ཀརྨ་འཆི་མེད།
བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་ནས་གནམ་གྲུ་གླ་ཆ་ནེ་སྒོར་ ༦༠༠༠ གིས་མཁའ་ལམ་ཐོག་ཆུ་ཚོད་གཅིག་ཙམ་འགྲུལ་བཞུད་ཀྱིས་ནེ་པལ་གྷཉྫ་ཞེས་པ་རུ་འབྱོར། བལ་ཡུལ་ནས་ནེ་པལ་གྷཉྫ་བར་འགྲུལ་གླ་ནེ་སྒོར་༢༠༠༠ གི་འཛིན་ཤོག་བཅད་ནས་འགྲིམ་འགྲུལ་རླངས་འཁོར་ལ་མཚན་ལམ་གཅིག་བསྐྱོད་ན་སྔ་དྲོ་ཆུ་ཚོད་བཅུ་པ་ཡས་མས་སུ་འབྱོར། བལ་ཡུལ་ནས་ནེ་པལ་གྷཉྫ་བར་སྤྱི་ལེ་ 367 ཙམ་དང་ནེ་པལ་གྷཉྫ་ནས་མུ་གུ་ ( Mugu ) བར་སྤྱི་ལེ་ 235 ཙམ་གྱི་བར་ཐག་ཡོད། ནེ་པལ་གྷཉྫ་ནི་རྒྱ་བལ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་ཅིང་ས་གཞི་དམའ་ས་ཡིན་པས་མཁའ་རླུང་གནམ་གཤིས་ཀྱང་ཚ་དྲོད་ཤིན་ཏུ་ཆེ། འུམ་ལ་དང་། མུ་གུ། འཛུམ་ལ། ཌོལ་པ་བཅས་རྫོང་བཞི་རུ་ནེ་པལ་གྷཉྫ་དེ་ཉིད་ནས་གནམ་གྲུ་འཕུར་ལམ་གྱེས། ནེ་པལ་གྷཉྫ་ནས་གླ་ཆ་ནེ་སྒོར་༦༠༠༠ གིས་གནམ་གྲུ་བརྒྱུད་སྐར་མ་བཞི་བཅུ་ཙམ་ལ་མུ་གུ་རྫོང་གི་མངའ་ཁོངས་ཏལ་ཅ་ཞེས་པའི་གནམ་ཐང་དུ་འབྱོར།
འགྲུལ་བཞུད་བྱེད་སྟངས་གཞན་ཡང་ཡོད་དེ། བལ་ཡུལ་ནས་ནེ་པལ་གྷཉྫ་དུ་འབབ་མི་དགོས་པར་ཐད་བསྐྱོད་ཀྱིས་ཆུ་ཚོད་གསུམ་ཙམ་མདུན་བགྲོད་བྱས་ན་སུར་ཁེད་ ( Surkhet ) ཞེས་པ་རུ་འབྱོར། བལ་ཡུལ་ནས་སུར་ཁེད་བར་སྤྱི་ལེ་ 598 ཙམ་གྱི་བར་ཐག་ཏུ་གནས་ཡོད། སུར་ཁེད་ནི་ས་གཞི་རྒྱ་ཁྱོན་ཆེ་ཞིང་དམའ་སར་གྲུབ་པའི་ཡུལ་གྲུ་ཞིག་ཡིན་སྟབས་ནེ་པལ་གྷཉྫ་ལས་ཚ་དྲོད་ཅུང་ཉུང་ཤས་སུ་མཆིས་ལ། ཀར་ཎ་ལི་མངའ་སྡེ་ཡོངས་ཀྱི་ལྟེ་གནས་རྒྱལ་ས་གཙོ་བོ་ཞིག་ཏུའང་ངོས་འཛིན་བྱེད་བཞིན་ཡོད། སུར་ཁེད་ནས་ནེ་སྒོར་ ༥༠༠༠ གི་འཛིན་ཤོག་ཉོས་ནས་མཁའ་ལམ་ཐོག་ཆུ་ཚོད་ཕྱེད་ཙམ་ལ་མུ་གུ་རྫོང་དུ་འབྱོར། སྣུམ་འཁོར་ཆེ་ཆུང་ཁག་ལ་ཉིས་སྟོང་ནས་བདུན་སྟོང་བར་གྱི་རིན་གོང་འདྲ་མིན་ཡོད། སྔར་ལོ་ཤས་ཡ་རོལ་ན་སུར་ཁེད་ནས་མུ་གུ་བར་གནམ་གྲུ་ཐད་འཕུར་གྱིས་འགྲོ་འོང་བྱེད་བཞིན་ཡོད་ཀྱང་དེང་སྐབས་ཚོང་སྲིད་འོག་ནས་འཕུར་རྒྱུན་བཀག་འགོག་བྱས་ཡོད་སྟབས་ནེ་པལ་གྷཉྫ་ནས་འཕུར་བསྐྱོད་མཁའ་ལམ་ཡངས་མོར་རྒྱང་བཞུད་པ་རྣམས་ལ་སྐྱིད་པའི་སྣང་བ་ཕྱེས་ཡོད། སུར་ཁེད་ནས་མུ་གུ་བར་སྤྱི་ལེ་ 214 ཙམ་གྱི་རིང་ཚད་ལྡན་པ་དང་། བལ་ཡུལ་ནས་མུ་གུ་བར་སྤྱི་ལེ་ 862.5 ཙམ་གྱི་བར་ཐག་རིང་མོ་ཡོད། མཚམས་རེ་གནམ་གྲུ་གླ་ཆ་གོང་ཚད་མཐོ་དམན་ལ་ཤོར་ནས་ཁེ་གུན་གྱི་ཁྱད་པར་འབྱུང་བཞིན་ཡོད་ཚེ་གནམ་གྲུ་གླ་ཆ་ངེས་བརྟན་གྱི་ཚད་གཞི་མེད་པར་གནས། ནེ་པལ་གྷཉྫ་ནས་མུ་གུ་རྫོང་བར་འགྲུལ་གླ་ ༣༠༠༠ ཙམ་ལ་སྣུམ་འཁོར་གྱི་འགྲུལ་བསྐྱོད་བྱས་ན་ཉིན་གཉིས་ཙམ་ལ་མུ་གུ་རྫོང་གི་སྤྱི་ཁྱབ་ལྟེ་གནས་སྒ་མང་ཞེས་པའི་གྲོང་ཁྱེར་དུ་འབྱོར་ཐུབ།
བལ་ཡུལ་ནས་སྣུམ་འཁོར་ཆུང་བ་( jeep ) ལ་འགྲུལ་གླ་གཅིག་ཁྲི་སྟེང་ཐད་བསྐྱོད་ཀྱིས་སྒ་མང་དུ་ཉིན་ཞག་གཉིས་དང་ཕྱེད་ཙམ་ལ་འབྱོར་ཐུབ། མུ་གུ་རྫོང་ཁུལ་གྱི་སྨད་ཕྱོགས་ནི་མོན་( རོང་པ་ ) ཁོ་སཱན་རིགས་ཅན་གྱི་ཡུལ་ཚོ་སུམ་ཅུ་ལས་ལྷག་ཙམ་འགེངས་ཡོད་པ་དང་སྟོད་ཀྱི་ཆ་ནི་བོད་རིགས་མུ་གུམ་དང་ཀརྨ་རོང་གི་ས་ཡི་ཆ་རུ་གྲུབ་ཡོད། རྫོང་དེ་ཉིད་ལ་མུ་གུ་ཞེས་པའི་ཐ་སྙད་ཐོགས་ཚུལ་ཡང་འདི་ལྟར་ཡིན་ཏེ། བལ་ཡུལ་དབུས་གཞུང་ལྷན་ཁང་གིས་མུ་གུམ་ཡུལ་གྱི་ཐ་སྙད་དེ་རྫོང་མིང་དུ་བཞག་ཁུལ་གྱིས་སྒྲ་མདངས་མཆུ་རྩེར་མི་འབབ་བཞིན་མུ་གུ་ཞེས་པར་བཏགས། དེ་ཡང་སྔར་མུ་གུམ་ཀརྨ་རོང་གི་ས་གནས་དེ་ཉིད་བལ་ཡུལ་གྱིས་དབང་སྒྱུར་བྱེད་པའི་སྐབས་ཆབ་སྲིད་རིག་པ་བེད་དུ་སྤྱད་ནས་བལ་བོད་མཐའ་མཚམས་ཀྱི་ཡུལ་གང་ཞིག་འདུག་དེ་ཉིད་མིང་ནས་རྫོང་སྡེར་འབོད་ན་མཐའ་མཚམས་དེའི་འོག་ཏུ་ཡོད་པ་ཚུན་ཆད་རང་གི་མངའ་འོག་ཡིན་པ་གསལ་པོར་སྒྲུབ་ཆེད་མཐའ་མཚམས་སུ་བཏོགས་པ་མུ་གུམ་ཡུལ་གྱི་དངོས་མིང་དེ་རྫོང་མིང་དུ་བཏགས་ནས་ད་ཆའི་མུ་གུ་འདི་འབྱུང་བར་བཤད། དེ་མིན་ཀརྨ་རོང་གི་ཡུལ་སྡེ་སོགས་མང་དུ་ཡོད་ཀྱང་དེ་དག་གི་མིང་མི་འདོགས་པར་མུ་གུམ་ཡུལ་གྱི་མིང་ཁོ་ན་རྫོང་མིང་དུ་བཏགས་དགོས་དོན་ཅི་ཡིན་ནམ་སྙམ་པའི་དོགས་དྲི་འཆར་སྲིད། མུ་གུམ་ནས་ཆུ་ཚོད་གཅིག་གཉིས་ཙམ་གོམ་བགྲོད་ཀྱིས་སྣང་ས་ལ་ཞེས་པའི་རི་བོ་བརྗིད་ཆགས་པ་ཞིག་ཏུ་འབྱོར། རི་བོ་དེ་ནི་བལ་བོད་གཉིས་ཀྱི་ས་མཚམས་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། དེའི་རི་འགོར་ཁྲལ་རྡོ་ཞེས་པའི་རྡོ་བ་ཆེན་པོ་ཞིག་ཡོད་པར་སྔར་བོད་ཀྱིས་མུ་གུམ་ཀརྨ་རོང་གཉིས་ནས་དཔྱ་ཁྲལ་སྡུད་ས་ཞིག་ཡིན་པ་ལོ་རྒྱུས་རིང་མོར་མངོན།
ཏལ་ཅ་ནས་གོམ་བགྲོད་ཀྱིས་ཆུ་ཚོད་གཅིག་ཙམ་ལ་ནེ་པལ་གྱི་མཐོ་སྒང་ལ་ཆགས་པའི་ཆེས་གྲགས་ཆེ་བའི་མཚོ་ཆེན་བལ་སྐད་དུ་ར་ར་ཏལ་ཞེས་པའི་མཚོ་མོར་སླེབས། ཀརྨ་རོང་གི་ཡུལ་སྐད་དུ་དེ་ལ་མཚོ་ར་རང་ཞེས་འབོད་བཞིན་ཡོད། ར་ར་ཏལ་ནི་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་དང་བལ་ཡུལ་ནང་ནས་དྭངས་ཤིང་གཙང་བའི་མཚོ་ཆེ་ཤོས་ཀྱི་གྲས་སུ་གཏོགས་པ་ཞིག་ཀྱང་ཡིན། མཚོ་ནི་ས་བབ་ཀྱི་མཐོ་ཚད་ཨང་རིམ་ནི་མི་ཊར་ 2972 ཡིན་ཞིང་། རྒྱ་ཁྱོན་གྱི་ཚད་གཞི་སྤྱི་ལེ་ 5.1 ཙམ་དང་ཞེང་ཚད་སྤྱི་ལེ་ 3.5 ཙམ་དུ་གནས་ཡོད། མཐའ་ཀུན་རྩྭ་ཐང་ཆེན་པོ་དང་ཤིང་ནགས་མཐུག་པོས་བསྐོར་བས་ཧ་ཅང་ཡིད་དབང་འཕྲོག་པའི་ཡུལ་དུ་འགྱུར་ཡོད་ཅིང་། ཕྱི་རྒྱལ་དང་བལ་ཡུལ་ནང་གི་ཡུལ་སྐོར་སྤྲོ་འཁྱམ་ས་གནས་གལ་ཆེན་ཞིག་ཡིན།
