རྫ་ཚེ་རིང་བཀྲིས། གསར་ཤོས།
བླ་མ་ཕྱག་འཚལ་ལོ། །
ཞིང་དག་པ་རབ་འབྱམས་འོད་གསལ་གྱི་དྲ་བ། །
དབྱིངས་དག་མཉམ་རིག་སྟོང་ཆོས་ཉིད་ཀྱི་སྒྱུ་འཕྲུལ། །
དུས་སྙིགས་མའི་མགོན་པོ་ཨོ་རྒྱན་གྱི་ཞལ་ཚབ། །
མགོན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་པ་མཁྱེན་ནོ། །
དཔལ་རང་བྱུང་པདྨའི་སྦས་གནས་ཀྱི་རྒྱལ་པོ། །
ཕ་ཀློང་ཆེན་རབ་འབྱམས་སྙིང་ཐིག་གི་ཆོས་ར། །
རྗེ་ཡིད་བཞིན་ནོར་བུ་སྐུ་དངོས་ཀྱང་ཕེབས་པས། །
ཡུལ་ལྷོ་མོན་འབྲུག་ལྗོངས་ས་སྤྱོད་ཀྱི་ཞིང་ཁམས། །
བོད་ཁ་བ་ཅན་གྱི་མཁས་གྲུབ་ཀྱི་སྐྱེ་བོ། །
ཡུལ་ལྷོ་མོན་ལྗོངས་འདིར་སྔ་དུས་ནས་ཕེབས་ཤིང་། །
དཔལ་ཕུན་ཚོགས་སྡེ་བཞིའི་རྒྱལ་ཐབས་ལ་གཤེགས་པའི། །
ལས་རྟེན་འབྲེལ་བཟང་པོ་རང་འགྲིགས་སུ་ཡོད་འདྲ། །
ཁོང་འཇིགས་མེད་དཔའ་བོའི་འཕྲིན་ལས་ཀྱི་ཆ་ཤས། །
ཡུལ་ལྷོ་མོན་འབྲུག་ལ་ཆེས་ཆེར་དུ་སྤེལ་མཁན། །
སྟང་ཆོས་ཉིད་རང་ཤར་དུས་བབས་ཀྱི་འགྲོ་དོན། །
དཔལ་ཡིད་བཞིན་བསྟན་པའི་གསོས་སྨན་དུ་མཇལ་བྱུང་། །
སྔར་རོང་ཟོམ་བརྙན་འཕྲིན་ལེ་ཚན་གྱི་དྲི་བར། །
ཡབ་འཇིགས་མེད་བླ་མའི་རྣམ་ཐར་གྱི་ཆ་ཤས། །
སེམས་བཅོས་མ་མིན་པའི་གླེང་མོལ་དེ་བརྒྱུད་ནས། །
སྤྲུལ་ཁྱེད་ལ་ཉེ་བའི་ཚོར་སྣང་ཞིག་བསྐྲུན་མྱོང་། །
དུས་ཉེ་སྔོན་ཨོ་གླིང་སིཌ་ནིས་ནས་མཇལ་སྐབས། །
ཐུགས་མོས་གུས་དག་སྣང་སྙིང་རྗེ་ཡིས་བརླན་ཞིང་། །
གཞན་སྐྱེ་འགྲོའི་བློ་ཁ་ཆོས་ཕྱོགས་ལ་བསྒྱུར་བའི། །
ནང་ཁྱད་པར་འཕགས་པའི་ཡོན་ཏན་ཞིག་མཐོང་བྱུང་། །
ཐེངས་འདི་ལ་ཆོས་སྡེ་སྤུངས་དགོན་གྱི་གནས་སུ། །
ཐུགས་བརྩེ་བ་ཆེན་པོའི་སྣེ་ལེན་གྱི་བཀའ་དྲིན། །
