ཆབ་མདོ་ངག་ཕུན།
དེང་སྐབས་སྤྱི་ཚོགས་ཁྲ་ཁྲ་ཟིང་ཟིང་ནང་།།
མི་ཡི་སེམས་ཀྱང་ཁྲ་ཁྲ་ཟིང་ཟིང་གྱུར།།
ཡིད་བརྟན་མེད་པའི་སྤྱི་ཚོགས་འདི་ཉིད་ནང་།།
སྡུག་རུས་བརྒྱབ་ནས་བསྡད་ན་མ་གཏོགས་ཅི།།
ད་ལྟའི་སྤྱི་ཚོགས་གནས་སྟངས་གསོན་པོ་འགའ།།
སེམས་ཀྱི་གཏིང་ནས་ཕྱིར་རུ་བཏོན་པར་འདོད།།
འགའ་ཤས་སེམས་ཀྱི་གཏིང་ལ་འཕོག་ཀྱང་སྲིད།།
འགའ་ཤས་བསམ་ཞིག་གནང་དགོས་ཐུག་ཀྱང་སྲིད།།
རང་གིས་རང་ལ་ཡིད་ཆེས་མ་བྱས་པར།།
གཞན་ལ་ཡིད་ཆེས་བྱེད་པར་ཡ་རེ་མཚར།།
གཞན་གྱི་མགོ་སྐོར་འོག་ཏུ་ཚུད་ན་ཡང་།།
ད་དུང་དེ་ཡི་ཕྱོགས་སུ་བཙན་གྱིས་རྒྱུགས།།
ན་ནིང་སྙན་པའི་བསྟོད་དབྱངས་མཆོད་པར་ཕུལ།།
ད་ལོ་དགྲ་ལྟར་དམའ་འབེབས་ཟུར་ཟ་བྱེད།།
འཇིག་རྟེན་མི་ཡི་གཤིས་ལུགས་འདི་དག་ལ།།
བརྟག་ཅིང་དཔྱད་ན་ཁོགདགོད་ཅི་མི་ཤོར།།
ཆབ་སྲིད་ལྟ་བ་ལངས་ཕྱོགས་མ་མཐུན་པར།།
སྐད་ཆ་བཤད་ཚེ་གནས་ལུགས་ཡོད་མེད་སོགས།།
བརྟག་དཔྱད་མེད་པར་ཁོང་ཁྲོས་སྐྱོན་མཚང་འདྲུ།།
བྱ་ལུགས་དེ་དག་མཐོང་དུས་སེམས་རེ་སྐྱོ།།
ན་ནིང་རང་བཙན་འཐབ་རྩོད་བྱ་རྒྱུ་དེ།།
བོད་མི་རྣམས་ཀྱི་གལ་ཆེ་ཡིན་རབས་གླེང་།།
ད་ལོ་དབུ་མའི་ལམ་དུ་ཞུགས་པ་ན།།
བོད་ལ་ཕུགས་འདུན་དབུ་ལམ་ཆེ་ལུགས་བཤད།།
གཞོན་པ་འགའ་ཤས་ཨ་གསར་རྗེས་སུ་རྒྱུགས།།
བགྲེས་པ་འགའ་ཤས་ཀླད་རྙིང་མཁྲེགས་བཟུང་བྱེད།།
ད་ལྟའི་རང་རེའི་སྤྱི་ཚོགས་ཁོར་ཡུལ་འདིར།།
བརྟག་ཅིང་དཔྱད་ན་སེམས་པ་སྐྱོ་བའི་རྒྱུ།།
ན་གཞོན་ཕལ་ཆེ་རང་སྐད་མི་སྨྲ་ཞིང་།།
གཞན་སྐད་མཉམ་དུ་བསྲེས་ན་འཇོན་ཐང་མཐོང་།།
ར་མ་ལུགས་བཞིན་འགྱུར་བའི་སྤྱི་ཚོགས་འདིར།།
བསམ་ཞིང་བསམ་ཞིང་སེམས་པ་གཏིང་ནས་སྐྱོ།།
འགོ་ཁྲིད་འགའ་ཤས་ཆོལ་ཞེན་གཙེགས་སུ་འཛིན།།
སྤྱི་དོན་གཙིགས་སུ་འཛིན་མཁན་རེ་གཉིས་ཙམ།།
ད་ལྟའི་ང་ཚོ་སྤྱི་ཚོགས་ཁ་ཕྱོགས་འདི།།
