ནི། པད་མ་ཚེ་བརྟན་ལགས་ཀྱིས་གསུངས་རག་བར་དུ་ཧྥུ་རན་སིའི་གྲོང་ཁྱེརcaenཀེན་ཟེར་བའི་ས་ཁུལ་དེར། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་འཁྲབ་མཁན་མང་པོ་ཡོང་སྟེ། ས་གནས་དེར་མཛད་སྒོ་འཚོགས་ཀྱི་ཡོད་པ་མཐོང་གི་ཡོད་ན་ཡང་རྒྱུ་མཚན་ཅི་ཞིག་ལ་དེར་མཛད་སྒོ་འཚོགས་ཀྱི་ཡོད་པ་ཤེས་ཀྱི་མེད། ང་རང་བརྗེད་ནོར་ཤོར་མེད་ཚེ། མ་ཎི་རྡོ་འབུམ་གྱི་གློག་བརྙན་དེ་ཡང་པེ་ཅིན་གྱི་གློག་བརྙན་འཁྲབ་ཁྲིད་ཀྱི་ཞིབ་འཇུག་སློབ་མཐར་ཕྱིན་དུས། དཔྱད་རྩོམ་འབྲི་སྲོལ་ཞིག་ཡོད་པ་དེའི་རྩོམ་ཡིག་གི་ཚབ་ལྟ་བུ་ཡིན་ཟེར།
གང་ལྟར་ཡང་། རྗེས་ནས་ཧྥུ་རན་སི་ལ་ཡོངས་ཐེངས་རེ་ཕྲན་ལ་འབྲེལ་བ་བྱས་ཏེ། ངེད་གཉིས་ཇ་ཁང་དང་ཟ་ཁང་ནང་དུ་སོང་སྟེ། ཁ་བརྡ་འདྲ་མིན་མང་པོ་གླེང་མྱོང་མོད། འོན་ཀྱང་ངེད་གཉིས་གཅིག་པོ་འཛོམས་ཏེ་ཁ་བརྡ་བྱས་པ་ནི་ཧ་ཅང་ཉུང་ཉུང་རེད། ཐེངས་གཅིག་དབྱར་གཞུང་ཞིག་ལ་ཧྥུ་རན་སིར་ཕེབས་ཏེ། ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་ཞིག་ལ་ཕྲན་ལ་ཁ་པར་བཏང་སྟེ་དེ་རིང་དགུང་མོ་ཁོམ་པ་ཡོད་ན། ཕྰ་རེ་སི་ལྔ་བའི་མཚོ་སྔོན་པོའི་ཟ་ཁང་ནང་ལ་ཤོག་ཟེར། ང་རང་ཡང་ལས་ཀ་ཚར་མ་ཐག་མཚོ་སྔོན་པོའི་ཟ་ཁང་ནང་དུ་ཕྱིན་དུས། ཟ་ཁང་གི་སྦྱིན་བདག་ཉི་མ་ལགས་ཀྱིས་ང་ཚོ་མི་བཞི་སྡོད་སའི་རྐུབ་སྟེགས་སྤྲད་སོང་པས། ངས་དེ་མ་ཐག་རོགས་པ་སུ་ཡོད་ཅེས་ཕར་ཁོ་ལ་སྐད་ཆ་དྲིས་དུས། གློག་བརྙན་ཞིག་གི་སྦྱིན་བདག་རྒྱ་ཚོང་པ་ཞིག་དང་བོད་པ་ཞིག་ཡོད་ཟེར། རྗེས་ནས་རྒྱ་རིགས་ལོ་གཞོན་ཞིག་དང་སྐབས་དེར་ཧྥུ་རན་སི་ལ་བོད་ནས་ཐད་གར་སློབ་སྦྱོང་དུ་ཡོང་བའི་ཨ་མདོའི་བུ་ཞིག་ཡོད་པ་དེ་ཁོ་གཉིས་སླེབས་སོང་།
