ཡེ་ཤེས།
དང་པོ། ཞུན་ཡང་།
ཁས་ཉིན་ཞུན་ཡང་ལ་ཐོན་པ་དང་། དེ་རུ་ཞག་མ་གཅིག་དང་ཉིན་ཕྱེད་ཅིག་ལ་བསྡད། གནས་དེའི་གནམ་གཤིས་རློན་ཆེ་ཞིང་ཚ་བ་དྲག་པོ་ཡོད་པ་དང་། སའི་མཐོ་ཚད་ལ་མཚོ་ངོས་ལས་སྨི་ལྔ་བརྒྱ་ཙམ་ལས་མེད། ང་ནི་མཚོ་ངོས་ལས་སྨི་བཞི་སྟོང་ཙམ་ཡོད་པའི་མཐོ་སྒང་ནས་སླེབས་པ་ཡིན་ཡང་། གནས་འདིའི་མཐོ་ཚད་དང་གནམ་ཟླ་ཤིན་ཏུ་ལུས་སེམས་གཉིས་ལ་འཕྲོད་པ་ཞིག་བྱུང་། ག་ས་གང་དུ་སྡོང་བོ་དང་མེ་ཏོག་སོགས་སྔོ་ལྗང་ལྗང་གི་སྐྱེ་དངོས་ཀྱིས་ཁེངས་ནས་ཡོད་པའི་ཁར། རླུང་བུ་ཡང་ཁ་རླངས་ལྟ་བུ་ཡིན་པའི་གནམ་གཤིས་འཇམ་པོ་དེས་མི་ལ་བག་ཕེབས་དང་ཁམས་དྭངས་པའི་སྣང་བ་སྟེར་བས། རྗེས་མར་གནས་འདི་ནས་འདུག་རྒྱུ་བྱུང་ན་སྙམ་པའི་བསམ་པ་ཡང་སྐྱེས།
ཁ་སང་ཉིན་གུང་ནས་ཕྱི་དྲོ་བར་དམིགས་ཡུལ་མེད་པར་རྒྱ་སྲང་དུ་འཁོར་བ་ཡིན། ང་འདུག་ས་ནི་གྲོང་ཁྱེར་གྱི་བས་མཐའ་ཡིན་པས། རྒྱ་སྲང་དུ་མི་ཉུང་ཞིང་ཁྲོམ་ར་དང་ཚོང་ཁང་དག་ཏུའང་མི་ཚོགས་ཀྱི་འདུ་འཛི་མི་འདུག ཞུན་ཡང་ནི་ཞིས་ཨན་དང་ཁ་ཐག་ཉེ་ཞིང་། ཞིས་ཨན་གཙོས་པའི་མཐའ་འཁོར་གྱི་ཡུལ་གྲུ་དག་ནི་རྒྱ་མི་རིགས་ཀྱི་མེས་པོ་བྱུང་ས་ཡིན་པས། གནས་འདིའི་རྒྱ་རིགས་ནི་མི་རིགས་གཞན་འགྱུར་ནས་བྱུང་བ་མ་ཡིན་པར། རྒྱ་མི་རིགས་ངོ་མ་ཡིན་ཞེས་བཤད་ཆོག དེ་ལྟ་ན་ཞུན་ཡང་གི་མི་རྣམས་ལས་རྒྱ་མི་རིགས་ཀྱི་ཐོག་མའི་གཤིས་ཀ་དང་རང་བཞིན་སོགས་ལ་ཅུང་ཟད་རྒྱུས་ལོན་བྱེད་ཐུབ་པ་མ་ཡིན་ནམ་སྙམ་གྱིན། ངས་ཞུན་ཡང་ནས་འཕྲད་པའི་མི་རྣམས་ལ་མཉམ་འཇོག་ཞིབ་མོ་བྱས་པ་ཡིན། ནུབ་བྱང་ཁུལ་གྱི་མི་དང་བསྡུར་ན་ཞུན་ཡང་གི་མི་གཤིས་ཀ་འཇམ་ཞིང་། སྐད་ཆ་བཤད་དུས་ཀྱང་ངག་འཇམ་འཇམ་གྱིས་བཤད་མོད། རང་ངོས་ནས་རང་དབང་མེད་པར་ཁོ་ཚོ་ལ་ཅུང་ཟད་དོགས་ཟོན་བྱེད་པའི་བསམ་པ་ཞིག་འདུག གཅིག་བྱས་ན་དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་ལོས་ཆེ། ཞུན་ཡང་གི་མི་རྣམས་ཀྱིས་ཕན་ཚུན་བར་སྤྱི་སྐད་མི་བཤད་པར་ཡུལ་སྐད་བཤད། ཁོ་ཚོའི་སྐད་ཆའི་ཁྲོད་༼ངུ་༽ཟེར་བའི་སྒྲ་མང་པོ་འདུག་ཅིང་། དེ་ནི་ང་ཞེས་པའི་དོན་རེད།གསལ་བོར་ཉན་ན་ཁོ་ཚོའི་ཡུལ་སྐད་དེ་ཧ་གོ་མི་ཐུབ་པ་ཞིག་མ་རེད། སྔོན་ཆད་ང་ལ་རྒྱའི་གྲོགས་མོ་ཞིག་ཡོད་ཅིང་། མོ་ནི་ཞིས་ཨན་གྱི་མི་ཡིན་པས་སྐབས་རེར་ཞིས་ཨན་གྱི་ཡུལ་སྐད་བརྗོད། ད་ཐེངས་ཞིན་ཡང་དུ་མི་རྣམས་ཀྱི་སྐད་ཆར་ཉན་གྱིན་རང་དབང་མེད་པར་གྲོགས་མོ་དེ་སེམས་ལ་འཁོར་བྱུང་། མོ་ནི་ངའི་གྲོགས་མོ་བཟང་པོ་ཞིག་ཡིན་པར་མ་ཟད། སེམས་ཅན་ལ་སེམས་ཁུར་བཟོ་ཤེས་ཤིང་། རྟག་པར་བརྩེ་བ་དང་བྱམས་སེམས་ཀྱིས་གཞན་དང་འབྲེལ་འདྲིས་བྱེད་པའི་མི་ཡ་རབས་ཤིག་ཡིན། ཡིན་ནའང་། སྐབས་རེར་མོས་རྒྱ་མི་རིགས་ཀྱི་ལྟ་བ་མང་པོ་ང་ཚོའི་སྟེང་དུ་སྦྱོར་ཐབས་བྱེད། དེ་ནི་མོས་བསམ་གཟས་ནས་དེ་ལྟར་བསྒྲུབས་པ་མ་ཡིན་པར། མོས་སེམས་གཏིང་ནས་ལྟ་བ་དེ་དག་ལ་དགའ་མོས་དང་ཡི་རང་བྱེད་ཀྱིན་ཡོད་པས་རེད། མོས་ལྟ་བ་དེ་དག་གླེང་དུས་ང་ཚོའི་བར་དུ་རྩོད་པ་དྲག་པོ་འབྱུང་བ་ཡིན་ལ། བརྩད་ཀྱིན་བརྩད་ཀྱིན་མོས་ཁུ་སིམ་མེར་བསམ་བློ་མང་པོ་གཏོང་བ་ཡིན། རྗེས་ནས་མོས་ལྟ་བ་དེ་དག་གླེང་རྒྱུ་གཞི་ནས་མཚམས་བཞག་པས། ང་ཚོ་སྔར་བས་ཀྱང་བཟང་བའི་གྲོགས་པོ་རུ་གྱུར།