ཏལ་ཅ་ནས་སྣུམ་འཁོར་ལ་བཞོན་ཏེ་བསྐྱོད་ན་སྐར་མ་ཉི་ཤུ་ཙམ་ལ་མདུན་དུ་རི་གསུམ་བར་ནས་གཙང་པོ་བཞུར་བཞིན་ཅུང་དམའ་བའི་རི་འགོ་ཁ་ལ་ལྟ་ན་བརྗིད་ཉམས་ཆེ་ཞིང་མཐོང་སྣང་གསལ་བའི་མུ་གུ་རྫོང་གི་སྤྱི་ཁྱབ་ལྟེ་གནས་སྒ་མང་ ( Gamgadi ) ཞེས་པའི་གྲོང་ཁྱེར་དུ་འབྱོར། གཡས་སུ་ལྟ་ན་ཆེས་མཐོ་བའི་ཙང་ཁེ་ལི་ཞེས་པའི་ལ་ཞིག་འཛོང་འཛོང་དུ་མཐོང་ཐུབ་ལ། དེའི་རི་སྐེད་ནས་འུམ་ལ་ཕྱོགས་སུ་བསྐྱོད་པའི་གོམ་བགྲོད་ལམ་བུའང་མཐོང་ངོ་།། མདུན་ངོས་སུ་རི་གཤོང་བར་ན་ཀར་ཎ་ལི་གཙང་པོ་ཤང་ཤང་དུ་བཞུར་བའི་གཡས་ཟུར་ནས་སྦས་ཡུལ་གཡང་ཆགས་ཀརྨ་རོང་གི་ལྗོངས་སུ་བསྐྱོད་པའི་འགྲོ་ལམ་གསལ་ལམ་མེར་མངོན་ཐུབ།
སྒ་མང་གི་སྣུམ་འཁོར་བབ་ཚུགས་ནས་འགྲུལ་གླ་ ༧༠༠ ཡི་འཛིན་ཤོག་བཅད་ནས་སྣུམ་འཁོར་ལ་ཞུགས་ན་ཆུ་ཚོད་གཉིས་ཙམ་ནང་མུ་གུམ་ཀརྨ་རོང་གི་མཐའ་མཚམས་ཚེལ་( མོན་སྐད་དུ་ཚེའི་ལ། ) ་ཞེས་པར་འབྱོར། སྒ་མང་ནས་ཚེལ་བར་སྤྱི་ལེ་ཇི་ཡོད་རྒྱལ་ཡོངས་ས་ཁྲའི་སྟེང་བཀོད་མེད་པས་དཔག་ཚོད་ཀྱིས་གསལ་སྟོན་བྱེད་ན་སྦྱི་ལེ་ 16 ཙམ་ཡོད་དམ་སྙམ། ཚེལ་དང་། པ་པུ། ཅི་སྨར་གསུམ་ནི་མོན་( རོང་པ་ ) གྱི་གྲོང་གསེབ་ཅིག་ཡིན་ལ་ཀརྨ་རོང་གི་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ཁོངས་སུ་གཏོགས་པའི་བརྩི་གྲངས་སུ་མཆིད། ཚེལ་གྱི་ཡུལ་མི་རྣམས་གནས་སྡོད་བྱེད་སའི་ས་ཁུལ་དངོས་ནི་གཙང་པོའི་ཕ་རོལ་དུ་ཡོད་ཅིང་། དེང་སང་ཚོང་ཁ་ལེགས་འཐོན་དུ་ཚེལ་པ་རྣམས་ཚུ་རོལ་ན་ཟ་ཁང་དང་མགྲོན་ཁང་སོགས་བཙུགས་ནས་ད་ཆ་ཁྲོམ་ར་ཆེན་པོ་ཞིག་ཏུ་ཆགས་ཡོད། དེ་ལ་སྟོད་ཀྱི་བོད་མི་ཚོ་ཁ་ཤས་ཀྱིའང་ཟ་ཁང་རེ་གཉིས་མཐོང་རྒྱུ་འདུག
དེ་ནས་རྐང་ལམ་གོམ་བགྲོད་ཀྱིས་ཆུ་ཚོད་གཅིག་ཙམ་ཡ་ལ་ཐེག་ན་ལྷ་ཤིང་ཤུག་པ་དང་ཐང་ཤིང་། སྟག་མ། ལྕང་མ། སྤ་མ་སོགས་རྩི་ཤིང་ནགས་ཚལ་གྱིས་རྒྱན་པ་དང་རི་ལུང་ཐམས་ཅད་སྨན་རྩྭའི་དྲི་བསུང་ཁེངས་ཤིང་། སྟོད་གངས་དཀར་ཏི་སེ་ནས་བབས་པའི་ཀར་ཎ་ལི་གཙང་ཆབ་སྔོན་མོ་རི་གཤོང་བར་ནས་ཤང་ཤང་དུ་བཞུར་བ། བྱ་འདབ་སྣ་ཚོགས་ཀྱི་གསུང་སྙན་ལྷང་ལྷང་དུ་སྒྲོག་བཞིན་པ། ཤིང་འབྲས་དང་འབྲུ་སྣ་ལོ་ཏོག་ཕུན་སུམ་ཚོགས་པའི་གཏེར་དུ་འགྱུར་པ་སྦས་ཡུལ་གཡང་ཆགས་ཀརྨ་རོང་གི་ཡུལ་ལྗོངས་སུ་སླེབས་ཟིན།
ཀརྨ་རོང་གི་ཡུལ་སྡེ་ཚང་མ་ཀར་ཎ་ལི་གཙང་པོས་བར་མཚམས་བཅད་ཡོད་ཅིང་ཕ་རི་ཚུ་རིའི་ལ་ན་ཡུལ་གཞི་རེ་རེ་ཆགས་པ་ཤ་སྟག་ཡིན། རྒན་རབས་པའི་གསུང་སྒྲོས་ལྟར་ན་སྔར་ལོ་ངོ་བརྒྱ་ཕྲག་འགའ་ཡི་སྔོན་དུ་ས་གནས་དེ་ཉིད་དུ་ཡོད་པའི་ཕ་མེས་ཕ་རྒྱུད་ཡང་མེས་རྣམ་དང་བོད་དོལ་ནས་ཡོང་བའི་ཕ་མེས་རྣམས་བཟའ་ཤིང་མང་པོ་དང་འཐུང་ཆུ་ཡོད་སར་གཙོ་བོ་གང་དུ་ཡོད་དེ་ཉིད་དུ་ཡུལ་གཞི་གཏན་དུ་ཆགས་འགོ་བཙུགས་པར་བཤད།