མཐོང་དུས་སེམས་ཀྱི་གཏིང་ནས་ཡིད་ཐང་ཆད།།
རང་རེའི་ན་གཞོན་ཕལ་ཆེ་དངུལ་དངོས་དོན།།
ཕྱི་ལོག་འགྲོ་རྒྱུ་བསམ་པ་ཙམ་ཞིག་ལས།།
རང་རེའི་རྩ་དོན་ཆེད་དུ་ཞབས་འདེབས་ཤིག།
བསྒྲུབ་བསམ་མེད་པར་མཐོང་དུས་ཡིད་རེ་སྐྱོ།།
ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི།།
ཁ་ཕྱོགས་གཞན་ཞིག་འགྱུར་བར་མཐོང་བའི་དུས།།
སེམས་ཀྱི་གཏིང་ནས་སྐྱོ་བ་སྐྱེས་ཀྱང་རུང་།།
ཕན་ཐོགས་མེད་པར་ང་རང་ཤེས་ཀྱི་འདུག
མ་ཤི་ཚུན་ཆད་ཕ་ཡུལ་གནས་མཆོག་ལ།།
ལོག་རྒྱུའི་གོ་སྐབས་བྱུང་ན་བསམ་པ་ཡང་།།
སྤྱི་ཚོགས་ཁ་ཕྱོགས་འདི་དག་བལྟས་པ་ན།།
ད་ནི་ཕལ་ཆེ་དཀའ་མོ་ཡིན་པར་མཐོང་།།
གུང་ཁྲན་དམར་ཤོག་སྲིད་གཞུང་འགོ་ཁྲིད་ཚོས།།
བོད་ལ་ཆབ་སྲིད་གདུག་རྩུབ་ངན་པར་སྤེལ།།
འོན་ཀྱང་གཞིས་བཞུགས་སྤུན་ཟླ་ན་གཞོན་རྣམས།།
རང་དབང་དོན་དུ་ཡོད་ཚད་བློས་བཏང་མཛད།།
རང་རེའི་ཆོས་དང་རིག་གཞུང་རྩ་ཆེན་རྣམས།།
མེད་པར་བཟོ་ཐབས་རྒྱ་ནག་དམར་གཞུང་གིས།།
ཆབ་སྲིད་གཡོ་སྒར་ནག་པོ་ཡོངས་སུ་ཁྲབ།།
གངས་ཅན་པ་རྣམས་སྡུག་གིས་ར་བར་བཅུགས།།
གཞིས་ཀྱི་ན་གཞོན་སྲོག་དམར་འབེན་ལ་བཙུགས།།
རང་གི་ཕ་མེས་སྐད་ཡིག་བརྩོན་པར་མཛད།།
རང་དབང་ཡོད་པའི་ན་གཞོན་ཕོ་མོ་རྣམས།།
གཞན་སྐད་སྦྱོང་རྒྱུར་འབད་པར་ལྷོད་མེད་བརྩོན།།
རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱིས།།
གངས་ལྗོངས་རང་དབང་བདེན་དོན་ཡོང་ཆེད་ལ། །
གཅེས་པའི་ཚེ་སྲོག་དམར་པོའི་མཆོད་པར་འབུལ།།
གངས་ལྗོངས་དཔའ་བོ་དཔའ་མོ་སྙིང་ནས་བསྟོད།།
གངས་ཅན་པ་ཡི་ན་གཞོན་ཕོ་མོ་འགའ།།
སྲོལ་རྒྱུན་ཞིང་ལས་བཞག་སྟེ་གྲོང་ཁྱེར་རྒྱུ།།
དེང་རབས་ཁྲ་ཁྲ་ཟིང་ཟིང་མགོ་བོར་འཁོར།།
གྲོང་གསེབ་ཁང་སྟོང་འགྱུར་ཉེ་ཡིད་རེ་སྐྱོ།།
བཅུད་ལྡན་སྦྲང་དཀར་རྩམ་པ་མི་བཟའ་ཞིང་།།