ཞུན་ཡང་གི་རྒྱ་སྲང་ནས་ཁ་ཧྥེ་ཕོར་བ་གང་འཐུང་བ་དེ་དངོས་གནས་བརྗེད་རྒྱུ་མི་འདུག དེ་ནི་ཁ་ཧྥེ་ངོ་མ་ཞིག་མ་ཡིན་པར་ཁོ་ཚོ་རང་གིས་གསར་གཏོད་བྱས་པ་ཞིག་རེད། སྔོན་ཆད་སི་ཁྲོན་དུ་སྡོད་དུས་སི་ཁྲོན་གྱི་རྒྱ་མིས་ཧ་ལས་པའི་ཟ་མ་ཡག་པོ་བཟོ་བ་ཤེས་ཀྱི་ཡོད་པ་དྲན་གྱི་འདུག ཁྲིན་འདུ་དང་ཁ་བྲལ་བའི་ལོ་ངོ་འདི་དག་གི་རིང་ངས་རྟག་པར་སི་ཁྲོན་གྱི་ཟ་མ་དྲན་གྱི་ཡོད། ངས་བསམ་ན་རྒྱ་མི་རིགས་དང་ལྷག་པར་དུ་ནང་ལོགས་ཀྱི་རྒྱ་མི་རིགས་ནི་དངོས་གནས་ཟ་མ་བཟོ་བར་མཁས། ཉིན་གུང་ཐུག་པ་དཀར་ཡོལ་གང་འཐུང་བ་དེའང་མཚོ་སྔོན་གྱི་ཐུག་པ་དང་མི་འདྲ་བར་ཧ་ཅང་ཁ་ལ་ཞིམ་ཞིང་ཁོག་ལ་བདེ་བ་ཞིག་བྱུང་། དེ་སྔོན་སི་ཁྲོན་དུ་སྡོད་དུས་མཚོ་སྔོན་ནས་ཡིན་པའི་སློབ་གྲོགས་རྣམས་ཀྱིས་ཁ་ཆེའི་ཟ་མ་འདོད་ཟེར་བཞིན་རྒྱུན་པར་ཁ་ཆེའི་ཟ་ཁང་དུ་འགྲོ་རྒྱུར་དགའ་མོད། ང་ལ་མཚོན་ན་སི་ཁྲོན་གྱི་ཟ་མ་བསྐྱུར་ཏེ་ཁ་ཆེའི་ཟ་མ་ཟ་བ་ནི་གླེན་རྟགས་ཤིག་ལས་མ་འདས། ཁ་ཆེ་བ་རྣམས་ཀྱིས་བཟོས་པའི་ཐུག་པའི་ནང་དུ་ང་རང་མི་དགའ་བའི་བྲོ་བ་ཞིག་འདུག་པས། ནམ་རྒྱུན་ང་རང་ཁ་ཆེ་ཟ་མ་ཟ་རྒྱུར་མི་དགའ། གལ་ཏེ་སུ་ཞིག་གིས་ང་ལ་ཁྱོད་རང་ཆེས་དགའ་བའི་ཟ་མ་དེ་ས་ཆ་གང་གི་ཟ་མ་ཡིན་དྲིས་ཚེ། ངས་ཐེ་ཚོམ་མེད་པར་སི་ཁྲོན་དང་ཞུན་ཡང་སོགས་སྨད་རྒྱ་དག་གིས་བཟོས་པའི་ཟ་མ་ཡིན་ཞེས་བརྗོད་རྒྱུ་ཡིན།
གཉིས་པ། ལི་ཅང་།
ཞིན་ཡང་ནས་ཞག་མ་གཅིག་དང་ཉིན་གཅིག་ལ་བསྡད་མཐར། དགོང་མོ་ཆུ་ཚོད་བཅུ་གཅིག་གི་སྟེང་ལི་ཅང་ལ་ཆས་ཤིང་། ཆུ་ཚོད་གཉིས་ཙམ་གྱི་སྟེང་དུ་གཞི་ནས་ལི་ཅང་ལ་སླེབས། ཞུན་ཡང་ནས་གནམ་གྲུ་དུས་ལྟར་འཕུར་ཐུབ་པ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་སོང་། སྔ་ཉིན་ཟི་ལིང་ནས་གནམ་གྲུ་ཆུ་ཚོད་གཉིས་ཙམ་ལ་ཕྱིར་འགྱངས་བྱས་ཤིང་། དེའི་རྗེས་ནས་ངའི་གྲོགས་མོ་ཞིག་གནམ་གྲུར་འདུག་དུས་ཀྱང་དུས་ཚོད་གསུམ་ཙམ་གྱིས་ཕྱིར་འགྱངས་བྱས་སོང་ཟེར། སྐབས་རེར་འདི་དག་ཡོད་ཚད་ཁོར་ཡུག་གི་ཆ་རྐྱེན་ལ་རག་ལས་པ་ཞིག་མ་ཡིན་པར། ཁ་སྟོད་ཀྱི་མི་དག་གི་བསམ་པ་དང་གཤིས་ཀ་ཡིས་བཟོས་པ་མིན་ནམ་སྙམ། ཡིན་ནའང་། ཞུན་ཡང་གི་གནམ་གྲུ་ཐང་ནས་སེམས་མི་སྐྱིད་པའི་དོན་དག་འདི་འདྲར་འཕྲད་མ་སོང་། ལི་ཅང་ལ་སླེབས་དུས་གཞི་ནས་ཧ་ཅང་མི་གཅིག་པའི་ཚོར་བ་ཞིག་འདུག གྲོགས་མོ་མཁའ་མོས་དེ་སྔོན་ང་ལ་ལི་ཅང་དང་འབྲེལ་བའི་སྐད་ཆ་འདི་འདྲ་ཞིག་ལབ་མྱོང་སྟེ།༼ལི་ཅང་གི་མི་རྣམས་ཀྱིས་རོལ་གྱིན་ཡོད་པ་ནི་འཚོ་བ་ཡིན་ལ། མཚོ་སྔོན་གྱི་མི་རྣམས་ཀྱིས་རོལ་གྱིན་པ་ནི་འཚོ་གནས་ཡིན་པ་ལས་འཚོ་བ་མ་ཡིན།༽ཟེར།ད་རེས་ལི་ཅང་ལ་ཐོན་དུས་གྲོགས་མོ་མཁའ་མོས་བཤད་པའི་སྐད་ཆ་དེ་དངོས་གནས་བདེན་པ་ལ་སྙམ་པའི་བསམ་ཚོར་སྐྱེས། མཁའ་དབུགས་ཧྲིལ་བོར་ཁྲོད་དུ་བདེ་འཇགས་དང་ཞི་བདེ། བག་ཕེབས། ལྷོད་ཡངས་ཀྱི་ཆ་ཞིག་མངའ་བས། ད་སོ་མ་ཞིན་ཡང་དུ་ཡོད་པའི་དོགས་ཟོན་དང་གཟབ་ནན་གྱི་སེམས་ཁམས་ཧྲིལ་པོ་རང་བཞིན་གྱིས་ཞིག་སྟེ། སེམས་པ་ཧྲིལ་བོ་གཞི་ནས་ཕྱི་རོལ་གྱི་མཁའ་དབུགས་དང་ལྷན་དུ་བསྲེས་ཐུབ་པ་བྱུང་། གཅིག་བྱས་ན་འདི་ནི་གྲངས་ཉུང་མི་རིགས་མང་བའི་ཡུལ་གྲུ་ཞིག་ཡིན་པས་ཡིན་ལོས་ཆེ། ལི་ཅང་གི་ནམ་ཟླ་ཞུན་ཡང་ལས་འཁྱག་ནའང་། ཁོ་ར་ཁོར་ཡུག་ཀུན་ནི་སྡོང་བོ་དང་མེ་ཏོག་གིས་ཁེངས་ཤིང་། ཁང་པའི་གྱང་ངོས་དང་སྒེའུ་ཁུང་སྟེང་སོགས་སུའང་མེ་ཏོག་གྱ་མ་གྱུ་སྐྱེས་ཡོད་པས། འདི་ནི་མེ་ཏོག་དང་ལྗང་མདོག་གི་འཇིག་རྟེན་ཞིག་རེད། ས་འདིའི་མི་རྣམས་ཀྱི་འཚོ་བ་དལ་ཞིང་རྒྱ་སྲང་དུ་ཕྱི་རོལ་དུ་རྐུབ་སྟེགས་བཞག་ནས་ག་ལེར་ཇ་འཐུང་བའི་མི་ཧ་ཅང་མང་། ཞོགས་པར་ཞོགས་ཟས་ཟ་རུ་སོང་དུས་ཟ་ཁང་དུ་ལྷ་སའི་ཇ་བསྲུབས་མ་ཡང་འཐུང་རྒྱུ་འདུག་པས། འདི་ནི་བོད་རིགས་ཀྱི་ཤུགས་རྐྱེན་ཆེ་བའི་ས་ཆ་ཞིག་རེད་ཨང་སྙམ་བྱུང་།
ལི་ཅང་གི་མི་རྣམས་ཀྱི་གཤིས་ཀ་དང་སྐད་ངག་ཧ་ཅང་འཇམ་པའི་ཚུལ་དེས་ང་ལ་རང་ཉིད་འཇིག་རྟེན་མི་གཅིག་པ་ཞིག་ཏུ་སླེབས་པའི་སྣང་བ་སྐྱེས་སུ་བཅུག ཟི་ལིང་གི་གནམ་གྲུ་ཐང་དང་མེ་འཁོར་འབབ་ཚུགས་སུ་གླ་གཏོང་ཁ་ལོ་བ་དག་གིས་ཀི་བཏབ་ནས་འགྲུལ་བ་འཕྲོག་རེས་བྱེད་པ་ཡིན་མོད། ལི་ཅང་དུ་དེ་འདྲའི་སྣང་ཚུལ་མཐོང་རྒྱུ་མི་འདུག གླ་གཏོང་ཁ་ལོ་བ་དང་ཚོང་བདག་དག་གིས་ཁྱོད་ལ་དགོས་མེད་ཀྱི་གཏམ་འདྲི་མི་དཔེ་ལ། དགོས་མེད་ཀྱི་ཚོང་བཤད་མི་རྒྱག་པ་ཚོར་བྱུང་། འདི་ནི་མཚོ་སྔོན་གྱི་རྒྱ་མིའི་གཤིས་ཀ་དང་རྦད་དེ་ལྡོག་པ་ཞིག་རེད། ཉིན་འགའི་སྔོན་རྐང་ཚ་ནས་ཟི་ལིང་དུ་ཡོང་བའི་ལམ་བར་དུ། ཁ་ལོ་བ་རྒྱ་མི་དེས་རླངས་འཁོར་ནང་གི་མི་ཚང་མ་སྐོར་བ་བྱས་ནས་དོན་མེད་པའི་དྲི་བ་སྣ་ཚོགས་དྲིས་བྱུང་ལ། མཐར་ཐམས་ཅད་ཀྱི་སྐད་འཕྲིན་ནང་འཇུག་བྱས་ནས་རྗེས་མར་གླ་གཏོང་དགོས་ཚེ་ང་ལ་འབྲེལ་བ་བྱོས་ཟེར་གྱིན་འདུག ཡོན་ནན་དུ་རྒྱ་སྲང་གི་མི་རྣམས་ཀྱི་གདོང་ལའང་བག་ཕེབས་དང་བབ་ཆགས་ཀྱི་ཉམས་ཤིག་མངོན་ཡོད་པ་ལས། མཚོ་སྔོན་གྱི་མི་ལྟར་སྤྱང་པོ་ཡིན་མདོག་གི་ཉམས་མི་འདུགང་ཚོའི་བསམ་བློའི་ནང་དུ་ཚོང་རྒྱག་པར་མཁས་དགོས་ན་གཏམ་བཤད་པར་མཁས་དགོས་པར་འདོད་མོད། ཡོན་ནན་ནས་འཕྲད་པའི་ཚོང་བ་དག་སྐད་ཆ་བོ་བཤད་རྒྱུར་མི་དགའ་ལ། ཚོང་བཤད་འཐེན་ཡང་དོན་དངོས་དང་མཐུན་པའི་སྒོ་ནས་འཐེན་པ་ལས་འུད་བསྟོད་སོགས་བྱེད་རྒྱུར་མི་དགའ། ཚུལ་འདིས་ང་རང་དངོས་གནས་ཧ་ལས་སུ་བཅུག་བྱུང་ལ། མ་གཞི་སྐད་ཆ་མང་བོ་ལབ་རྒྱུར་མི་དགའ་བའི་རང་ཉིད་ཀྱིས་ཀྱང་ཁོ་ཚོ་ལྟར་ཚོང་བརྒྱབ་ཆོག་པ་རེད་ཨང་སྙམ་པ་བྱུང་།
ཕ་ཡུལ་ནས་ལམ་ལ་ཆས་དུས་ཁྱིམ་མི་དག་གིས་རྒྱ་ནང་དུ་ཚ་བ་ཆེ་བས་དབྱར་ཁར་རང་ཁྱིམ་དུ་བསྡད་ན་མི་བཟང་ངམ་ཞེས་ཡང་ཡང་ཟེར། ངས་ཀྱང་ཡོན་ནན་དུ་ཚ་བ་ཅུང་ཟད་ཆེ་རྒྱུ་རེད་བསམས་བྱུང་། ཡིན་ནའང་། ལི་ཅང་ནི་ཕ་ཡུལ་དང་འདྲ་བར་ཉི་མའི་འོད་ཆེ་བ་ནས་ཚ་གདུག་མི་ཆེ་ཞིང་། ས་ཡང་མཐོ་བས་ཞུན་ཡང་དང་བསྡུར་ན་གནམ་གཤིས་ལ་སྐམ་གཤིས་ཆེ། སེམས་ཀྱི་ཉི་ཟླར་ཐོན་དུས་ནམ་ཟླ་ལི་ཅང་ལས་ཀྱང་འཁྱག་ཅིང་། ཆར་འབབ་དུས་དབྱར་ཟླ་བདུན་པའི་ནང་ཡང་གྲང་བའི་ཚོར་བ་འདུག་པས། ངས་གནས་དེར་དགུན་ལྭ་མཐུག་པོ་ཞིག་ཉོས་པ་ཡིན། ཡིན་ནའང་། མཚོ་སྔོན་གྱི་གནམ་གཤིས་དང་བསྡུར་ན་སེམས་ཀྱི་ཉི་ཟླའི་གནམ་གཤིས་ཀྱི་ཁྲོད་དུ་རློན་ཆེ་བས། ག་ས་གང་སྡོང་བོ་དང་མེ་ཏོག་གིས་ཁེངས་ཤིང་། མཚོ་སྔོན་དུ་སྡོད་པ་ལྟར་གདོང་དུ་ཡང་ཡང་ངོ་སྣུམ་བསྐུ་མི་དགོས་པར། ཉིན་ཧྲིལ་བོར་གདོང་པ་ནེམ་ཤིག་སེར་འདུག་ཐུབ། འདི་ཡང་ང་རང་བརླན་ཤས་ཆེ་བའི་ས་ཆ་ལ་དགའ་བའི་རྒྱུ་མཚན་གཅིག་ཡིན། ཉིན་འདི་འགར་ངས་གནམ་གཤིས་དང་མི་གཤིས་ཀ་ལ་འབྲེལ་བའི་དྲི་བ་ཞིག་ལ་བསམ་བློ་བཏང་པ་ཡིན་ཏེ། དྲི་བ་དེ་ནི་མི་ཡི་གཤིས་དང་གནམ་གཤིས་གཉིས་ཀྱི་བར་དོན་ངོ་མར་འབྲེལ་བ་ཅི་ཞིག་ཡོད་པ་དེ་ཡིན། ཀྲུང་གོའི་ལྷོ་ཁུལ་གྱི་མི་རྣམས་ལྟོས་བཅས་ཀྱིས་གཤིས་ཀ་དང་སྐད་ངག་འཇམ། ལྷོ་ཁུལ་གྱི་གནམ་གཤིས་ལ་རློན་ཤས་དང་ཚ་བ་ཆེ་བ་དང་། ནུབ་བྱུང་ཁུལ་གྱི་གནམ་གཤིས་དང་བསྡུར་ན་ལྷོ་ཁུལ་གྱི་གནམ་གཤིས་འཇམ་པོ་ཡིན། ནུབ་བྱང་གི་མི་རྣམས་གཤིས་ཀ་དང་སྐད་ངག་རྩུབ་པ་དེ་ཡང་ནུབ་བྱང་ཁུལ་གྱི་གནམ་གཤིས་དང་གཅིག་མཚུངས་ཡིན། གཤིས་ཀའི་འཇམ་རྩུབ་ཀྱི་སྟེང་ནས་མི་ཡི་དབྱེ་བ་བཀར་མི་རུང་ཡང་། སྤྱིར་བཏང་མཚོ་སྔོན་དང་ཀན་སུའུ་ཡི་མི་དག་རྒྱུན་དུ་ཟབ་མོ་མེད་པའི་ཟང་ཟིང་གིས་ཁེངས་ཡོད་པ་ནི་དོན་དངོས་རེད། གཅིག་བྱས་ན་དེ་ནི་ས་ཆ་རྗེས་ལུས་ཀྱི་ཁྱད་ཆོས་ཤིག་ཡིན་སྲིད།
གསུམ་པ། སེམས་ཀྱི་ཉི་ཟླ།
ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གཞི་ནས་སེམས་ཀྱི་ཉི་ཟླ་ལ་སླེབས་ཐུབ་པ་བྱུང་། ད་རེས་ནི་གནས་འདིར་ཡོང་བ་ཐེངས་གཉིས་པ་ཡིན། ལོ་འགའི་སྔོན་ཡང་རང་ཉིད་གཅིག་པུ་འདི་རུ་ཡོང་བ་ཡིན་ལ། དེ་དུས་ཏག་ཏག་དགུན་ཟླ་བཅུ་གཉིས་པར་ཁེལ་འདུགཡིན་ནའང་། དགུན་ཁར་གནས་འདིར་དེ་འདྲའི་འཁྱག་སྣང་མ་བྱུང་། དབྱར་ཁ་ནི་ཡུལ་སྐོར་དུས་ཚུགས་ཡིན་པས་སེམས་ཀྱི་ཉི་ཟླ་རུ་མི་ཧ་ཅང་མང་། ལྷག་པར་དུ་གནའ་གྲོང་གི་སྲང་ལམ་ཀུན་ཏུ་མི་ཚོགས་ཀྱི་འཚང་ག་དང་འདུ་འཛི་རྒོད་ཅིང་། ག་ས་གང་དུ་གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་གྱོན་ནས་པར་རྒྱག་པའི་བུ་མོ་དག་གིས་ཁེངས་འདུག དེ་སྔོན་སྐུ་འབུམ་ནས་མཐོང་བའི་གྱོན་ཆས་དང་གདོང་པར་མཛེས་བཟོ་བྱེད་སྟངས་དེ་དག་ནི་ཤིན་ཏུ་བློ་ལ་མི་འགྲོ་བ་ཞིག་ཡིན་ནའང་། སེམས་ཀྱི་ཉི་ཟླ་ནས་མཐོང་བའི་བུ་མོ་པར་རྒྱག་མཁན་དེ་དག་ཧ་ཅང་སྙིང་རྗེ་མོ་རུ་མཐོང་བས། རྗེས་མར་རང་ཉིད་ཀྱིས་ཀྱང་གྱོན་ཆས་དེ་དག་གྱོན་ཅིང་གདོང་པར་དེ་ལྟར་མཛེས་བཟོ་བྱས་ནས་པར་རྒྱག་དགོས་སྙམ་བྱུང་། འདི་རུ་བོད་ཟས་ཁང་མང་པོ་འདུག་པས་ཉིན་གུང་བོད་ཟས་ཟ་རུ་སོང་བ་ཡིན། སྦྱིན་བདག་གིས་ད་ལོ་མི་མང་ཡང་ཚོང་མི་ལེགས་ཟེར་མོད། ཟ་ཁང་ཁ་ཤས་ལ་མགྲོན་པོ་ཧ་ཅང་མང་ཚོད་གདའ་བས། གཅིག་བྱས་ནི་འདི་ཡང་སོ་སོའི་བསོད་ནམས་དང་བློ་གྲོས། ཚོང་གི་ཐབས་ལམ་ལ་རག་ལས་པ་མ་གཏོགས། ཚོང་བདག་ཐམས་ཅད་ཀྱི་ཚོང་མི་ལེགས་པ་ཨེ་ཡིན་སྙམ། ཡིན་ནའང་། ཏོག་དབྱིབས་ནད་དུག་གིས་མི་དམངས་ཀྱི་དཔལ་འབྱོར་ལ་རྡུང་རྡེག་ཆེན་པོ་ཐེབས་སུ་བཅུག་པས། ད་ལྟ་སྤྱིའི་ཆ་ནས་མི་མང་པོའི་དཔལ་འབྱོར་གྱི་འཁོས་ཀ་ཞན་པ་ཡང་དོན་དངོས་རེད།