སེམས་ཕྱི་ཐག་རིང་བའི་དམ་ཚིག་དང་ལ་རྒྱ། །
བདག་ཡིད་འགུལ་ཐེབས་པའི་སྣོན་མ་རུ་གྱུར་སོང་། །
དཔལ་བདུད་འདུལ་ཕུར་པའི་སྒྲུབ་མཆོད་ཀྱི་ཚོགས་གྲལ། །
བློ་བཅོས་མིན་དད་པས་ཚོམ་བུ་རུ་འཚོགས་སྐབས། །
ཕ་རིག་འཛིན་གོང་མའི་ཕྱག་བཞེས་ཀྱི་ཆེ་བ། །
སྒྲོས་གསལ་དག་བཙུན་པའི་ཕྱག་ལེན་ཞིག་མཇལ་བྱུང་། །
ཚིག་ཆོ་གར་བྱང་བའི་གྱེར་འདོན་ཙམ་མིན་པར། །
གནད་ལག་ལེན་ཞིབ་པའི་ཁྱད་ཆོས་ཤིག་མཐོང་བྱུང་། །
མཐོ་གསེར་ཁྲི་མཛེས་པའི་རྔམ་བརྗིད་ཙམ་མིན་པར། །
དོན་རྒྱུ་མཚན་ཤེས་པའི་མཁས་ཁྱད་ཅིག་མཇལ་བྱུང་། །
གོང་དབུ་བཞུགས་ཚིག་དོན་གཉིས་མཁས་ཤིག་ཡོད་ན། །
འོག་གྲྭ་འབངས་སློབ་མའི་བློ་སྤོབས་ཤིག་ལོས་ཡིན། །
ཡུལ་རྒྱ་བལ་འབྲུག་ལ་མང་པོ་རང་མེད་པས། །
ཁྱེད་བཞུགས་པ་དེ་ཀའི་བསོད་ནམས་སུ་སྙམ་བྱུང་། །
རྗེ་གེ་སར་རྒྱལ་པོའི་སྒྲུབ་མཆོད་ཀྱི་གྲལ་དུ། །
གླིང་སེང་ཆེན་དཔའ་བོའི་དཔའ་ཆས་དེ་བགོ་སྐབས། །
ལས་བསྟན་འགྲོར་སྨན་པའི་སྨོན་ལམ་ནི་ངས་བཏབ། །
ནང་རྟེན་འབྲེལ་ལེགས་པའི་མཚམས་སྦྱོར་ནི་ཁྱེད་ཡིན། །
མ་འགོག་མོའི་གླུ་ཡིས་གདུང་ཤུགས་ལ་དགོངས་ཡོད། །
བུ་ཇོ་རིའི་ཇོ་དམག་རི་ལུང་ལ་གྲམ་ཡོད། །
ཕ་མི་ཕམ་རྒྱ་མཚོའི་བདེན་ཚིག་གི་བྱིན་རླབས། །
བུ་དད་པ་ཅན་ལ་ཕ་ཕོག་ཏུ་ཐོབ་ཡོད། །
ཉམས་རྟོགས་པ་མཐོ་བའི་ཁ་ཕོ་ནི་མེད་ཀྱང་། །
ལྷ་བླ་མར་བཅངས་པའི་མོས་གུས་ཤིག་ཡིན་པས། །
ཕྱི་ལུས་སུ་བསྒྲིགས་པའི་རྟེན་འབྲེལ་གྱི་ཡོལ་གོར། །
ནང་སེམས་སུ་སྨིན་པའི་དངོས་གྲུབ་ཅིག་ལོས་ཡོད། །
དཔལ་སྒྲོལ་མའི་ཞིང་བཀོད་ཁྱད་འཕགས་ཀྱི་ཕོ་བྲང་། །
རྟེན་བརྟེན་པའི་ངོ་སྤྲོད་ཞིབ་རྒྱས་སུ་གནང་སྐབས། །
མིག་ཡ་དཔེར་འོས་པའི་ཚད་ལྡན་བཞེངས་སྟངས། །