ཀརྨ་རོང་ནི་ཡུལ་སྟོད་སྨད་གཉིས་སུ་ཕྱེས་ཏེ་སྟོད་ན་ཟངས་དོལ་པོ། དབུང་བྲི། ཅུ་རི། དཀར་སྡེ། ཐང་རང་། མཁར། དག ད་ར། ཤོ་རོག པུ། ཀྱུག་བཅས་ཡུལ་ཚོ་བཅུ་གཅིག་དང་། སྨད་ན་རྨང་དང་། སྨད་ཐང་བཅས་ཡུལ་ཚོ་གཉིས་སུ་ཡོད། ཀརྨ་རོང་གི་སྟོད་ནི་མངའ་རིས་གངས་དཀར་ཏི་སེའི་ཤར་ནུབ་དང་འུམ་ལོ་དང་དོལ་པོའི་ཤར་ནུབ་ཕྱོགས་ལ་གནས་ཡོད། དེ་བཞིན་སྨད་ནི་འཛུམ་ལང་དང་གཏེར་ཆུ་རོང་གི་ནུབ་བྱང་ཕྱོགས་སུ་འཁེལ། མི་རྣམས་ཆོས་ལ་དད་ཅིང་ལས་འབྲས་རྗེས་སུ་བསྙེགས་པའི་ཡ་རབས་བཟང་སྤྱོད་ཀྱི་ངང་རྒྱུད་ལྡན་པའི་རང་གཤིས་བཟང་པོ་ཁོ་ནར་མཆིས། ཆོས་བརྒྱུད་ནི་སྔར་དུས་རབས་མང་པོར་ས་སྐྱ་དང་དཀའ་བརྒྱུད་དར་ཁྱབ་ཤིན་ཏུ་ཆེ་བའི་ལོ་རྒྱུས་ལྡན་ཡང་དེང་སྐབས་སྔ་འགྱུར་རྙིང་མའི་ཆོས་ལ་ཉམས་བཞེས་གནང་མཁན་མང་དུ་ཕྱིན་པ་དང་ཡུལ་མི་རྣམས་ཕལ་མོ་ཆེ་རྙིང་མ་གཏེར་གསར་གྱིས་བརླན་པའི་འདུལ་བྱ་ཁོ་ན་ཡིན།
རྒན་གཞོན་ཐམས་ཅད་སྔ་དགོང་ཞལ་འདོན་དང་ཞལ་ནས་མ་ཎིའི་དབྱངས་རྟ་འུར་ཆིལ་ལེ་རྣ་ལམ་དུ་ཐོས་ཡོང་། སྨད་ཀྱི་ཡུལ་ཚོ་གཉིས་ནི་ས་བབ་ཀྱི་ཆ་ནས་སྟོད་ལས་ཅུང་དམའ་མོ་ཡིན་སྟབས་ས་གཞི་གསིལ་དྲོད་སྙོམས་པོ་ཡོད་པར་བརྟེན་ས་ཞིང་འདེབས་ལས་མང་ཞིང་ལོ་གཅིག་ལ་སྟོན་ཐོག་ཚར་གཉིས་ཙམ་བསྡུ་ཐུབ་ཀྱི་ཡོད། སྟོད་ཀྱི་ཡུལ་ལུང་ཐམས་ཅད་ནི་གྲང་ངར་ཆེ་བའི་མཐོ་ས་ཞིག་ཡིན་པས་སྟོན་ཐོག་གཅིག་ལས་བསྡུ་མི་ཐུབ་ཅིང་ཤིང་འབྲས་དག་ཀྱང་དུས་ཡུན་ཕྱིས་པོར་སྨིན། དེ་བཞིན་ཟངས་དོལ་པོ་དང་དབུང་བྲི་གཉིས་ནི་དེ་བས་ས་གཞི་མཐོ་སར་ཆགས་ཡོད་སྟབས་ལོ་ཏོག་དེ་ཙམ་གྱིས་ལེགས་པོ་འཁྲུངས་མི་ནུས། སྟོད་སྨད་ཀུན་ལ་ས་ཞིང་གི་འཐོན་ཁུངས་སྣ་ཚོགས་ཡོད་པ་སྟེ་ཙེ་ཙེ། གྲོ། ནས། སོ་བ། བྲའོ། མོན་ཆག རྒྱ་སྲན། ( ཤི་སྦི། ) ཞོ་ཁོག སྒོག་པ། ལ་ཕུག ཤོམ་པ། སྲན་མ་སོགས་འབྲུ་སྣ་ཕུན་སུམ་ཚོགས་པ་ཡོད།
ཚེལ་ནས་ཟངས་དོལ་པོ་དང་དབུང་བྲི་གཉིས་མ་གཏོགས་ཀརྨ་རོང་གི་ལུང་ཚན་ཐམས་ཅད་ཉིན་གཅིག་ལ་གོམ་བགྲོད་ཀྱིས་སླེབས་ཐུབ། ཚེལ་ནས་མུམ་ཡུལ་དུའང་དོལ་དབུང་ལྟར་ཉིན་གཅིག་དང་ཕྱེད་ཙམ་འགོར། ཚེལ་ནས་ཅ་དངོས་ཧ་ཅང་འབོར་ཆེན་ཡོད་ན་རྟ་དྲེལ་ལ་ཁུར་པོ་བཀལ་ནས་ལམ་དུ་ཆས་རྒྱུ་ལས་བྱེད་ཐབས་བྲལ། ཚེལ་བར་དུ་ལོ་ངོ་ལྔ་བཅུ་གོང་ནས་བལ་གཞུང་ནས་རླངས་འཁོར་འཛུགས་སྐྲུན་གྱི་ལས་འཆར་ཡིན་སྐད་མོད། ད་གཟོད་གཞི་ནས་རླངས་འཁོར་སླེབས་ཐུབ་ཙམ་བྱུང་འདུག་ཀྱང་ད་དུང་སྣུམ་འཁོར་རྒྱུག་ལམ་དེ་ཙམ་ལེགས་པོ་མེད་ཁར་དབྱར་ཁ་ས་རུད་དམ་ཆུ་ལོག་གི་རྒྱུག་ལམ་ཞིག་ཆད་ཀྱི་དཀའ་ངལ་མང་། ཀརྨ་རོང་གི་ཡུལ་སྡེ་རེ་རེར་རྡོག་འཐོན་བྱེད་དགོས་ན་གྱེན་རིང་མོ་རེ་རེར་ངལ་དུབ་ཀྱི་དངན་པ་དྲག་པོ་ལན་མང་མ་བཏབ་ན་ཡུལ་གྱི་མཛེས་ལྗོངས་མཇལ་བའི་གོ་སྐལ་ག་ལ་ཡོད།