སེམས་ཀྱི་ཉི་ཟླ་ནི་བོད་མི་མང་བའི་བོད་ཁུལ་ཞིག་ཡིན་པས། གནས་འདིའི་འཛུགས་སྐྲུན་དང་སྲང་ལམ་ནས་ཐོས་པའི་གླུ་གཞས་སོགས་བོད་ལུགས་ཁོ་ན་རེད་ལ། ཐ་ན་གླ་གཏོང་ཁ་ལོ་བ་དག་གི་ཐུན་མོང་གི་གྱོན་ཆས་ཡང་བོད་བཟོའི་སྟོད་འགག་རེད། འདི་ཡང་མཐོ་སྒང་གི་ཁོངས་སུ་གཏོགས་པས། ས་གནས་ཀྱི་མི་རྣམས་ཀྱིས་ང་ལ་༼ས་མཐོ་བྱུང་སོང་ངམ། མགོ་ནའམ།༽ཞེས་ཡང་ཡང་འདྲི་ནའང་། ང་ནི་མཐོ་སྒང་དངོས་ནས་སླེབས་པའི་མི་ཡིན་པས་ས་མཐོ་འབྱུང་ག་ལ་སྲིད། ས་གནས་ཀྱི་མིས་བརྗོད་པ་ལྟར་ན་གནས་འདིར་ཆར་དུས་ཟེར་བ་ཞིག་ཡོད་ཅིང་། དེ་ནི་ཟླ་བ་བདུན་པ་དང་བརྒྱད་པ་ཡིན་ཟེར། གང་ལྟར་ཉི་མ་རེ་རེར་ཉུང་ན་ཡང་ཐེངས་གཅིག་རེར་ཆར་བ་འབབ་ཅིང་། ཆར་བ་འབབ་དུས་ནམ་ཟླ་ཅུང་ཟད་འཁྱག་པས། དབྱར་ཁ་ཡིན་ཡང་སྐབས་རེར་དྲོད་ཆས་རྒྱག་དགོས་ཀྱི་འདུག ཡུལ་འདིའི་ཁང་པ་དང་ནང་གི་ཅ་ལག་ཐམས་ཅད་ཤིང་ཁོ་ན་ཡིན་པས།ག་ས་གང་དུ་ཤིང་གི་དྲི་མ་ཞིག་འཐུལ་འདུག
ཐོན་པའི་ཉིན་མོ་དེའི་ཕྱི་དྲོ་ནས་བཟུང་གྲོགས་པོའི་ཚོང་ཁང་དུ་ལས་ཀ་ལས་མགོ་བརྩམས་པ་ཡིན། དེ་སྔོན་ཕ་ཡུལ་ན་ཡོད་དུས་ནས་བཟུང་གནས་འདིར་ཡོང་རྒྱུར་ཞོགས་ལངས་སོང་ལ། ཡོང་ནས་ཀྱང་ཚོང་རྒྱག་རྒྱུར་ལྷག་ཏུ་ཞོགས་ལངས་སོང་། དེ་ནི་གཅིག་བྱས་ན་རང་ཉིད་ཀྱིས་སྔོན་ཆད་ཚོང་ལས་ཙག་ཙིག་གཉེར་བ་ཡིན་པས་ཡིན་སྲིད་ཀྱང་། གཙོ་བོ་རང་དབང་གི་ཁོར་ཡུག་ཅིག་ཏུ་ལས་ལ་བརྩོན་པའི་ངང་ཚུལ་ཞིག་རྒྱུན་འཁྱོངས་བྱེད་འདོད་པས་ཡིན་པ་འདྲ། དེ་སྔོན་སྒྲིག་གཞིའི་ནང་གི་མི་དག་དང་ལྷན་དུ་སྡོད་དུས་ངས་དངོས་གནས་འཚོ་བའི་དོན་སྙིང་དང་རེ་བ་མཐོང་ཐུབ་ཀྱི་མི་འདུག་སྟེ། ཁོ་ཚོའི་ལུས་སྟེང་ནས་ངས་ཅིས་ཀྱང་ང་ལ་དགོས་འདོད་པའི་གསོན་ཤུགས་དང་ཁ་དོག་དེ་རྙེད་ཐུབ་ཀྱི་མི་འདུག་པས། ད་རེས་རང་གིས་རང་ལ་ཕུགས་བསམ་ཁྲོད་ཀྱི་སྣང་བརྙན་ཞིག་བསྐྲུན་པར་འབད་པ་ཡིན། དྲང་མོར་བཤད་ན། སྣང་བརྙན་དེ་འདྲ་ཞིག་བསྐྲུན་པར་ངས་ནམ་ཡང་མཚམས་བཞག་མ་མྱོང་བ་འདྲ་ལ། རྒྱུན་དུ་ལོ་ན་བརྒྱད་ཅུར་སོན་ཀྱང་སྔར་བཞིན་དངོས་པོའི་དཔལ་ཡོན་དང་བསམ་པའི་སྒྱིད་ལུག་གི་འོབས་དོང་དུ་ལྷུང་མེད་པའི་མི་ཞིག་བྱ་དགོས་སྙམ་གྱིན་ཡོད། ང་ཚོས་ཤོག་བུ་དཀར་པོའི་སྟེང་དུ་སྨོན་འདུན་དང་ཞུས་ཚིག་བྲིས་ནས་ཚོང་ཁང་དུ་བཞག་པ་ཡིན་ལ། དེ་ལས་ངས་སྣང་ཚུལ་སྐྱིད་པོ་ཞིག་མཐོང་སོང་སྟེ། རྒྱ་མི་མང་ཤོས་ཀྱིས་སྟེང་དུ་༼ལོངས་སྤྱོད་རྒྱས།༽ ༼ཚེ་ཐག་རིང་།༽ ༼བདེ་སྐྱིད།༽ལ་སོགས་པའི་ཡི་གེ་བྲིས་པའི་ཤོག་བུ་ཉོ། ངས་ཁོ་ཚོར་སྟེང་དུ་༼སྙིང་རྗེ།༽བྲིས་ཡོད་པའི་བྱང་བུ་བསྟན་ནས། འདི་མི་བཟང་ངམ། རང་གཞན་གཉིས་ལ་སྙིང་རྗེ་སྒོམ་རྒྱུ་གལ་ཆེ་ཞེས་བརྗོད་ཀྱང་། ༼སྙིང་རྗེ།༽ཉོ་མཁན་གཅིག་ཀྱང་མ་བྱུང་། དེ་ལྟ་ནའང་། འཇན་ཕན་པ་ཁྱོ་ཤུག་གཉིས་སླེབས་པ་ཁོང་རྣམ་གཉིས་ཀྱིས་༼སྙིང་རྗེ༽་བདམས་སོང་། ཚུལ་འདིས་ང་ལ་བསམ་བློ་མང་པོ་གཏོང་དུ་བཅུག་སོང་། རྒྱ་མི་མང་པོ་ཚོང་ཁང་དུ་སླེབས་མ་ཐག་ཏུ་༼རྒྱུ་ནོར་འཁོར་བའི་ཐང་ཀ་ཡོད་དམ།༽ཞེས་འདྲི་བར་བྱེད་པ་འདིས་ཀྱང་ནང་ཁུལ་གྱི་ཁ་ཕྱོགས་དང་ལྟ་བ་ཞིག་མཐོང་ཐུབ་པ་ཡིན། དེ་ལྟ་ནའང་། སྤྱིར་བཏང་རྒྱ་མི་རྣམས་འགྲོགས་བདེ་ཞིང་འཛེམ་པ་མེད་པར་སྐད་ཆ་སྣ་ཚོགས་ལབ་ཆོག་པ་ཡིན། ཁོ་ཚོ་མང་ཤོས་ཤིག་གུས་པ་ལྡན་ཞིང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་བྱེད་ཤེས་ཀྱི་ཡོད། དཔེར་ན་ཚོང་ཁང་གི་སྒོ་ཐེམ་བརྒལ་དུས། ཕ་མ་དག་གིས་སོ་སོའི་ཕྲུ་གུ་ལ་སྒོ་ཐེམ་སྟེང་དུ་རྐང་པ་སྤོ་མི་རུང་། ཐང་ཀ་ལ་མཛུབ་མོས་སྟོན་མི་རུང་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་། ཁ་ཤས་ལ་མཛད་པ་བཙོག་པོ་ཡོད་པ་ཡང་དོན་དངོས་ཡིན།