རྒྱ་རིགས་ཚོང་པ་དེ་དང་ངེད་གཉིས་རྐུབ་སྟེགས་གོང་འོག་བྱས་ཏེ་བསྡད་པས། རྒྱ་རིགས་དེས་ཕྲན་ལ་རྒྱ་སྐད་ཀྱིས་ཁ་བརྡའི་གླེང་མོལ་ཞིག་གི་མགོ་བརྩམས་དུས། ངས་རྒྱ་སྐད་ཡག་པོ་ཞིག་རྩ་བ་ནས་བཤད་ཤེས་ཀྱི་མེད་པ་མ་ཟད། སྔོན་མ་ཕ་ཡུལ་ནས་རྒྱ་ཡིག་དང་རྒྱ་སྐད་ཚིག་འགའ་ཤེས་པ་ཡང་གཏིང་བརྗེད་དུ་གྱུར་ཡོད་པས། ཕྲན་གྱིས་རྒྱ་ཚོང་པ་དེ་ལ་རྒྱ་སྐད་ཐེབས་ཆགས་ཀྱིས་ལན་རྒྱག་དུས། པད་མ་ཚེ་བརྟན་ལགས་གད་མོ་ཤུགས་ཆེན་གད་ཞོར། ངས་ཅིག་དྲན་སོང་ཟེར། སྔོན་མ་པེ་ཅིན་ནས་ཁོ་རང་ལ་ཕྱི་རྒྱལ་གྱི་མི་རིགས་སྐྲ་སེར་ཞིག་དང་འཕྲད་དུས། ཕྱི་རྒྱལ་གྱི་མི་དེས་རྒྱ་སྐད་བཤད་སྟངས་དང་ཁྱོས་རྒྱ་སྐད་བཤད་སྟངས་ཀྱི་གདངས་འདྲ་བོ་འདུག་ཟེར་ཞོར། ཁོ་རང་གད་མོ་ཤུགས་ཆེན་ཤོར་སོང་། ཕྲན་གྱིས་པད་མ་ཚེ་བརྟན་ཐེངས་མང་པོ་ཕ་རེ་སི་ནས་མཇལ་ཏེ་ཁ་བརྡ་བྱས་མྱོང་མོད། འོན་ཀྱང་ཁོ་རང་དེ་འདྲའི་གད་མོ་ཤུགས་ཆེན་ཞིག་ཤོར་བ་ཕྲན་གྱིས་མཐོང་བ་ཐོག་མ་ཡིན། གཅིག་བྱས་ན་གྲོགས་པོ་གཞན་ཚོའི་མཉམ་དུ་དེ་འདྲའི་གད་མོ་ཤུགས་ཆེན་ཤོར་ཡོད་ཀྱི་རེད། ངེད་གཉིས་ཐེངས་འགར་ཐུགས་མྱོང་ན་ཡང་། ཁོ་གད་མོ་དེ་འདྲ་ཞིག་ཤོར་བ་མཐོང་མྱོང་མེད།
པད་མ་ཚེ་བརྟན་ལགས་ཀྱིས་ཕྲན་ལ། ཨ་རོགས་ཁྱོས་དགེ་ཐོན་སློབ་གྲྭ་ནས་རྒྱ་ཡིག་སྦྱངས་པ་ཚང་མ་བརྗེད་དུ་བཅུགས་འདུག་ཟེར། བསྐྱར་གསོ་རེ་བྱེད་ཐུབ་ལ་བལྟ་ཀི་མིན་པས་ཅེས་ཡང་བསྐྱར་ཕྲན་ལ་སྐུལ་མ་བྱས་པས། ཕྲན་གྱིས་དེང་སང་ཕྲན་ལྟ་བུ་ཕྱི་ལོགས་སུ་ཡོད་པའི་བོད་མི་མང་པོ་ཞིག ནུབ་ཕྱོགས་མི་རིགས་དཀར་པོའི་གྲལ་དུ་ཡང་མ་ཚུད། ཕ་ཡུལ་གྱི་བོད་རིགས་ཚོའི་གྲལ་དུ་ཡང་ཡག་པོ་ཞིག་མ་ཚུད་པར། ང་ཚོ་བར་མཚམས་ཞིག་ན་བསྡད་ཡོད་པས། དཔེར་ན། མི་ཤི་རྗེས་སུ་བར་དོ་རུ་སྐྱེས་པ་དང་གཅིག་མཚུངས་རེད། འཇིག་རྟེན་འདི་ནས་ཚེ་འཕོས་ཤིང་། སྐྱེས་པ་ཕྱི་མའི་ལུས་རྟེན་ཡང་མ་བླངས་བར་བསྡད་ཡོད་པ་གཅིག་པ་རེད་ལབ་དུས། ཁྱེད་ཀྱི་དཔེ་མཚོན་དེ་ཡག་པོ་ཞིག་བཤད་སོང་། ང་ལ་བསམ་བློ་ཞིག་སྤྲད་སོང་ཟེར། ཁོ་ལ་བསམ་བློ་ག་རེ་སྤྲད་པ་ངས་མ་ཤེས་ལ་ཁོ་ལ་དྲིས་ཡང་མ་མྱོང་། གང་ལྟར་ཡང་། དེའི་དགུང་མོ་ང་ཚོ་ཆ་ཚང་དགོད་སྒྲའི་ཀློང་ནས་བསྡད་པ་ངས་དེ་རིང་ཡང་ད་རུང་དྲན་གྱི་འདུག