ཚེལ་ནས་གཙང་པོའི་མཐའ་ཟུར་ནས་རྐང་བགྲོད་ཀྱིས་ཐད་ལམ་ཤར་རྒྱག་ཏུ་ཆུ་ཚོད་གཅིག་དང་ཕྱེད་ཙམ་ལ་རྨང་སྨད་གཉིས་ཀྱི་གཙང་འགྲམ་དུ་ཡུད་གཅིག་ལ་འབྱོར་སོང་སྙམ་པའི་ཧུ་སྒྲ་ཤོར། རྨང་སྨད་གཉིས་ཀྱི་གཙང་འགྲམ་དུ་འཕྲོད་བསྟེན་སྨན་ཁང་དང་ཚོང་ཁང་སོགས་ཀྱི་ཁྲོམ་ཆུང་ཞིག་ཡོད་པ་མ་ཟད། ཕ་རོལ་ཚུ་རོལ་འགྲོ་འོང་བྱེད་པའི་ཙེ་ཙེ་ཟམ་པ་ཞེས་པའི་ལྕགས་ཟམ་ཆེན་པོ་ཞིག་ཀྱང་ཡོད། ཟམ་པ་དེ་ཀརྨ་རོང་གི་ས་ཁུལ་དུ་སྔར་ནས་ཡོད་པའི་ལྕགས་ཟམ་ཐོག་མ་ཞིག་ཡིན། ལོ་ངོ་ཁ་ཤས་ཡར་སྔོན་ན་སྟོད་པ་རྣམས་གཞི་བྱེས་གཉིས་སུ་འགྲོ་འོང་བྱེད་པའི་ལམ་རྟེན་དངོས་ཡིན་མོད། དེང་སང་ཚུ་རོལ་ནས་འགྲོ་ལམ་བདེ་མོ་དང་ལྷག་པར་དུ་ཉི་དྲོད་ཀྱིས་དཀའ་ཚེགས་མེད་པར་གྲིབ་བསིལ་འོག་ནས་བསྐྱོད་ཚེ་སྤྲོ་སྣང་གི་དགའ་བ་སྦྱིན་འོང་། ཕ་རི་ཚུ་རི་ཉི་མ་ཤར་ལོས་ལ་བལྟས་པས་འགྲོ་ལམ་ལའང་ཉི་ལམ་དང་གྲིབ་ལམ་ཞེས་སུ་བཏགས། དེང་སྐབས་སྟོད་པ་རྣམས་གྲིབ་ལམ་རང་ལ་འགྲོ་འོང་བྱེད་མཁན་མང་།
ཚེལ་ནས་གོམ་བགྲོད་ཀྱིས་མདུན་བསྐྱོད་བགྱིས་ཚེ་ཆུ་ཚོད་གསུམ་ཙམ་ལ་ཀྱུག་གི་གཙང་འགྲམ་དུ་འབྱོར། ཀྱུག་གི་གཙང་འགྲམ་ནི་རྦབ་རྡོ་ལྷུང་བའི་ཉེན་ཁ་མེད་པར་ས་ཆ་རྒྱ་ཁྱོན་ཆེ་ལ་ཐག་རིང་འགྲུལ་པ་རྣམས་ལ་ངལ་གསོ་སེལ་བའི་སྨན་གྱི་གཞི་ལྟར་གྲུབ་ཡོད་ཅིང་། དེ་ལ་ཐག་རིང་མགྲོན་པོ་རྣམས་སྣེ་ལེན་བསུ་མ་བྱེད་པའི་བོད་ཀྱི་མགྲོན་ཁང་དང་བཅས་པའི་ཟ་ཁང་མང་པོ་བརྡལ་ཡོད། གཙང་འགྲམ་ནས་ཀྱུག་ཏུ་འགྲོ་བར་ཆུ་ཚོད་ཕྱེད་ཙམ་ལ་འབྱོར་ནུས། ཀྱུག་གི་གཙམ་འགྲམ་ནས་ལྕགས་ཟམ་བརྒལ་ནས་ཆུ་ཚོད་ཕྱེད་ཙམ་ལ་པུ་ལུང་ཞེས་པའི་ས་གནས་སུ་འབྱོར།
པུ་ལུང་ནི་ཤོ་རོག་དང་པུ་ཡུལ་གྱི་རི་གཤོང་བར་གྱི་གཙང་འགྲམ་དུ་ཆགས་ཡོད་པའི་ཚོང་ཁྲོམ་ལ་ཟེར། སྤྱིར་པུ་ལུང་ནི་པུ་ཡུལ་གྱི་གཙང་འགྲམ་དུ་ཡོད་པའི་ས་སྟོང་དེའི་མིང་ཞིག་ཡིན་ཀྱང་ཕྱིས་སུ་ཚུ་རོལ་ཤོ་རོག་གི་གཙང་འགྲམ་ལ་ཐ་སྙད་འཕོས་ནས་དེ་ལྟར་ཟེར་སྲོལ་དུ་གྱུར་བར་བཤད། པུ་ལུང་ནས་ལྕགས་ཟམ་བརྒལ་ནས་པུ་ཡུལ་དུ་བསྐྱོད་ན་ཆུ་ཚོད་གཅིག་དང་ཕྱེད་ཙམ་ལ་འབྱོར་ནུས་ཤིང་། དེ་བཞིན་ཤོག་རོག་ཏུ་ཆས་ནའང་ཉེ་རྒྱང་ཧ་ལམ་གཅིག་མཚུངས་ཡིན། པུ་ལུང་དུ་མུ་གུམ་ཀརྨ་རོང་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གཙོ་བོར་བྱས