ཐེངས་ཤིག་རྒྱ་མི་བཟའ་ཟླ་གཉིས་ཀྱིས་བྱིས་པ་གཉིས་འཁྲིད་ནས་ཚོང་ཁང་དུ་སླེབས་བྱུང་། སྐབས་དེར་གྲོགས་མོས་བོད་ཡིག་གི་ཡིག་གཟུགས་འབྲི་བཞིན་ཡོད། བྱིས་པ་ཆུང་བ་དེས་གྲོགས་མོའི་ཡི་གེ་ལ་བལྟས་ཏེ་༼འདི་ཅི་ཡང་མ་རེད།༽(这个啥也不是)ཞེས་བརྗོད་པས། གྲོགས་མོ་ཁོང་ཁྲོ་ལངས་ཤིང་། བྱིས་པ་དེར་ས་གང་དུ་ཐོན་ཡང་དེའི་མི་དང་རིག་གནས་ལ་བརྩི་འཇོག་བྱེད་དགོས་པ་ལས། སྐད་ཆ་དེ་འདྲ་ལབ་མི་རུང་ཞེས་སློབ་གསོ་བཏང་པ་ན། ཚོང་ཁང་ནང་གི་ཐང་ཀར་བལྟ་བཞིན་པའི་ཕ་མ་གཉིས་ཀྱང་དེར་ཐོན་ནས་ཅི་ཞིག་བྱུང་སོང་ཞེས་དྲིས། གྲོགས་མོས་ཁོ་གཉིས་ལ་དོན་དེ་བརྗོད་པ་ན། ཕ་མ་གཉིས་ཀྱིས་ཀྱང་བྱིས་པར་སློབ་གསོ་གཏོང་མགོ་བརྩམས་བྱུང་། ཡིན་ནའང་།ཕ་མ་གཉིས་ཀྱིས་ཨུ་ཚུགས་ག་འདྲ་བརྒྱབ་ཀྱང་བྱིས་པས་མཇུག་མཐར་གྲོགས་མོ་ལ་དགོངས་དག་ཞུས་མ་སོང་། བྱིས་པའི་ཨ་མས་ཡང་ནས་ཡང་དུ་བྱིས་པར་སྐད་ཆ་གཅིག་བརྗོད་པ་དང་། ཨུ་ཚུགས་ཀྱིས་བྱིས་པར་དགོངས་དག་ཞུ་རུ་འཇུག་པའི་ངང་ཚུལ་དེས་ང་རང་སུན་པོ་བཟོས་བྱུང་། བྱིས་པའི་སྐད་ཆ་དེ་འདྲ་ཞིག་ལབ་པ་ཡང་གཙོ་བོ་ཕ་མའི་སློབ་གསོ་ལ་རག་ལས་པས། ཁོ་ཚོས་བྱིས་པ་ལ་ལེ་བདའ་བྱ་རྒྱུ་གང་ཡང་མེད། ཡང་ཐེངས་ཤིག་བུད་མེད་ཅིག་ཚོང་ཁང་དུ་སླེབས་པ་དང་། མོས་ཐང་ཀ་དག་ལ་ཞིབ་ཏུ་བལྟ་ཞོར།ང་འདི་དག་ལ་སྤྲོ་བ་མེད་མོད། ཡིན་ནའང་། ངས་ཅིག་བལྟ་དགོས་ཟེར། མོ་བདག་གི་མདུན་དུ་ལངས་ནས་ངའི་རིག་གནས་ལ་སྐད་ཆ་འདི་ལྟ་བུ་ཞིག་བརྗོད་པ་ནི་དངོས་གནས་ཧ་ཅང་བརྩི་བཀུར་མེད་པའི་རྟགས་ཤིག་རེད་སྙམ་བྱུང་ཡང་། མཐར་ངས་བཟོད་བསྲན་བྱས་པ་ལས་སྐད་ཆ་ཅི་ཡང་མ་ལབ་པ་ཡིན། གང་ལྟར་ད་རེས་ཚོང་ཁང་བརྒྱུད་ནས་ངས་རྒྱ་རིགས་དང་ཕྱི་རྒྱལ་པ། གྲངས་ཉུང་མི་རིགས་གཞན་དག་གི་གཤིས་ཀ་དང་རང་བཞིན། ལྟ་བ་སོགས་ལ་རྒྱུས་ལོན་ཉུང་ཤས་བྱེད་ཐུབ་པ་བྱུང་།
ཚོང་ཁང་དུ་ཉིན་རེར་ཧེ་མོ་ཞིག་ཡོང་ནས་ང་དང་ཁ་བརྡ་བྱེད། མོ་ནི་ཧེ་རིགས་ཡིན་ཀྱང་ཐང་ཀ་གཙོས་པའི་བོད་ཀྱི་རིག་གནས་ལ་རྒྱུས་ཆེ་བས། མགྲོན་པོ་སླེབས་དུས་མོས་ཐོགས་པ་མེད་པར་འདི་ནི་ལྷ་སྐུ་སུ་སུ་རེད། ཁོང་ལ་བྱིན་རླབས་འདི་དང་གན་ཡོད་སོགས་ཐོགས་པ་མེད་པར་ངོ་སྤྲོད་བྱེད་ཐུབ་ཀྱི་འདུག་པར་མ་ཟད། བོད་ཡིག་གི་ཡིག་གཟུགས་ཧ་ལས་པ་ཡག་པོ་འབྲི་ཐུབ་ཀྱི་འདུག ངས་ཇི་ལྟར་སྦྱངས་ཀྱང་མོ་ལྟར་བོད་ཡིག་ཡིག་གཟུགས་ཡག་པོ་འབྲི་ཤེས་ཀྱི་མི་འདུག་པས། མོ་ཁོ་ནར་འབྲི་རུ་བཅུག་པ་ཡིན། མོས་སེམས་ཀྱི་ཉི་ཟླ་རུ་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད་ཟེར། ཁོག་རྒྱ་ཡངས་པའི་གྲོགས་མོ་འདིས་ང་རང་ཧ་ལས་སུ་བཅུག་སོང་། གལ་ཏེ་མཚོ་སྔོན་ཡིན་ན་མི་རིགས་མི་གཅིག་པ་ཞིག་གི་རིག་གནས་ལ་སྤྲོ་བ་ཡོད་མི་སྲིད་ཅིང་། ཡོད་པའི་དབང་དུ་བཏང་ཡང་མཐོང་རྒྱུ་ཡོད་པའི་རྣམ་པ་