དོན་ཉམས་ལ་སྨིན་པའི་རིན་ཐང་ཞིག་མཇལ་བྱུང་། །
དེ་མིན་པའི་ཁྱེད་དང་མཉམ་སྡོད་ཀྱི་རིང་འདིར། །
སེམས་དགའ་ཕྱོགས་གཅིག་པའི་ཁ་བརྡ་ནི་བྱས་ཡིན། །
ལས་འབྱུང་འགྱུར་བྱ་བའི་འཆར་སྣང་ནི་མོལ་ཡིན། །
ཉམས་འཚར་བའི་གཏམ་གྱི་ཁ་མཚར་ཡང་རྩེས་ཡིན། །
འབྲོག་ལྷས་འདབས་འབྲི་གཡག་ཉེ་འཁྲིས་སུ་བཅར་ཡིན། །
གནས་རི་མཐོའི་ལབ་རྩེར་གསེར་སྐྱེམས་ཀྱིས་མཆོད་ཡིན། །
གཞི་སྤང་ཁ་སྐྱིད་པོར་ཚ་འབོག་ཀྱང་བརྒྱབ་ཡིན། །
བརྗེད་དཀའ་བའི་མཉམ་འཛོམས་སེམས་གཏིང་དུ་སྦས་ཡིན། །
ལས་ས་མཐར་རྒས་པའི་ཚོར་སྣང་ཞིག་ཡོད་ཀྱང་། །
སེམས་གཞོན་པའི་ནམ་ཟླ་རྩྭ་ཐང་ན་ལུས་པས། །
ས་རྨ་རྫའི་གོང་བ་མཉམ་འགྲིམ་རང་མིན་ཏེ། །
བོད་ཁ་བའི་རི་རྩེར་རྒྱངས་མཇལ་ཞིག་ཞུས་ཡོད། །
རྫས་ཞིང་སྨན་མེད་པའི་ཟས་གཙང་གི་འཚོ་བ། །
དུག་འབག་རྩོག་མེད་པའི་དྭངས་གསལ་གྱི་མཁའ་དབུགས། །
བློ་ཆོས་ལ་གཏོད་པའི་འབྲུག་མི་ཡི་གཤིས་ཀ །
ངའི་སེམས་ཀྱི་རྡོ་ལ་གསེར་ཡིག་ཏུ་བརྐོས་ཡིན། །
གཞོན་ཤེས་ལྡན་མང་པོ་ཨོ་གླིང་ལ་ཕྱིན་ཅིང་། །
སྐད་ཡི་གེའི་ལོ་འབྲས་སད་སེར་གྱིས་བཙེས་པས། །
ཡུལ་འདི་ལ་དམིགས་པའི་སེམས་ཁྲལ་གྱི་འཆར་སྒོ། །
འདིར་རེ་ཞིག་མི་གླེང་དུས་ཚོད་ལ་བཏད་དོ། །
ལར་འདུས་ནས་འབྲལ་བ་ཆོས་ཉིད་དུ་ངེས་ཤིང་། །
སེམས་འཁྲེངས་བཞིན་གྱེས་པ་ཡུད་ཙམ་དུ་སྣང་མོད། །
ཐུགས་གཏིང་ནས་དཀར་བའི་བཅོས་མིན་གྱི་རྣམ་འགྱུར། །
ས་གང་དུ་ཕྱིན་ཡང་སེམས་གཏིང་དུ་འཇོག་ངེས། །
ཐག་རིང་པོའི་བར་དུ་སྐྱེལ་ཐུང་ལ་ཕེབས་ཤིང་། །
ངག་རིང་པོའི་གཏམ་གྱི་སྐྱེལ་མའང་གནང་བཞིན། །
འཕྲུལ་གློག་བརྙན་ལྟ་བུའི་མཛའ་བཅུག་གི་ཀློང་ནས། །