་པའི་གཞུང་ལས་དང་འབྲེལ་བའི་ཡིག་ཚང་དང་བརྙན་ལེན་པར་སྐྲུན་ཁང་སོགས་ཡོད་པ་མ་ཟད། སྨད་ལ་ཐེག་མི་དགོས་པར་དགོས་མཁོ་ཅན་གྱི་ཅ་དངོས་ཡོད་ཚད་ཉོ་བླུ་བྱེད་ཐུབ་པའི་ཚོང་ཁང་སོགས་མང་དུ་ཡོད། ཕར་བལྟས་ཚོད་ལ་ཡུལ་ཚོ་སྟོད་ཀྱི་ཚོང་འགྲེམ་བྱེད་པའི་གྲོང་ཁྱེར་ལྟེ་བ་ཡིན་ཟེར་ནའང་ཆོག་པ་ཞིག་ཏུ་སྣང་། པུ་ལུང་ནས་ཆུ་ཚོད་ཕྱེད་ཙམ་གོམ་བགྲོད་བགྱིས་ཚེ་ལྕགས་ཟམ་བརྒལ་ན་དག་ཡུལ་གྱི་གཙང་འགྲམ་རྩེ་བཟང་ཕུག་ཏུ་རྫོགས་ཆེན་གྱི་བླ་མ་ ༸སྐྱབས་རྗེ་མཁན་པོ་ཡེ་ཤེས་བཟང་པོ་རིན་པོ་ཆེས་ཕྱག་བཏབ་པའི་ཨོ་རྒྱན་འགྲོ་འདུལ་གླིང་ཞེས་པའི་གཙུག་ལག་ཁང་གསར་པ་རུ་འབྱོར། དགོན་པ་དེ་ཉིད་ནི་ཀརྨ་རོང་སྟོད་སྨད་ཀུན་གྱི་ནང་བསྟན་ཤེས་རིག་སློབ་གཉེར་བྱེད་ས་གཙོ་བོ་ཞིག་ཏུ་དམིགས་པ་ཞིག་རེད། རྩེ་བཟང་ཕུག་ནས་གྱེན་ལམ་ཀྱག་ཀྱོག་བརྒྱུད་ནས་མཁར་དག་གཉིས་སུ་ཆུ་ཚོད་གཅིག་ཡས་མས་སུ་འབྱོར།
པུ་ལུང་ནས་ཆུ་ཚོད་གཅིག་དང་ཕྱེད་ཙམ་ལ་དུང་གསང་རྐང་གཉིས་ཞེས་པའི་མཆོད་རྟེན་དུ་འབྱོར། དེ་ཡང་གནས་མཆོག་ཁྱད་པར་བ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་པ་ཞིག་ཡིན་ཏེ། སྔར་སྤྱི་ལོ་༡༩༣༧ ལོར་ཤོ་རོག་ཡུལ་གྱི་བཟའ་ཚང་བཀྲ་ཤིས་རྒྱལ་མཚན་དང་གངས་སྐྱིད་བཟང་མོ་གཉིས་ཀྱིས་མཆོད་རྟེན་ཞིག་བཞེངས་པར་བསམས་ནས་ཐང་འདུམ་ཀརྨ་ཆོས་དབྱིངས་བཟང་པོ་རིན་པོ་ཆེ་ལ་ཞུས་པའི་ཞལ་བཞེས་བཀའ་སློབ་གསུང་དོན་ལྟར་ཤོ་རོག་ཡུལ་མི་ཀུན་ནས་མཉམ་རུབ་གཅིག་སྒྲིལ་ཐོག་ལས་སུ་འབད་ཅིངརྩིག་དཔོན་དུ་མཁར་ཡུལ་གྱི་ཁང་གསར་འགོ་བ་པདྨ་དང་ཁོ་པའི་ལས་རོགས་རྣམས་ཀྱིས་རམ་འདེགས་བསྒྲུབས་ནས་མཆོད་རྟེན་ཕྱི་ནང་གི་བཀོད་པ་སོགས་འགྲུབ་པར་བྱས་ནས་བོད་ཕྱོགས་ནས་ཀརྨ་རོང་དུ་ཡོང་བའི་ལྷ་བྲིས་བ་གྲགས་ཅན་ཀརྨ་བློ་གསལ་ཞེས་པ་ཞིག་གིས་ཆེས་བྱིན་ལྡན་གྱི་ནང་བཀོད་ལྷ་དང་ཞིང་ཁམས་ཐམས་ཅད་སྤུད་ལེགས་བཞེངས་ཤིང་། ཁོང་ནི་ལྷ་བྲིས་བ་ཙམ་མིན་པར་ཉམས་རྟོགས་ཀྱི་མཁྱེན་རྒྱ་ཆུབ་པའི་ཆོས་པ་ཚད་ལྡན་ཞིག་ཡིན་པས་མཆོད་རྟེན་ཉེ་འཁོར་དུ་རྡོ་ལ་ངོ་མཚར་ཆེ་བའི་ཞབས་རྗེས་ཤིག་སྟོན་པར་མཛད་ཡོད། ད་ལྟའི་ཆར་རྐང་གཉིས་དེ་ཉིད་ཉམས་གསོ་བྱེད་ཡོད་ཅིང་ད་བར་ཡར་འགྲུལ་མར་འགྲུལ་བྱེད་མི་རྣམས་ཀྱིས་ཕྱག་མཆོད་སྐོར་བ་བྱེད་པ་དང་ཅི་བསམ་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ་བའི་སྐལ་བཟང་དུ་ཤར་ཡོད། དེའི་ཉེ་འཁོར་དུ་ད་ར་ཡུལ་གྱི་ཟ་ཁང་སོགས་ཀྱང་ཉུང་ཟད་ཡོད་པ་དེར་འཐུང་ཆུ་དང་ལྟོ་ཆས་ཞིམ་ཟས་ལ་རོལ་བ་ན་ངལ་བ་བརྗེད་པའི་སྨན་དུ་ཚོར།