ཙམ་གྱི་རིག་གནས་ལ་སྤྲོ་བ་རབ་རིབ་ཅིག་ལས་ཡོད་མི་སྲིད། དེ་ལྟ་ནའང་། ཆོས་ལུགས་ཁ་ཁ་ཡིན་པའི་གྲོགས་མོ་འདི་ང་ཚོའི་ཆོས་ལུགས་ལ་རྒྱུས་མངའ་ཆེ་བར་མ་ཟད། གཞན་གྱིས་ཅི་ཟེར་ལ་སྣང་དོགས་ཅི་ཡང་མི་བྱེད་པར། ཉིན་རེར་ཐང་ཀ་ཚོང་ཁང་དུ་ཡོང་ནས་བོད་ཡིག་གི་ཡིག་གཟུགས་སྦྱོང་། བོད་ཀྱི་ལྷ་སྐུ་རྣམ་པར་ངོ་ཤེས་བསྒྲིགས། གཅིག་བྱས་ན་འདི་ཡང་ལྷོ་ཁུལ་གྱི་མི་རྣམས་ཀྱི་ཁྱད་ཆོས་མིན་ནམ་སྙམ་སྟེ། ཁོ་ཚོས་ཁོག་རྒྱ་ཆེན་པོས་གཞན་གྱི་རིག་གནས་དང་དད་པ་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་པ་མིན་ནམ་སྙམ། ཉིན་ཞིག་མོས་ང་སྔར་ལས་ཀྱང་ཧ་ལས་སུ་བཅུག་སོང་སྟེ། མོས་རང་ཉིད་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་ཐང་ཀ་ཞིག་ཡོད་པ་དེ་རང་ཉིད་ཀྱི་ཨ་མར་འདིར་བསྐུར་རོགས་ཞེས་བརྗོད་ཡོད་ཟེར་གྱིན། ཧ་ཅང་ཡིད་ཚིམས་ཤིང་སེམས་དགའ་བའི་རྣམ་འགྱུར་བསྟན་བྱུང་། ཁ་ཆེའི་བུ་མོ་འདི་བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་དགའ་བ་ནི་དངོས་གནས་རྣམ་པ་ཙམ་མ་རེད།
བཞི་བ། སེམས་ཀྱི་ཉི་ཟླ། ༢
སྲང་ལམ་ཀུན་ཏུ་པར་རྒྱག་པའི་བུ་མོ་དེ་དག་གི་བསླུ་བྲིད་ཐེབས་ཏེ། དེ་རིང་ང་དང་གྲོགས་མོ་གཉིས་ཀྱང་པར་རྒྱག་ཏུ་སོང་བ་ཡིན། ངས་གྲོགས་མོ་ལ་ཁོ་ཚོས་སྒོར་མོ་ལེན་ཤེས་པ་ལས་པར་ཡག་པོ་རྒྱག་ཤེས་མིན་མི་ཤེས་པས། ཡང་མིན་ན་རྗེས་མར་ངས་གྲོགས་མོ་གཞན་ཞིག་ལ་པར་རྒྱག་ཏུ་འཇུག མོའི་པར་རྩལ་ཁོ་ཚོ་ལས་ལྡབ་འགྱུར་གྱིས་བཟང་ངེས་ཡིན་ཞེས་བརྗོད་ནའང་། གྲོགས་མོ་པར་རྒྱག་རྒྱུར་ཞོགས་ལངས་འདུག་པས། མོས་ད་རེས་ཅིས་ཀྱང་པར་རྒྱག་རྒྱུ་ཡིན་ཞེས་བརྗོད་བཞིན་པར་ལེན་ཁང་དེ་དག་འཚོལ་མགོ་བརྩམས་བྱུང་བས། ང་ཡང་མོའི་རྗེས་དེད་ནས་སོང་བ་ཡིན། ཁོ་ཚོས་རིན་གོང་མཐོན་པོ་ལེན་གྱིན་ཡོད་པར་མ་ཟད། པར་ལེན་དུ་གྱོན་པ་ཡང་གཅིག་ལས་གྱོན་མི་ཆོག་ཟེར། གྱོན་པའི་གདམ་གསེས་མང་ནའང་། ངས་མཇུག་མཐར་ཨ་མདོའི་བོད་ལྭ་བདམས་པ་ཡིན་ལ། གྲོགས་མོས་ཡུ་རིགས་ཀྱི་གྱོན་ཆས་བདམས་བྱུང་། གདོང་པར་མཛེས་བཟོ་བྱེད་དུས་ཁོ་ཚོས་ངའི་གདོང་དུ་སྐགས་མང་པོ་བསྐུས་ཤིང་། དེའི་སྟེང་དུ་ཚོན་དམར་པོ་བསྐུས་བྱུང་། མཐར་སྐྲ་ལོའི་ནང་དུ་ཅ་ལ་བརྒྱུས་ནས་བསླས་བྱུང་བས། ང་ནི་འབྲོག་མིན་རོང་མིན་གྱི་ཚུགས་ཀ་ཡ་མཚན་ཅན་ཞིག་ཏུ་གྱུར་སོང་། དེ་ལས་ལྡོག་སྟེ། གྲོགས་མོས་ཁོ་ཚོར་མཛེས་བཟོ་བྱེད་དུ་མ་བཅུག་པར་རང་ཉིད་ཀྱིས་གདོང་པར་མཛེས་བཟོ་བྱས་པས། མོའི་རང་ཉིད་ཀྱི་ངོ་གདོང་ལ་འཚམས་པའི་མཛེས་བཟོ་སྙིང་རྗེ་མོ་བྱས་སོང་། ཡིན་ནའང་། དེ་ནི་ངས་པར་ཁང་དེར་ཆུ་ཚོད་གཉིས་ཙམ་ལ་མོར་སྒུག་པའི་འབྲས་བུ་ཡིན། གཞི་ནས་པར་ལེན་པའི་དུས་ཚོད་ལ་སླེབས་པ་ན། རྒྱ་མི་པར་ལེན་མཁན་དེས་ང་ཚོ་འཁྲིད་ནས་ཕྱི་རོལ་དུ་སོང་ནས། ཁང་པའི་གྲུ་ཟུར་དང་སྲང་ལམ་གྱག་གྱོག་ཀུན་ཏེ་པར་བླངས། ཁོས་ང་དང་གྲོགས་མོ་གཉིས་ལ་༼འདི་ལྟར་སྡོད་དང་། གན་ལྟར་སྡོད་༽ཟེར་ནས་ཚུགས་ཀ་སྣ་ཚོགས་བཏོད་དུ་བཅུག་ཅིང་། ངའི་ལག་ཏུ་མ་ཎི་ལག་འཁོར་ཆུང་ཆུང་ཞིག་བཞག་སྟེ། སྐབས་རེར་མ་ཎི་ལག་འཁོར་ཐོད་པར་བཞག་ནས་གསོལ་བ་འདེབས་པའི་རྣམ་པ་བཏོད་དུ་བཅུག་ཅིང་། སྐབས་ལན་རེར་མ་ཎི་སྐོར་གྱིན་མདུན་དུ་བསྐྱོད་པའི་ཚུགས་ཀ་བཏོད་དུ་བཅུག ད་ནི་ང་ཡང་རྒྱ་སྲང་ནས་མ་ཎི་གཡོན་སྐོར་བྱེད་ཀྱིན་པར་རྒྱག་པའི་བུ་མོ་དེ་དག་དང་མཚུངས་པ་ལ།
ཆུ་ཚོད་གཅིག་ཙམ་གྱི་རྗེས་ནས་པར་བརྒྱབ་ཚར་སྟེ་ཕྱིར་ལོག་པ་ན། ད་གཟོད་རྒྱ་མི་དེའི་པར་ཆས་ནང་གི་འདྲ་པར་དག་མཐོང་བྱུང་། ཨ་ལ་ལ། རྒྱ་མིན་བོད་མིན། རོང་མིན་འབྲོག་མིན།ཇི ་འདྲའི་ཚུགས་ཀ་ཡ་མཚན་ཅན་ཞིག་ཨང་། འདྲ་པར་མཐོང་བས་ངས་གྲོགས་མོ་ལ་ལེ་བདའ་བྱས། ཡིན་ནའང་། གྲོགས་མོའི་འདྲ་པར་དག་ཡག་པོ་འཁྱོངས་འདུག་པས་མོ་དགའ་ཡོད་ཚོད་གདའ་ལ། ཡུད་ཙམ་གྱི་རྗེས་ནས་སླར་ཡང་པར་ལེན་དུ་འགྲོ་རྒྱུ་ཡིན་ཟེར། དེ་རིང་གི་འདྲ་པར་དག་གིས་ང་རང་སུན་པོ་བཟོས་བྱུང་བས། ང་ཅུང་ཟད་ཚིག་པ་ཟ་བའི་སྒོ་ནས་ཕྱིར་ལོག་པ་ཡིན་ནའང་། གྲོགས་མོས་དགོང་མོ་བར་དུ་པར་བརྒྱབ་ནས་ཕྱིར་ལོག་མ་བྱུང་། གང་ལྟར་ཚོང་ལས་དང་འབྲེལ་བའི་པར་རྒྱག་སྟངས་དེས་ང་ལ་སྣང་བ་སྐྱིད་པོ་ཞིག་བསྩལ་མ་སོང་བ་མ་ཟད། འདྲ་པར་ཡང་ཡག་པོ་འཁྱོངས་མ་སོང་བས། རྗེས་མར་ཁོ་ཚོ་ལ་པར་རྒྱག་ཏུ་འཇུག་མི་འདོད་སྙམ་པའི་བསམ་པ་སྐྱེས། སྤྱིར་ང་ནི་སྒྱུ་རྩལ་ལ་རོལ་མྱོང་བྱེད་མི་ཤེས་པའི་མི་ཞིག་ཡིན་ནའང་། ད་རེས་ཐང་ཀ་དང་འབྲེལ་འདྲིས་མང་པོ་བྱས་པ་ལས་ཐང་ཀའི་སྒྱུ་རྩལ་ལ་དུང་པ་ཡ་མཚན་ཞིག་སྐྱེས་བྱུང་། ཉི་མ་རེ་རེར་ངས་ཐང་ཀ་དང་ནང་བསྟན་དང་འབྲེལ་བའི་རི་མོ་གཞན་པར་ཞིབ་ཏུ་བལྟས་པ་ཡིན་ལ། དེ་དག་ལས་རང་སྟེང་ལ་བྱིན་རླབས་གང་ཞིག་ཞུགས་ཀྱིན་པའི་བསམ་ཚོར་བྱུང་བས། མགྲོན་པོ་དག་ལའང་རང་ཉིད་ཀྱི་མྱོང་བ་ལྟར་བརྩམས་ཆོས་དེ་དག་ངོ་སྤྲོད་བྱས་པ་ཡིན། བྱིན་རླབས་ཞེས་བཤད་ན་ཆོས་བཤད་རྒྱག་བཞིན་པའི་སྣང་བ་སྟེར་སྲིད་མོད། དོན་ལ་བརྩམས་ཆོས་ལེགས་པོ་ཞིག་ཡིན་ན་ཆོས་ལུགས་དང་མ་འབྲེལ་ཡང་དེའི་སྟེང་དུ་ནུས་པ་ངོ་མཚར་ཅན་ཞིག་ཡོད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། དཔེན་ན་ཧྥན་ཀོའི་རི་མོའི་བརྩམས་ཆོས་ཉི་དགའ་མེ་ཏོག་ལྟ་བུའོ།། འདི་ཡང་རི་མོའི་བརྩམས་ཆོས་ཀྱི་ཁྱད་ཆོས་ཅི་ལ་མིན་ཏེ། རི་མོ་ནི་ཅ་ལག་ལྟར་ཁང་པ་མཛེས་བཟོ་ཙམ་གྱི་ཆེད་ཁོ་ན་མ་ཡིན་པར། དེས་མི་ཡི་ལུས་སེམས་གཉིས་ལ་བྱིན་རླབས་ཁྱད་པར་ཅན་སྩོལ་བ་ཡིན། དེ་བས་ད་ནས་བཟུང་སྒྱུ་རྩལ་དང་ལྷག་པར་དུ་རི་མོའི་སྒྱུ་རྩལ་ལ་མཉམ་འཇོག་དང་སློབ་སྦྱོང་བྱེད་འདོད་པའི་བསམ་པ་ཡང་སྐྱེས། འདི་ནི་ང་རང་ད་ཐེངས་ས་ཐག་རིང་པོ་ནས་གནས་འདིར་ཡོང་བའི་རིན་ཐང་ཅི་ལ་མིན། རྗེས་མར་གང་དུ་སོང་ན་དེ་ནས་རི་མོའི་བརྩམས་ཆོས་གཅིག་རེ་ཉོས་ཏེ། རང་ཉིད་ཀྱི་ཁང་པའི་ནང་རི་མོས་ཁེངས་ཡོད་པ་ཞིག་བྱ་དགོས་ལ། ཚེ་གང་པོར་རི་མོ་ཉར་ཚགས་བྱེད་པའི་ལས་ཀ་ཞིག་རྒྱུན་འཁྱོངས་བྱེད་དགོས་སྙམ། འདིར་ང་རང་ཆོས་དགའ་བའི་ཐང་ཀ་ནི་སྒྲོལ་མ་ལྗང་ཁུ་དང་སྒྲོལ་མ་དཀར་པོ། སྤྱན་རས་གཟིགས་ཕྱག་སྟོང་ཅན་བཅས་ཀྱི་ཐང་ཀ་ཡིན་ལ། ངས་རྒྱུན་དུ་ཐང་ཀ་འདི་དག་ལ་བལྟ་ཞོར། ནམ་ཞིག་རང་གིས་ཀྱང་ཁོང་རྣམ་པ་རང་ཁྱིམ་དུ་གདན་འདྲེན་ཐུབ་ན་ཨང་སྙམ་གྱིན་ཡོད།
འཚོ་བ་དང་། འཚོ་གནས་ལ་ཁྱད་ཅི་ཡོད་དམ།