མགྱོགས་མྱུར་དུ་མཇལ་བའི་ཞལ་ཆད་ཅིག་ཞུས་ཡོད། །
གནས་སྟག་ཚང་སེངྒེ་ཨོ་རྒྱན་གྱི་སྒྲུབ་གནས། །
ཡུལ་སྤ་གྲོ་སྐྱིད་ཆུ་སྲོང་བཙན་གྱི་ཕྱག་རྒྱ། །
དཔལ་ཐར་པ་གླིང་དང་པད་གླིང་གི་གདན་ས། །
རྟེན་སྒྲུབ་གནས་རྩ་ཆེན་ལྕོགས་ཚོད་ཀྱིས་མཇལ་ཡིན། །
ལས་སྨོན་པས་འབྲེལ་བའི་གཅུང་པོ་ཡི་བསུ་སྐྱེལ། །
ཐུགས་བསམ་པ་དག་པའི་འཕྲིན་ལས་ཀྱི་རོགས་དན། །
ཟས་གཡོས་སྦྱོར་མཁས་པའི་ཀརྨ་ཡི་ཞིམ་ལྟོ། །
སྐུ་བཀའ་དྲིན་སྣ་མེད་ས་མེད་དུ་ཆེ་ལགས། །
དགའ་ཏོག་ཏོག་བྱུང་བའི་འགྲུལ་བཞུད་ཀྱི་མཇུག་འདིར། །
ལར་ཚང་མར་སྐུ་གཟུགས་བཟང་པོ་ལགས་ཞུའོ། །
ཁྱད་པར་དུ་ཁྱེད་དང་ཚེ་བྷྲུམ་གྱི་གསང་གསུམ། །
དཔལ་ནུབ་པ་མེད་པའི་རྒྱལ་མཚན་དུ་བརྟན་ཤོག །
ཕྱི་འགལ་རྐྱེན་མཐུན་རྐྱེན་སྤེལ་མ་རུ་སྲིད་ཀྱང་། །
ནང་བློ་རྩེ་གཏོད་ས་ཡིད་བཞིན་གྱི་ནོར་བུ། །
རྗེ་བླ་མའི་འཕྲིན་ལས་ལྷོ་མོན་དུ་ཁྱབ་པར། །
ཐུགས་ཐབས་མཁས་བརྩོན་པའི་གོ་ཆ་དེ་བགོས་ཤིག །
ཕ་བླ་མ་གཅིག་པའི་བྱིན་རླབས་ཀྱི་ཕངས་པར། །
བློ་འདུན་མ་གཅིག་པའི་ལྷག་བསམ་གྱིས་སྦྲེལ་ན། །
མ་བསྟན་འགྲོའི་དོན་ཆེན་འབྱུང་བ་ཡང་སྲིད་ལ། །
དེ་མིན་ཡང་བློ་བདེ་ཨ་ལ་ལ་ཡིན་ནོ། །
སྤྱིར་ད་ལྟའི་སྐབས་སུ་མི་མང་པོ་ཞིག་ཕན་ཚུན་འབྲེལ་བ་ཡག་པོ་ཡོད་པའི་སྐབས་སུ་བསྟོད་པ་གནམ་སར་མི་ཤོངས་པ་བྱེད་ཅིང་། ད་དུང་སངས་རྒྱས་དང་བྱང་སེམས་ལྷ་དང་མཁའ་འགྲོ་ཡིན་ཚུལ་སོགས་མང་དུ་བཤད། ཅི་ཞིག་ན་ཕན་ཚུན་གྱི་འབྲེལ་བར་འགྱུར་ལྡོག་བྱུང་སྐབས་ཧ་ཅང་ཚད་ལས་བརྒལ་བའི་སྐྱོན་བརྗོད་དང་སྒྲོ་སྐུར་བྱེད་པ་སོགས་ཀྱི་སྣང་ཚུལ་མ་པོ་ཞིག་མཐོང་སྣང་དུ་འགྱུར་བཞིན་ཡོད་པས་ཚོར་བ་དང་ཁེ་ཕན