ངེད་གཉིས་གཅིག་པོ་ཇ་ཁང་ཞིག་གི་ནང་དུ་སོང་སྟེ་གླེང་མོལ་ཞིག་བྱས་བའི་ཚིག་འགའ་གླེང་སྟེ། དྲན་ཐོ་ཐུང་ངུ་འདིའི་མཇུག་བསྡུ་འདོད་བྱུང་། ང་རང་ཡང་སློབ་གྲྭའི་གུང་སེང་སླེབས་ལ་ཉེ་བའི་སྐབས། དབྱར་ཁ་ཞིག་ལ་སླེབས་སོང་པས། ངེད་གཉིས་ཀྱིས་ཇ་ཁང་ཞིག་གི་ནང་དུ་གྲང་མོ་རེ་འཐུང་ཞོར། པད་མ་ཚེ་བརྟན་ལགས་ཀྱིས་ཕྲན་ལ་དེ་རིང་ངེད་གཅིག་པོ་རེད། ནམ་རྒྱུན་ང་ཡོངས་ཐེངས་རེ་ངེད་གཅིག་པོས་ཁ་བརྡ་ལྷོད་ལྷོད་ཞིག་བྱེད་པའི་གོ་སྐབས་བྱུང་མ་སོང་ཟེར། དེ་ངོ་མ་བདེན་པ་ཡིན། ཕ་ཡུལ་གཅིག་པ་དང་ཡང་ན་ཕྱི་རྒྱལ་གྱི་མི་སོགས་འདྲ་མིན་མཉམ་དུ་འཛོམས་པ་ལས། ངེད་གཉིས་གཅིག་པོ་འཛོམས་ནས་ཁ་བརྡ་བྱས་པ་ཞིག་ངས་ཀྱང་མི་དྲན་པས། སྤྱིར་བཏང་གི་ཁ་བརྡ་དཀྱུས་མ་རེ་མ་གཏོགས་གླེང་མ་མྱོང་།
ངས་ཀྱང་གོ་སྐབས་འདི་བཟུང་སྟེ། ཁོ་ལ་དྲི་བ་ཞིག་འདི་ལྟར་བཏང་བ་ཡིན། ཨ་རོགས་ཨ་ཞང་ཚང་གིས་ཁྱེད་ལ་གློག་བརྙན་འདི་ལྟར་བཟོ་རོགས་ཟེར་ནས་བཙན་བཀའ་བཏང་མ་མྱོང་ངམ་དྲིས་དུས། ཐེངས་གཅིག་ཁོ་ལ་དགེ་སྟག་སྤྲུལ་སྐུའི་གློག་བརྙན་བཟོ་རོགས་ཟེར་ནས་ལབ་སོང་མོད། འོན་ཀྱང་སྐབས་དེར་ཁོས་གློག་བརྙན་ཞིག་ཕབ་སྐྲུན་བྱེད་བཞིན་ཡོད་པའི་སྐབས་ཁེལ་པས། ང་རང་ལ་དུས་ཚོད་མི་འདུག་ཅེས་ལན་རྒྱབ་དུས། ཁོ་རང་ཚོས་བསམ་བློ་ག་རེ་འཁོར་བ་མི་ཤེས་ཡང་ངེས་བར་དུ་བཟོ་དགོས་ཟེར་ནས་བཙན་དབང་བྱས་མ་སོང་ཟེར།
སྐབས་དེར་ཁོ་རང་གི་སྐད་གདངས་དམའ་མོ་ཞིག་ཡོད་པ་དེ་ཡང་གད་མོ་དགོད་ཞོར། ངས་དགེ་སྟག་སྤྲུལ་སྐུའི་གློག་བརྙན་བཟོས་དུས། ང་རང་བོད་གངས་ཅན་ལྗོངས་ལ་གོམ་པ་སྤོས་ས་ཡོད་པ་མ་རེད་ཅེས་བཤད་པའི་ཁོའི་གདོང་གི་ཉམས་འགྱུར་དང་སྐད་གདངས་དེ་ངའི་སེམས་སུ་གསལ་ལྷིང་ངེར་འདུག