དུང་གསང་རྐང་གཉིས་ནས་ཆུ་ཚོད་ཕྱེད་ཙམ་ལ་ཟམ་པ་བརྒལ་དགོས་ནས་གཏེར་དགོན་པ་ཞེས་པ་ཕ་རོལ་ཤར་ཕྱོགས་ཀྱི་གཙང་འགྲམ་དུ་བརྗིད་ཆགས་པ་ཞིག་མཇལ་ཐུབ། ཟམ་པ་མ་བརྒལ་ནས་ཚུ་རི་གཙང་འགྲམ་ནས་ཐད་བཤར་བསྐྱོད་ན་ཆུ་ཚོད་གསུམ་ཙམ་ལ་མུམ་ཡུལ་དུ་འབྱོར་བ་དང་ཆུ་ཚོད་གཅིག་ཡས་མས་སུ་ཅུ་རི་ཡུལ་གྱི་གཙང་འགྲམ་དུ་འབྱོར། དེང་སང་ཅུ་རི་ཡུལ་གྱི་ཡུལ་པ་མང་དག་ཞིག་གཙང་འགྲམ་དུ་གཞིས་སྤོས་ནས་ཟ་ཁང་སོགས་ཀྱི་ཁྲོམ་ར་ཆེན་པོ་བཙུགས་ཡོད། གཏེར་དགོན་པའི་གཡས་འདབ་ནས་གྱེན་ལ་འཛེགས་བསྐྱོད་ཀྱིས་ཐང་རང་དང་། དཀར་སྡེ་གཉིས་སུ་ཆུ་ཚོད་གཉིས་ཙམ་ཐོགས་ཤིང་དོལ་པོ་དང་དབུང་བྲི་གཉིས་སུ་ཆུ་ཚོད་ལྔ་ཙམ་ཐོགས། དོལ་དབུང་གཉིས་སུ་གཏེན་དགོན་རྒྱབ་ཕྱོགས་ཐང་རང་གི་གཙང་འགྲམ་རྒྱུད་བསྐྱོད་ལམ་ཡོད་ཀྱང་དེང་སྐབས་དཀར་སྡེ་རྒྱུད་ནས་འགྲོ་མཁན་མང་། གཏེར་གྱི་ས་གནས་ནི་དོལ་དབུང་གཉིས། མཁར་དག་གཉིས། དཀར་སྡེ་ཐང་རང་གཉིས་རྣམས་འགྲོ་སའམ་གྱེས་སའི་ལྟེ་བ་གཙོ་བོ་ཞིག་ཁེལ་ཡོད་ཀྱང་། དེང་སང་མཁར་དག་གི་ཡུལ་མི་རྣམས་རྩེ་བཟང་ཕུག་ནས་འགྲོ་ལམ་གསར་དུ་བསྐྲུན་ཡོད་པ་དེ་ཉིད་ནས་ཆས་མཁན་མང་བར་བརྟེན་གཏེར་དུ་ཡོང་མཚམས་ཆད་པ་རེད།
དབུང་བྲི་ཡུལ་ནི་རི་གཤོང་བར་དུ་ཆགས་ལ་རྩྭ་ཆུ་ཤིང་ནགས་ཕུན་སུམ་ཚོགས་པའི་ཧ་ཅང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་ཀྱང་ཉི་མ་ཤར་ཐུང་རིང་བའི་རྐྱེན་གྱིས་དེང་སྐབས་གྲོང་པ་ཡོད་དོ་ཅོག་འཛུམ་ལང་དུ་གཞིས་སྤོས་ནས་ཡུལ་གཞི་སྟོང་ཟིན་པར་གྱུར་ཡོད།
ཅུ་རི་དང་། དཀར་སྡེ། ཟངས་དོལ་པོ་བཅས་ཀྱི་རི་འགོ་ན་གཡུ་ཡི་གཞོང་པ་ལྟར་རྒྱ་ཁྱོན་ཆེ་བའི་རྩྭ་ཐང་ཤིན་ཏུ་མཛེས་པ། དབུས་སུ་རྩེ་མོ་དགུང་ལ་རེག་ཅིང་བརྗིད་ཆགས་པའི་དབྱིབས་གླང་གངས་དཀར་རིན་པོ་ཆེ་ལྷིང་པོར་བཞུགས་ཡོད། དབྱིབས་གླང་གངས་ཆེན་ནི་གནམ་ནས་བལྟས་པ་ན་དབྱིབས་གཟུགས་གླང་པོ་ཆེ་ལྟར་ཡོད་ཚེ་མིང་ལའང་དེ་ལྟར་དུ་ཐོགས་པ་ཡིན། དེ་ཡང་སྔར་ཆོས་ལྡན་ཀརྨ་རོང་གི་ཞིང་ས་རུ་ལོ་ངོ་བརྒྱ་ཕྲག་མང་པོར་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་རྒྱུན་ཤིན་ཏུ་དར་བའི་སྐབས་རྒྱལ་བའི་ལུང་གིས་ཟིན་པའི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་དངོས་སློབ་གྲུབ་ཐོབ་སེངྒེ་ཡེ་ཤེས་ཀྱིས་གུ་རུའི་གནས་སྒོ་ཕྱེས་ཏེ་བྱིན་གྱིས་རླབས་པའི་གནས་མཆོག་རྩ་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་ནང་གི་ཆེས་མཐོ་སྒང་དུ་ཆགས་པའི་གནས་རི་གྲགས་ཅན་བཞིའི་ཡ་གྱལ་དུ་གཏོགས་པ་ཡིན་ལ། དེ་ལ་གུ་རུའི་སྒྲུབ་ཕུག་དང་སྒྲུབ་ཆུ་སོགས་གཏེར་ཁ་མང་པོ་ཡོད་པ་དང་རིགས་གསུམ་མགོན་པོའི་བླ་རི་གསུམ་འགྲོ་བའི་དཔལ་དུ་བཞད་པ་ནི་ལོ་རྒྱུས་ནས་གསལ་ཁ་ཕྱེས། རྒྱ་མཚོ་ནས་མཐོ་ཚད་ཀྱི་ཨང་རིམ་མི་ཊར་ལྔ་སྟོང་ཐམ་པ་ཡིན། ལོ་ལྟར་གྲོ་བཞིན་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་མུམ་དང་ཀརྨ་རོང་གི་ཡུལ་སྟོད་སྨད་ཀྱི་མི་ཡོད་དོ་ཅོག་ཆོས་མཇལ་གནས་སྐོར་དུ་བསྐྱོད་སྲོལ་ཡོད། ཕྱི་པ་རྣམས་ཀྱང་ལྷ་དབང་ཕྱུག་གི་གནས་རྩ་ཆེན་ཞིག་ཡིན་པར་ངོས་འཛིན་བྱས་ནས་བལ་ཡུལ་ས་གནས་ཡུལ་གྲུ་གང་ས་ནས་རི་འགོ་མཐོན་པོར་གྲང་ངར་གྱི་དཀའ་ཚེགས་ལ་སྡུག་ཁྱག་གིས་གནས་སྐོར་དུ་ཡོང་བཞིན་འདུག དབྱིབས་གླང་གངས་ཆེན་ལ་བལ་སྐད་དུ་ཚ་ཡཱ་ཎཐ་ཞེས་མིང་དུ་བཏགས་ཡོད། ཕྱི་ནང་ཡུལ་སྐོར་སྤྲོ་འཁྱམ་པ་ལ་ལ་ར་ར་ཏལ་ནས་དབྱིབས་གླང་གངས་དཀར་གནས་མཇལ་ཞུས་ཏེ་ཟངས་དོལ་པོའི་རྒྱུད་རྡོག་ཐོན་གྱིས་ཡར་བ་དོལ་པོ་ཕོད་ཡུལ་དང་བྱི་གཅེར་སོགས་སུ་འབྱོར་ནུས། དོལ་པོའི་ཤེལ་རི་བོ་འབྲུག་སྒྲའི་དུས་ཆེན་ཏེ་འབྲུག་ལོར་མུ་གུམ་དང་ཀརྨ་རོང་གི་ཡུལ་མི་མི་ཉུང་བ་ཞིག་ཀྱང་ཟངས་དོལ་པོའི་རྐང་ལམ་ཐོག་གོམ་བགྲོད་ཀྱིས་གནས་སྐོར་དུ་ཆས་སྲོལ་ཡོད།
སྦས་ཡུལ་གཡང་ཆགས་ཀརྨ་རོང་ནི་གུ་རུའི་སྦས་ཡུལ་ཞིག་ཡིན་པ་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེའི་གསུང་འབུམ་དུ་གསལ་བ་དང་བླ་མ་གོང་མ་རྣམས་ཀྱི་ཞལ་དྲོན་མོ་ནས་གསུངས་ཡོད་ཅིང་། ཡུལ་ལྗོངས་ས་བབ་ཀྱི་བཀོད་པ་ནི་འུམ་ལོ་དང་གཏེར་ཆུ་རོང་གི་རི་ལུང་དང་འདྲ་བ་ཡིན། སྔར་ནས་འུམ་ལོ་དང་དོལ་པོ་སོགས་དང་བླ་སློབ་ཆོས་གསུམ་དང་འབྲེལ་ལམ་ཤིན་ཏུ་ཆེ་བའི་དཔེ་རྙིང་ཁག་གིས་གསལ་བར་བརྗོད། སྔར་བཙན་པོའི་སྐབས་ཀྱི་བོད་མི་དག་མ་ཡིན་ཞིང་ཡུལ་གྱི་གོམས་སྲོལ་དང་ཆོས་རིག་རྣམས་གློ་དོལ། འུམ་ལོ། ནུབ་རི་སོགས་ཧི་མ་ལ་ཡ་ཚང་མ་གཅིག་མཐུན་ཡིན་ཀྱང་ཡུལ་སྡེ་མི་འདྲ་བས་ལུགས་སྲོལ་ཅུང་ཁྱད་པར་ཡོད། ཧི་མ་ལ་ཡ་ཚང་མ་རྡོག་རྩ་ཆིག་སྒྲིལ་དགོས་གལ་ཆེ་བ་དང་ཕན་ཚན་འབྲེལ་ལམ་ཇེ་ཟབ་དགོས་རྒྱུ་ནི་དེ་བས་གལ་པོ་ཆེ་རུ་སྣང་། རྒྱུ་མཚན་ནི་ཕན་ཚུན་མཆེད་ཁུངས་གཅིག་ནས་ཡིན་སྟབས་ལོ་རྒྱུས་གསལ་སྟོན་བྱེད་པར་རྒྱུས་མངའ་ལོན་དགོས་ཞིང་རིག་གཞུང་གིས་ཕྱུག་པའི་ཧི་མ་ལ་ཡ་ཀུན་གྱི་ངོ་བོ་གཙང་དག་འདིའོ་ཞེས་སྒྲུབ་པར་བྱ་དགོས་སོ།།
སྤྱི་ལོ་ 2023 སྤྱི་ཟླ་ 4 སྤྱི་ཚེས་ 8 རེས་གཟའ་ཟླ་བའི་ཉིན་ཀརྨ་འཆི་མེད་ནས་ཟིན་ཐོར་སྤེལ་བ་དགེ་ལེགས་འཕེལ།།
ཆ་ཚང་ཀློག་ཡིན་སྙན་པོ་འདུག་བཀའ་དྲིན་ཆེ།
ཡག་མོ་འདུག་
ཟིན་ཐོ་ཡག་པོ་བྲིས་གནང་བར་ཡིད་རང་ཞུ།
ཀརྨ་རོང། སླེ་མི་རོང། མུ་ཁུམ་རོང། དོལ་པོ་རོང། འུམ་ལོ་རོང། ནུབ་རི་། ཙུམ། དེ་ཚོ་མི་རིགས་བོད་པ་རང་ཡིན་པ་འདོད།