དེང་རབས་རྒྱ་ཟས་འབུ་རིགས་བཟའ་བར་དགའ།།
གངས་ཅན་པ་ཡི་བྱ་ལུགས་མཐོང་བའི་དུས།།
སེམས་ཀྱི་གཏིང་ནས་སྐྱོ་བའི་ཡིད་ཐང་ཆད།།
མཐོ་སློབ་མཐོན་རུང་ལས་ལ་མི་བརྩོན་པར།།
བག་མེད་ཐ་མག་ཆང་ལ་ལོངས་སུ་སྤྱོད།།
མི་ཚེ་སྟོང་ཟད་ན་གཞོན་མཐོང་བའི་དུས།།
སེམས་ཀྱི་གཏིང་ནས་སྐྱོ་བ་ཚད་མེད་སྐྱེ།།
མི་རབས་མི་རྒྱུད་བཞག་པའི་ནོར་ཕྱུགས་རྣམས།།
བཙོང་སྟེ་གྲོང་ཁྱེར་འཚོ་བ་རོལ་སྟངས་བརྩོན།།
ལོ་གཅིག་ལོ་གཉིས་སྐྱིད་སྣང་ཚོར་ན་ཡང་།།
མཐའ་མཇུག་གང་ཡང་མེད་པར་གྱུར་དུས་སྐྱོ།།
གྲོང་གསེབ་འཚོ་བ་བཞག་ནས་གྲོང་ཁྱེར་འགྲེམས།།
ཕ་གཞིས་དྲོད་མོ་གཞན་གྱི་ལག་ཏུ་བཙོང་།།
གྲོང་ཁྱེར་སྲང་ལམ་བར་ནས་ཡར་མར་འཁྱམས།།
མཐའ་མཇུག་འགྱོད་སེམས་སྐྱེས་རུང་ཅི་ཞིག་ཕན།།
ཁང་གཞིས་དྲོད་མོ་རིན་ཆེན་གསེར་ལས་ལྷག།
གྲོང་གསེབ་འཚོ་བ་ལྷ་ཡུལ་ལས་ཀྱང་སྐྱིད།།
གངས་ཅན་པ་ཡི་ན་གཞོན་ཕོ་མོ་རྣམས།།
འཆི་སྲོག་ཐུག་རུང་ཕ་གཞིས་བཙོང་མི་ཉན།།
དངུལ་ལོ་ཡོད་མདོག་ཟ་ཁང་མིང་གྲགས་ལ།།
ཕྱིན་ནས་རྒྱ་ཟས་ལེའུ་བཅོ་བརྒྱད་མངགས།།
བདེ་སྐྱིད་ཡོད་པའི་སྣང་བ་ཤར་ཡང་རུང་།།
ལྟོ་དུས་གཅིག་ལ་མ་གཏོགས་ཅི་ཞིག་ཕན།།
དེ་ལས་སྲང་ལམ་གཡས་གཡོན་དབུལ་ཕོངས་ལ།།
ཟས་ཀྱིས་སྦྱིན་པ་ཐེངས་གཅིག་གནང་བ་ན།།
དགེ་བ་དཔག་མེད་ག་ཚོད་ཡོད་པར་གཅིག །
དེ་ལ་འབྲེལ་བཤད་མི་དགོས་ཚང་མས་ཤེས།།
ཡུན་རིང་སེམས་ནང་བསམ་གཞིག་བགྱིས་པ་ཞིག།
སེམས་ཀྱིས་མི་བཟོད་འདི་ཉིད་བྲིས་པ་ལས།།
མཁས་པ་མགུ་བའི་ལེགས་བཤད་འདི་ནང་མེད།།
སེམས་ཚོར་འདི་ཉིད་གཞན་གྱི་ལེཌ་རྟོགས་ཤོག།
མཁྱེན་པའི་རྣམ་དཔྱོད་རྣམ་པར་རབ་ཏུ་རྒྱས།།
བྱམས་དང་བརྩེ་བས་འགྲོ་རྣམས་མ་ལུས་སྐྱོང་།།
བརྩེ་བའི་བདག་ཉིད་ཕྱག་ན་པད་མོ་ལ།།
སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ལོ།།