དེ་རིང་བར་དུ་ངེད་གཉིས་ཀྱི་གླེང་མོལ་གྱི་སྐད་ཆ་འདི་ཕྱི་ལོགས་སུ་བཤད་མྱོང་མེད། ཁོའི་གདོང་གི་འཛུམ་མདངས་དེ་འགྱུར་ནས་གློག་བརྙན་འཁྲབ་ཁྲིད་འདི་ང་རང་གིས་དགའ་ཕྱོགས་ཞིག་འདེམས་པ་རེད། ཡིན་ན་ཡང་། གློག་བརྙན་བཟོ་བའི་ལམ་ཁ་ལ་དངོས་སུ་ཞུགས་དུས། ལས་སླ་མོ་ཞིག་རྩ་བ་ནས་མ་རེད། འཁོར་ཡུག་ལ་བལྟས་ཏེ་བཟོ་དགོས་དུས། རང་གི་འདོད་པ་ཅི་བཞིན་ཡོང་རྒྱུ་དེ་ཁེགས་པོ་རེད། ཕར་ཚུར་རྒྱབ་མདུན་ཚང་མ་མ་བལྟས་ན་མི་འགྲིག་གི་ཟེར་ཞོར། ཁོའི་མགོ་བོ་ཡར་གནམ་ལ་འཁོར་ནས་བསྡད་སོང་། ངོ་མ་བདེན་རེད་ཅེས་ཕྲན་གྱིས་ལན་འདེབས་ཞོར། དེས་རྐྱེན་ངས་ཁྱེད་ལ་དྲི་བ་ཞིག་ཁྱོན་ནས་དྲིས་མ་མྱོང་་ལབ་དུས། དེ་བདེན་པ་ཡིན་ཟེར། བསམ་བློ་གང་མཚམས་བཏང་རྗེས་སུ། ཁོས་ཕྲན་ལ་ངེད་གཉིས་ཀྱི་བསམ་བློ་མཐུན་ས་ཞིག་འདུག་ཟེར། བསམ་བློ་གང་ཞིག་མཐུན་ས་ཡོད་པ་དེ་ཁོ་ལ་དྲིས་མ་མྱོང་ལ། གང་ཞིག་ན་མི་མཐུན་ས་ཡོད་པ་ཡང་དྲིས་མ་མྱོང་པས། དེ་རིང་ད་དུང་ཡང་ངས་བསམ་བློ་གང་ཞིག་མཐུན་ས་ཡོད་མེད་མི་ཤེས།
གང་ལྟར་ཡང་། པད་མ་ཚེ་བརྟན་ལགས་ཀྱི་གཤིས་ཀ་འཇམ་ཞིང་། ང་རྒྱལ་དང་ཤེས་མདོག་མི་སྟོན་པའི་ཁེངས་སྐྱུང་དང་ཉམ་ཆུང་སྨྲ་བ་ཉུང་བའི་མི་གཤིས་བརྟན་པོ་ཞིག་ཡིན་སྟབས། དེ་རིང་གི་དྲན་ཐོ་ཐུང་ངུ་ཞིག་གི་རྗེས་དྲན་བྱས་པ་ལས། པད་མ་ཚེ་བརྟན་ལགས་སྐད་གྲགས་ཆེན་པོ་རེད་སྙམ་ནས་བྲིས་པ་ཞིག་མིན། དེ་ལྟ་ན་ཡང་། ཕྲན་གྱིས་དྲན་ཐོ་ཐུང་ངུ་འདི་འབྲི་ཞོར། ངའི་སེམས་པ་གཏིང་ནས་སྐྱོ་སྟེ་མིག་ཆུ་འགོག་ཐབས་མེད་པ་ཞིག་བྱུང་། ངེད་གཉིས་འབྲེལ་འདྲིས་ཟབ་མོ་ཡོད་པ་ཞིག་མིན་ན་ཡང་། འདིར་ཧྥུ་རན་སིར་ཡོང་ཐེངས་རེ་འབྲེལ་བ་བྱས་པ་ནི། ཕྲན་ལྟ་བུ་ཤེས་འཇོན་གང་ཡང་མེད་མཁན་ཞིག་གི་ངོས་ནས་བཤད་ན་རིན་ཐང་ཅན་ཞིག་ཏུ་བརྩིས་ཆོག
བློ་གྲོས་པད་མ་རྒྱས་བའི་དགའ་ཚལ་ལ།།
ཚེ་དབང་ལྷ་མོས་དངོས་གྲུབ་མ་སྦྱིན་ཡང་།།
བརྟན་པའི་གོ་ཆ་གྱོན་པའི་གཤིས་ཀ་ཡིས།།
ཚེ་རབས་སྟོང་གི་བསོད་ནམས་རབ་ཏུ་འབར།།
10/5/2023ཡོ་རུབ་ནས་ནམ་མཁས་བྲིས།
དྲན་རྩོམ་ཡག