་ཙམ་གྱི་ཆེད་དུ་བསྟོད་སྨད་ཀྱི་རྩོམ་ཡིག་འབྲི་མ་དགོས་པ་ཞིག་ལ་བསམ་བློ་སྙིང་ནས་གཏོང་བཞིན་ཡོད་པས། རྩོམ་ཡིག་འདིའང་༧སྐྱབས་རྗེ་སྟང་རིན་པོ་ཆེ་དཔོན་སློབ་ཀྱིས་གུས་པར་སྣེ་ལེན་གནང་བ་དང་། སོ་སོ་ལ་འགྲུལ་བཞུད་སྐྱིད་པོ་བྱུང་ཙམ་གྱིས་ཨ་སར་དང་ངོ་དགའ་ལྟ་བུས་བསྟོད་པ་བྱེད་པའང་གཏན་ནས་མིན་མོད། ལར་ནས་རང་ཉིད་ཐེངས་འདིའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་འགྲུལ་བཞུད་མཚོན་པའི་ཡི་གེ་ཅི་རིགས་རེ་འབྲི་འདུན་ཡོད་པ་དང་། ལྷག་པར་དུ་ལོ་འདི་དག་གི་རིང་ཁོང་དང་འདྲིས་ཞིང་ཞིབ་པའི་རིང་རིན་པོ་ཆེ་ཉིད་འབྲུག་ལ་མཛད་འཕྲིན་རྒྱས་པོ་ཡོད་པ་ཙམ་མིན་པར། ཁོང་གི་སྐུ་ཡོན་ཕྱག་ལས་གནང་སྟངས། དེ་བཞིན་གྲོགས་པོ་དང་ཆོས་གྲོགས་ལ་འཛིན་པའི་ལ་རྒྱ་དང་། གུས་པ་སྒེར་ལ་ཞལ་ཞེ་གཉིས་མེད་ཀྱི་ཐུགས་སེམས་དཀར་སྟངས་སོགས་ཀྱི་ཐད་ཚོར་སྣང་བཅོས་མིན་བྱུང་བའི་རྐྱེན་གྱིས། མཐའ་གཉིས་སུ་མ་ལྷུང་བའི་མཐོང་སྣང་གི་རྩོམ་ཡིག་ཚིགས་བཅད་མ་འདི་ཉིད། ཡ་གླིང་གི་མུ་ཏིག་ཅེས་སུ་གྲགས་པའི་ཧོང་ཀོང་ནས་གནམ་གྲུ་བརྗེས་ནས་འཕུར་སྐབས་འགོ་ཚུགས་ཤིང་། ཞི་བདེ་རྒྱ་མཚོ་ཆེན་པོའི་ཁོངས་ཀྱི་ཇོ་བོའི་བླ་མ་གསེར་གླིང་པའི་གདན་ས་ཧིན་དུ་ཉི་ཞི་ཡའི་སོགས་ཡ་གླིང་ལྷོ་མའི་མཁའ་ལམ་བརྒྱུད། སའི་གོ་ལའི་ཕྱེད་ལྷོ་མ་ཨོ་གླིང་སྐམ་ས་ཆེན་པོའི་ནུབ་ཕྱོགས་ཀྱི་ས་སྣེ་ཟིན་ལ་ཉེ་བའི་སྐབས་ཀྱི་ཆུ་ཚོད་འགའི་རིང་ཚར་བར་བྲིས་པ་སྟེ། སྤྱི་ལོ་༢༠༢༣ ཟླ་ ༡༡ ཚེས་༡༡ རྫ་ཚེ་རིང་བཀྲ་ཤིས་ཀྱིས་སོ། །
དོན་སྙིང་ལྡན་ལ་སྦྱིན་རླབས་ཆེ་བའི་སྙན་ངག་ལ་རྗེས་སུ་ཡིད་རངས་ཞུ་བཀའ་དྲིན་ཆེ་ཐུགས་རྗེ་ཆེ།