སྨན་རམས་པ་བསྟན་འཛིན་ཆོས་སྒྲུབ།།
ཐོག་མར་བྱིས་པ་ཉེར་སྤྱོད་ལག་ལེན་ཆེས་དགོས་གལ་ཡིན་པར་བསྟན་པ།
བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས་རྒྱུད་ལས། བྱིས་པ་བཙའ་ནས་ཉེར་སྤྱོད་ཅེས་བྱ་བ།། [1]ཞེས་གསུངས ་པ་ལྟར་བྱིས་པ་བཙའ་ནས་ངེས་པར་དུ་རྒྱུད་དུ་གསུངས་པའི་བྱིས་པ་ཉེར་་སྤྱོད་འདི་ལག་ལེན་གནང་ན་བློ་རྩལ་དང་འབད་རྩོལ། །གཟུགས་བྱད་ལེགས་ཤིང་ནད་མེད་ཚེ་རིང་གནས་ལ་དཔལ་འབྱོར་གྱི་སྟོབས་རྒྱས་པ་སོགས་ཀྱི་ལེགས་པའི་ཡོན་ཏན་ཇི་སྙེད་འབྱུང་བར་གསུངས་ཏེ།།བླ་སྨན་མཁྱེན་རབས་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ལས་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ལས་་་་བར་སྐབས་གསོ་རིག་བསྟན་རྒྱུན་ཉམས་ཆག་ཁར་སྔོན་གྱི་མཐོང་བརྒྱུད་སོགས་རིམ་བཞིན་ཉམས་རྐྱེན་བྱིས་པ་གསོ་ཚུལ་ཇི་བཞིན་མི་ཤེས་པའི་སྐྱོན་གྱིས། མི་རིགས་ཕལ་ཆེར་བློ་རྩལ། འབད་རྩོལ། གཟུགས་བྱད་ཞན་ཅིང་། ཚེ་ཐུང་། ནད་མང་། རང་བཞིན་ངན་པས་ཕ་མའི་ངག་ལའང་ མི་ཉན་པ་སོགས་ཉེས་སྐྱོན་ཇི་སྙེད་ཅིག་མི་འདོད་ཐོག་ཏུ་འབབ་པའི་ཚུལ་འདི་མཐོང་ནས་ཡིད་ཀྱིས་མ་བཟོད་པར་དཔལ་ལྡན་གསོ་རིག་ རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལས་བྱིས་པ་གཅེས་པའི་གསོ་ཐབས་ཉེར་སྤྱོད་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ཚང་མས་གོ་བདེ་བར་དགོད་ པ།། [2]ཞེས་གསུངས་ནས་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ཞེས་པ་མཛད་གནང་འདུག་པས་རྒྱས་པ་གཟིགས་འདོད་ན་འདིར་གཟིགས་ པར་འཚལ།།ལྷག་པར་དུ་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་སྤྱི་ལོ་༡༨༥༦ལོར་དམིགས་བསལ་བྱིས་པ་ ཉེར་སྤྱོད་གལ་ཆེ་ལུགས་སྐོར་གཞུང་ཡིག་ཀྱང་བཏང་འདུག་པ་སྤྱི་ལོ་༡༩༨༩ལོར་བཀྲ་ཤིས་དབང་འདུས་ལགས་ཀྱིས་བསྒྲིགས་པའི་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་ནང་དུ་གསལ་བ་གཤམ་ གསལ་ལྟར་ཡིན།།
ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པས་བོད་ལྗོངས་སུ་བྱིས་པ་ཉེར་སྤྱོད་ཀྱི་སྨན་རྩིས་འཕྲོད་བསྟེན་གོང་འཕེལ་གཏོང་དགོས་སྐོར་རྒྱ་ཁྱབ་རྫོང་གཞིས་ཁག་ལ་བསྩལ་བའི་རྩ་ཚིག །
(བོད་རབ་བྱུང་བཅུ་བཞི་པ་མེ་ཞེས་པའི་མེ་ཕོ་འབྲུག་གི་ལོ་ཧན་བློང་ཁྲི་ལོ་དྲུག་པ་སྤྱི་ལོ་༡༨༥༦)
རབ་དཀར་བསིལ་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་ཀྱི་སྐྱེ་དགུ་་སྤྱི་དང་བྱེ་བྲག་གནམ་བསྐོས་གཞུང་སའི་ལས་བཞིའི་དཔལ་ལ་ སྤྱོད་པའི་བཀའ་མདའ་རྩིས་གསུམ་གྱིས་མཚོན་དྲུང་རིགས་སྤྱི་དང་།།རྫོང་གཞིས་མངའ་འབངས་སུ་གཏོགས་པ་ཡོད་དོ་ཅོག་མཆོག་དམན་མཐའ་དག་ལ་བཟློ་བ།
བདག་ཅིག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་སྐལ་ལྡན་གྱི་འདུལ་བྱ་རྣམས་སྨིན་གྲོལ་ཀྱི་ལམ་དམ་པར་བགྱི་བའི་ ཐབས་ལ་མཁས་ཤིང་།ཚད་མེད་ཐུགས་རྗེའི་བདག་ཉིད་དེས་ཆོས་ཕུང་བརྒྱུད་ཁྲི་བཞི་སྟོང་ཉོན་མོངས་ནད་རིགས་ཀྱི་གཉེན་པོར་ཉམས་ ལེན་དོན་ཐོག་ཏུ་འཁེལ་ན་འཕྲུལ་དང་མུན་གྱི་ཕན་བདེ་མ་ལུས་པ་བདེ་བླག་ཏུ་འབྱུང་བར་གསུངས་་པ་ལྟར་སྔོན་བྱོན་རྒྱ་བོད་ལོ་པཎ་མཁས་གྲུབ་དུ་མས་ལུང་དང༌།རྟོགས་པའི་བསྟན་མཆོག་འདི་ཉིད་ཉིན་བྱེད་ལྟར་གསལ་བར་མཛད་པའི་ནང་ཚན་དཔལ་ལྡན་གསོ་བ་རིག་བརྒྱུད་ཀྱི་དགོངས་དོན་བྱིས་པ་ཉེར་སྤྱོད་ཀྱི་ཐབས་གཏོ་རྟེན་འབྲེལ་དང་།གཙུག་ལག་རྩིས་ཀྱི་སྒོ་ནས་ཚེ་བརྟག་འཁོར་ལོའི་ལེགས་ཉེས་བླང་དོར་ གསལ་པོར་སྟོན་པ་བཅས་ཀྱི་འཕྲིན་ལས་དར་ཁྱབ་ཆེ་བ་དེ་ལྟར་ཡང་།བར་སྐབས་སྙིགས་ལྔའི་རང་མདངས་མངོན་འགྱུར་གྱི་མནོག་ཆུང་ འདི་སྣང་ཁོ་ནའི་དོན་གཉེར་གཙོ་འདོན་གྱིས་སྨན་རྩིས་སོགས་རིག་གནས་ལ་འབད་བརྩོན་ཆུང་གཤིས།རིགས་མྱུག་འཚོ་ཞིང་ཤེས་རབ་ འཕེལ་བའི་ལག་རྒྱུན་ཉམས་ལེན་བྱེད་མི་མེད་རྐྱེན་མི་རིགས་ཕལ་ཆེར་དུས་མིན་འཆི་བས་མཚོན་གླེན་ལྐུགས་སོགས་མི་འདོད་ཐོག་བབས་ཀྱི་སྣང་ཚུལ་ལས་ལྡོག་སྟེ།འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་འཕེལ་ཆེད་འདི་གའི་བླ་སྨན་ཆེ་བ་གམ་བཅར་སྤྱི་ཁྱབ་མཁན་པོ་ཆེང་སུ་ཅིག་ཐུ་མེར་རྒན་དངོས་གཞི་བྱམས་པ་ཐུབ་དབང་ནས་བྱིས་པ་ཉེར་སྤྱོད་ཀྱི་བླང་དོར་བྱེད་སྒོའི་ཕན་ཡོན་གསོ་བ་རིག་པའི་མན་ངག་ལས་ཁོལ་ཕྱུང་མཐོང་ཤེས་ཁ་གསལ་དོན་བསྡུས་གཞུང་མཐུན་དང་།སྨན་རིགས་རྩ་འགངས་ཕྱོགས་བསྡུས་རིལ་བུ་ཁག་བརྒྱུད་སྔ་ཕྱི་ཨང་རྟགས་དང་། འབྲེལ་རྟགས་འབྱུར་ཧིཔར་བཅས་ཟུར་བསྲིངས་སོང་བ།བུད་མེད་སྦྲུམ་མ་བཙས་རྒྱུ་ཡོད་རིགས་ལ་སྨན་སྔ་ཕྱི་མ་འཛོལ་བར་སྟེར་སྦྱིན་ཐོག་འཕྲལ་མར་ལྕེ་སྟེང་ཧྲཱི༔ཡིག་པར་འདེབས་སོགས་བྱིས་པ་ཉེར་སྤྱོད་ཟུར་བསྲིངས་ལྟར་ཐབས་དང་།རྟེན་འབྲེལ་གྱི་ལེགས་ཚོགས་མ་འཛོལ་ བར་འདུ་བགྱིས་ན་ནད་མེད་ཚེ་རིང་ཞིང༌།ཤེས་རབ་དབང་པོ་གསལ་ལ་དཔལ་འབྱོར་གྱི་སྟོབས་རྒྱས་པ་སོགས་ལེགས་པའི་ཡོན་ཏན་ཇི་ སྙེད་འབྱུང་བ་བསླུ་མེད་མྱོང་གྲུབ་དངོས་རྗེན་སྟབས།དཔེར་ན།རིན་པོ་ཆེའི་རྡོ་རིགས་ལ་བཟོ་བ་མཁས་པས་བྱི་དོར་ལེགས་པར་བྱས་ན་ ནོར་གྱི་མཆོག་ཏུ་འཛིན་པ་བཞིན་ཁྱད་ཆོས་བྱིན་འཇགས་ཆེ་བ་ཡོང་རྒྱུར་ཕ་མ་སོ་སོས་སྤང་བླང་དོ་བརྩོན་ཐོག་འདི་སྐོར་ཁོངས་སྨན་པ་ཇི་ཡོད།ཡུལ་མི་དོན་གཉེར་ཅན་སུ་ཡོད་དོ་དམ་འོས་ངེས་༢ཆར་འབུལ་འཕྲལ་དུ་དགོས་རྒྱུ་དང༌།དེ་མཚམས་དྲག་རེས་ཀྱི་རྫོང་སྡོད་ངོ་མ་དང་ མཉམ་སྦྲེལ་བསྐོ་གཞག་གིས་རྫོང་།གཞིས་དོ་དམ་རོགས་བྱེད་བཅས་ནས་སྐྱིད་སྡུག་བཟང་ངན་ལ་མ་ལྟོས་པར་ཁྱབ་སྤེལ་ཐུབ་པ་དང་།། འཁོས་འབྱོར་བཟང་རིགས་ནས་དད་འདུན་བློས་དཔྱད་སྨན་རིན་སྤྲོད་རིགས་འདི་ལ་འདི་བྱུང་དང་།བུ་ཕྲུག་འདི་ལ་འདི་བྱིན་སོགས་བྱས་ རྗེས་ཐོ་གཞུང་ཁམས་དྭངས་ངེས་འགོད་ལ་དོ་བདག་སོ་སོའི་རྟགས་འབྱུར་དང་སྦྲགས་ངེས་བསྲིངས་བྱུང་བསྟན་དགེ་རྒྱུན་སྨན་ཁང་དུ་འཕེལ་རྒྱུས་ཆེད་སྤྱད་དེ་མིག་སྨན་མིག་ཕན་བྱེད་རྒྱུར་དེ་རྩིས་བར་བཟོས་ཏེ་བག་མེད་པ་བྱེད་ཅིང་།ཡང་རིན་གོང་འཁྱེར་འཁོས་བཟང་ངན་གྱི་ཇི་སྤྱད་ལས་རིན་སྒྲིགས་ཙམ་ཟ་བེད་བརྡབ་གསིག་རིགས་དངོས་ཤུགས་བརྒྱུད་དུ་གཏན་ནས་མི་ཆོག་བོད་ཁོངས་མིན་རིགས་ནས་སྨན་ཉོ་མི་ཡོད་ཚེ་བྱིས་པ་རེར་གོང་གསལ་སྨན་ཁག་བརྒྱུད་ནས་ཐེབས་རེ་སྤྱིར་རིན་དངུལ་སྲང་རྡོ་ཞོ་བཞི་རེ་སྤྲོད་ལེན་གྱི་ཧེ་བག་མེད་པའི་ཐོ་གཞུང་བཀོད་དེ་རྩིས་རྒྱག་དགོས་རྒྱུ།སྨན་རྫོགས་མཚམས་གནས་ཚུལ་བྱུང་བསྟུན་ལྷ་ལྡན་སྨན་རྩིས་ཁང་ནས་ལག་འཛངས་མེད་པར་གཏོང་ལེན་ བགྱིས་འཐུས།ཕྱོགས་མཚུངས་ཕལ་ཆེར་ལ་སྐྱེས་དུས་གཟའ་སྐར་འདི་ཡིན་ཙམ་བརྗོད་རྒྱུ་མེད་པ་བྱོལ་སོང་གི་ཕྲུག་གུ་ཁྱད་མེད་འདུག་ གཤིས་ཆོས་དང་། འཇིག་རྟེན་གྱི་ལས་སྐལ་ཇི་ཡོད་མུན་ཁུང་མདའ་འཐེན་ཁོ་ན་ལས་འཕྲིན་ལས་ཞབས་འདེགས་ལྟ་ཅི།རྟེན་འབྲེལ་ག་ འཛོལ་དབང་གིས་སོ་སོའི་ལྟོ་གོས་ཀྱི་ལས་ཐབས་ཀྱང་ཇི་བཞིན་མཐར་མི་སོན་པ་སོགས་ཉེས་སྐྱོན་ཇི་སྙེད་ལ་བརྟེན་ད་ནས་ཕྲུག་གུ་སྐྱེས་ རིགས་སོ་སོའི་ལོ་ཟླ་གཟའ་ཚེས་དུས་ཚོད་སྔ་ཕྱི་འཕྱུགས་མེད་ངོ་བཟུང་ཐོ་བཀོད་ཐོག་རྩིས་ཀྱི་ལག་ལེན་ཡོད་པར་ཚེ་རབས་ལས་རྩིས་ གཟའ་དགུའི་དབྱངས་འཆར་སྐྱེས་རྩིས།སྐྱེ་རྟགས་འཁོར་ལོ་བཅས་སོ་སོའི་འཁོས་འབྱོར་ལ་གཞིགས་པའི་ཞིབ་ནན་བྱས་ཏེ་རྩིས་འབྲས་འདྲ་གཅིག་དེབ་སྐྱེལ་ཁྱད་ལྷ་ལྡན་དུ་ངེས་བསྲིངས་དང་།འདྲ་གཅིག་དོ་བདག་སོ་སོས་ཉར་ཚགས་ཀྱིས་བླང་དོར་འཕྱུགས་མེད་དགོས་རྒྱུ་མ་ཟད་རྩིས་པ་མེད་པ་དང་།ཕ་མ་འཁོས་འབྱོར་ཞན་རིགས་ནས་ས་གནས་སུ་རྩིས་འབྲས་བསྐོར་ཐུབ་མིན་བྱུང་ཚེ་གོང་བཞིན་སྐྱེས་ཚེས་ཆུ་ཚོད ་འཁྲུལ་མེད་ངེས་འགོད་བྱུང་བསྟུན་ལྷ་ལྡན་སྨན་རྩིས་ཁང་ནས་བསྐོར་ཞིབ་ཀྱིས་བཟང་ངན་རྩིས་འབྲས་ཕྱིར་བསྲིང་བྱ་རྒྱུར་ས་གནས་སོ་སོའི་བྱེད་སྒོར་ཤེས་སུ་བཅུག་པའི་ཁྱོད་རང་རྫོང་གཞིས་སྣེ་སྡོད་ནས་འགྱུར་བསམ་ཚེ་བསྐྱེད་དགོས་པ་སྨོས་ཅི།ད་ལམ་བསྐོ་གཞག་བགྱིས་རྒྱུའི་ དོ་དམ་པ་དང་ས་གནས་སུ་དོན་རྒྱུས་དཔྱད་ཀྱིས་བཀོད་་དེ་ལས་རིགས་སེར་སྐྱ་བཅས་ནས་གོང་གསལ་སྨན་རྩིས་ཀྱི་བྱེད་སྒོ་རྫོང་འོག་གཅིག་གྱུར་ཡིན་མིན་ལ་མ་ལྟོས་པར་ས་གནས་འབྲེལ་མཚུངས་གང་སར་ཁྱབ་སྤེལ་ཅི་ཐུབ་ཀྱིས་མཐུན་འགྱུར་བགྱིས་འོས་འཐུས་ཚང་ཐོག་ནས་ཟླ་དྲུག་མཚམས་ནས་འདི་བྱས་གནས་ཚུལ་ཞིབ་གསལ་སྒྲིག་འཆག་ཏུ་དགོས་རྒྱུ་བཅས་ཐབས་རྟེན་ལས་ལུགས་གསར་སྤེལ་འདི་བཞིན་རྙེད་ དཀའི་དལ་རྟེན་མིད་བཞིན་ནོར་བུ་ལས་ལྷག་’པ་འདི་དག་ཆུད་མ་འཛའ་བའི་སྒོ་ནས་རྗེ་འབངས་ཀུན་ལ་ཕན་བདེའི་ལེགས་ཚོགས་གཞིར་གྱུར་ཆེས་ཟབ་ལ་བརྟེན་རྩ་ཚིག་འདི་ཡང་རྫོང་གཞིས་སྤྲོད་ཁོངས་ཡིག་རིགས་དཀར་ཆག་ཏུ་ངེས་འགོད་ཐོག་ཚང་མས་ཉམས་ལེན་དགོས་རྒྱུ་དང་།འདི་ནས་ཀྱང་སྤྱི་ཚོགས་འཁུར་བསམ་ཇི་བྱེད་ཉང་གནོན་བྱེད་རྒྱུ་བཅས་དེ་རྩིས་བླང་དོར་ཡིན་ལུགས་སུ་སྤྱོད་པ་གྱིས།། [3]
ནོར་གླིང་བསྐལ་བཟང་ཕོ་བྲང་ནས་མེ་འབྲུག་ཟླ་ཚེས་བཟང་པོར་བྲིས།
ཞེས་གསུངས་པ་མ་ཟད་རྗེ་ཙོང་ཁ་བ་ཆེན་པོར་འཕྲལ་ཡུན་གྱི་དགོས་པ་དུ་མ་གཟིགས་ཏེ་བྱིས་པ་ཉེར་སྤྱོད་ཀྱི་ཆོ་ག་ཚུལ་བཞིན་མཛད་པའི་ལོ་རྒྱུས་ཡོད་དེ།།བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ཆོས་སྤྱོད་ལས་་་་་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་མ་ཐག་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་འཕྲལ་ཡུན་དགོས་པ་དུ་མའི་ཆེད་དུ་བྱིས་པ་ཉེར་སྤྱོད་སོགས་ཚུལ་བཞིན་མཛད།། [4]ཅེས་དང་ འདི་བཞིན་མཁན་ཆེན་ཁྲོ་རུ་ཚེ་རྣམ་ལགས་ཀྱི་རྣམ་ཐར་ནང་དུའང་ཕ་དམ་པས་ཕྱག་ལེན་འདི་གནང་ཡོད་པ་ཁོང་གི་རྣམ་ཐར་བཻཌཱུར་སྔོན་པོའི་རང་མདངས་ལས་་་་་བོད་ཀྱི་ལུགས་སྲོལ་བཞིན་དུ་ཡབ་ཀྱིས་གི་ཝང་སྨན་འདམ་གྱི་བཟོས་ལ།།མན་ངག་གི་གཟུངས་བརྐོས་པའི་ཐམ་ག་ཁོང་གི་ལྕེ་དྲེག་སྟེང་དུ་བཏབ།།དེ་ནི་བུ་ཆུང་འདི་ཉིད་མ་འོང་པའི་དུས་ན་སྤྱང་གྲུང་དང་ཤེས་རིག་ཡོན་ཏན་དུ་མ་འཛོམས་པའི་མི་ཞིག་ཏུ་འགྱུར་བར་སྨོན་འདུན་ཞུ་བའི་བྱ་བཞག་ཞིག་ཡིན་པ་སྨོས་ཅི།། [5]ཞེས་སོགས་ཀྱི་ལག་ལེན་བཟང་པོ་ཡོད ་རུང་ད་ཆ་དུས་འགྱུར་དབང་གིས་ལག་ལེན་འདི་འདྲ་ཅུང་དཀའ་ཡང་སླར་གསོ་མི་ཐུབ་པ་ཞིག་ཀྱང་མིན་སྙམ།དེ་དུས་བྱིས་པ་ཉེར་སྤྱོད་འདི་ཡོངས་སུ་གྲུབ་པ་ལ་སྨན་ཁག་བརྒྱད་ཅིག་གོ་འགྲིག་གནང་ནས་རྫོང་སོ་སོར་བརྒྱུད་མི་མང་ལ་འགྲེམ་སྤེལ་གནང་འདུག་པ་ནི་བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས་་་་་་སྨན་ཁག་བརྒྱད་རྫོང་ཁོངས་དོ་དམ་སོ་སོའི་ལག་ནས་འཕྲལ་འཕྲལ་བླངས་ཏེ་མིང་ཐོ་སྤྲོད་དགོས། ཕ་མ་
རྣམས་ནས་ཀྱང་འགྲོ་མགོན་སྨན་གྱི་བླ་མའི་ཐུགས་རྗེའི་རང་བཞིན་གཅིག་ཏུ་སྨིན་པར་ལོག་པའི་ཐེ་ཚོམ་ཡིད་གཉིས་སྤངས་ཏེ།རང་ རང་གི་རིགས་མྱུག་གི་བདེ་རྩ་གལ་ཆེར་བསམ་ཤེས་རྒྱུན་འཁྱོངས་ཡོང་བ་ཞིག་མཆོག་དམན་ཚང་མས་ཅི་ནས་ཀྱང་འབད་འཚལ་ལོ།། [6] ཞེས་གསུངས་འདུག།བྱིས་པ་ཉེར་སྤྱོད་ཀྱི་ལག་ལེན་བཅུ་དགུ་པ་དེ་ནི་བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས་་་་་་་་་་་་་ ་་རྒྱུད་ལས།བྱིས་པ་བཙའ་ནས་ཉེར་སྤྱོད་ཅེས་བྱ་བ།།དེ་ལ་བཙའ་འཕྲལ་ཤིས་དང་མི་ཤིས་བརྟག།བཀྲ་ཤིས་བརྗོད་ཅིང་ལྟར་བ་བཅད་པ་ དང་།།དེ་རྗེས་རྟེན་འབྲེལ་ནུ་མ་བསྣུན་ཐབས་བསྟེན།།བསྙལ་བའི་ཆོ་ག་ལྷ་གསོལ་ལྷ་རྟེན་འཛུགས།།མིང་གདགས་བློ་རྣོ་རྩལ་ཆེ་ཚེ་གདངས་སྐྱེད།། གནོད་བསྲུང་རྣ་འབུག་ཟས་སྤྱོད་སེའུ་སྐྱེ་ཐབས།།གཏང་རག་ཕུལ་དང་བཅུ་དགུའི་སྒོ་ནས་བསྟན།། [7]ཞེས་གསུངས་པ་བྱིས་པ་ཉེར་ སྤྱོད་ཀྱི་རིམ་པ་བཅུ་དགུ་འདི་ནི་སྐབས་དེ་དུས་ལུས་སེམས་བདེ་ཐང་གནས་ཞིང་བློ་རིག་དཔལ་ཐོབ་པའི་ཐབས་ཏེ།།ད་རིང་སང་ལུས་ལ་ ནད་མི་ཐེབས་ཆེད་དུ་སྔོན་འགོག་གི་ཁབ་(vaccination)རྒྱག་པ་ལྟར་རེད་འདུག། ད་ལྟ་སྨན་པའི་ནང་དུ་བྱིས་པ་ཉེར་སྤྱོད་ཀྱི་རིམ་ པ་བཅུ་དགུ་ལས་ལག་ལེན་གཅིག་ལྷག་ཡོད་པ་ནི་ཧྲཱི:ཐེལ་རྒྱག་རྒྱུ་འདི་ཡིན།དེ་ཡང་བོད་ཀྱི་གསོ་བ་རིག་པ་རྗེས་འཛིན་པ་རྣམ་པས་མི་ ཉམས་དར་སྤེལ་དང་ལག་ལེན་གནང་མ་ཐུབ་ན་ལག་ལེན་གལ་ཆེན་འདི་ཡང་ལོ་རྒྱུས་ནང་གནས་རྒྱུ་ཉེན་ཁར་མཐོང་སྟེ།།གུས་པས་ཅུང་ དཔྱད་ཞིབ་ཀྱིས་ཧྲཱི:ཐེལ་ལག་ལེན་སྐོར་ཅུང་དཔྱད་གཞིར་བཀོད་པར་སྤྲོ།
ལྕེ་སྟེང་ཧྲཱིཿཐེལ་རྒྱག་པའམ་བྲི་པའི་ལག་ལེན་སྐོར་བསྟན་པ།
་ (སྨན་ཐང་ནང་གསལ་བའི་ཧྲཱིཿཐེལ་གྱི་ཆ་བྱད)
དཔལ་ལྡན་རྒྱུད་བཞི་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ལས་ལྕེ་ཡི་ཐོག་ཏུ་གུར་ཀུམ་ཧྲཱི:ཡིག་བྲི། [8]ཞེས་བྱིས་པ་སྐྱེས་ནས་ཨ་མའི་ འོ་མ་ལ་སོགས་པའི་རྫས་གང་ཡང་མ་སོང་བའི་སྔ་རོལ་དུ་ལྕེ་སྟེང་གི་ཁོག་ཞོའི་དྲེག་པ་རས་དཀར་གཞའ་ཕྲན་ཡོད་པ་ལེགས་པར་ཕྱིས་ཏེ་ གུར་ཀུམ་གྱི་ཆུར་སྦངས་ཙམ་བྱེད་དེ་བཙའ་མ་ཐག་པའི་ནུ་ཞོ་མ་བསྣུན་གོང་དུ་བྱིས་པའི་ལྕེ་སྟེཇ་དུ་ཧྲཱི:་ཐེལ་རྒྱབ་པའམ་ཆ་བྱད་ མེད་ན་སྨྱུག་ཐུར་གྱིས་བྲི་དགོས་པའི་རྟེན་འབྲེལ་བྱེད་པའི་ལུགས་སྲོལ་ཞིག་ཡིན།།
ཧྲཱིཿཐེལ་ཆ་བྱད་ཇི་ལྟར་དགོས་མིན་བསྟན་པ།
ད་ལྟ་བོད་ཀྱི་སྨན་རྩིས་ཁང་དུ་སྤྱོད་བཞིན་པའི་ཧྲཱིཿཐེལ་ཆ་བྱད་འདི་༧རྒྱལ་མཆོག་སྐུ་ཕྲེང༡༣པའི་སྐབས་སུ་གསར་གཏོད་གནང་བ་ཞིག་ཡིན་པར་མངོན་ཏེ་པོ་ཏཱ་ལའི་ཐེམ་སྐས་ལས་་་འབྲི་བྱེད་ཀྱི་སྨྱུ་གུ་ཇི་དགོས་ཉེར་སྤྱོད་རྣམས་ལ་གསལ་ཁ་མི་འདུག་སྟབས།།༧རྒྱལ་ མཆོག་སྐུ་༧གོང་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་གཞུང་ས་ཆེན་པོ་ནས་བོད་ཀྱི་རྫོང་གཞིས་ཁག་ལ་བྱིས་པ་ཉེར་སྤྱོད་ཀྱི་དཔེ་ཡིག་དཔར་འབྲུ་བརྐོས་མ་རེ་བཅས་སྙུག་གི་ཁར་ཧྲཱིཿཡིག་དཔར་འབྲུ་བརྐོས་མ་རེ་བཅས་འགྲེམས་སྩལགནང་ཡོད་འདུག།། [9]ཅེས་གསུངས་འདུག།། ཧྲཱི་ཐེལ་འདི་ཇི་ལྟར་ཡོད་མེད་སྐོར་དགེ་བྱམས་པ་འཕྲིན་ལས་ལགས་ཀྱིས་མཛད་པའི་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་བཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ལས་་་་་་བྱིས་པ་བཙས་རྗེས་བྱིས་པའི་དཔྲལ་བ་དང་ལྕེར་གུར་གུམ་གྱི་ཧྲཱིཿཐེལ་ནི་མཚོན་ བྱེད་སྨན་ཐང་འདི་ཉིད་ཀྱི་དཔེ་རིས་བདུན་ཅུ་དོན་གཉིས་པར་ཡུ་རྐང་ཕྲ་ལ་རིང་ཞིང་རྩེ་མོ་ནས་གྱེན་དུ་སོར་གང་ཙམ་གུག་པའི་དབྱིབས་ ཟླུམ་ཞིང་སྒོར་བ་དཀྱིལ་ཀོང་ཀྱོང་ཡིན་པ་ཞིག་མཚལ་གྱི་ཨང་ཀི་༧༠སྣག་ཚའི་ཡི་གེ་ཧྲི་ཡིག་ལྕེ་ཐེལ་ཞེས་བྲིས་པས་མཚོན།། [10]ཞེས་ གསུངས་འདུག།།ཇི་སྲིད་བྲི་པའི་དབང་དུ་བྱས་ན་འབྲི་བྱེད་རྒྱུ་ཆ་གང་དགོས་སམ་ཞེ་ན་པོ་ཏཱ་ལ་ཡི་ཐེམ་སྐས་ལས་་ཡང་ན་ གསེར་དངུལ་གྱི་སྙུ་གུ་རྩེ་རྣོན་པོ་མིན་པར་བུད་མེད་ཀྱི་ཁྲུལ་ཁྲུལ་ལ་འདོགས་བྱེད་ཀྱི་ཐུར་སྙུག་དེ་གྲས་སམ། སྤུ་པིར། ཡང་ན། བ་སོའམ། ཙན་དནདང་། ཤུག་པ་སོགས་དུག་ཤིང་མ་ཡིན་པའི་ཤིང་སྙུག་ཁ་རིལ་འཇམ་པོ་ཞིག་གིས་བྲིས་ན་འགྲིགས།། [11]ཞེས་གསུངས་འདུག།།
ཧྲཱིཿཐེལ་འདི་གུར་གུམ་ཁོ་ན་མིན་པར་གི་ཝང་དང་ཙན་དཀར་ཆུས་ཀྱང་བྱེད་ཆོག་པར་བསྟན་པ།
གུར་གུམ་འདི་ཡང་རབ་འབྱུང་ན་ཁ་ཆེ་ཤ་ཀམ་ཡིན་ཏེ་པོ་ཏཱ་ལ་ཡི་ཐེམ་སྐས་ལས་་་་་་ གུར་ཀུམ་ཡང་ལེགས་ ཤོས་ནི་ཁ་ཆེ་ཤ་ཀམ་ཡིན་ཅིང་།།དེ་ལ་རྒྱ་གར་བས་ཀ་ཤི་མིར་གེ་སར་ཟེར་བ་བཅས་འཕྲོད་བཤད་ཙམ།། [12]ཞེས་གསུངས་ འདུག། །ཇི་སྲིད་གུར་གུམ་མེད་ན་གི་ཝང་དང་ཙན་དན་དཀར་པོའང་རུང་བར་གསུངས་ཡོད་དེ་གཙང་སྟོད་ཟིན་ཐིག་དང་ཡང་ཐིག་
ལས་་་་ལྕེ་ལ་འགྲི་ཧམ(གི་ཝང)ཧྲཱི:ཡིག་བྲི། [13]ཞེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་སུམ་པ་སྨན་ཡིག་ཕྱོགས་བསྒྲིགསལས་་་
ཙན་དཀར་གུར་གྷི་གླས་ལྕེ་སྟེང་ཧྲཱིཿབྲིས་གླ་རྩི་སྦྲང་མར་སྦྱིན།།[14] ཞེས་གསུངས་སོ།།
བྱིས་པའི་ལྕེ་སྟེང་དྷཱིཿཐེལ་རྒྱག་པའམ་བྲི་སྲོལ་ཡོད་པར་བསྟན་པ།
མན་ངག་པོ་ཏི་དམར་པོའི་པོད༢པ་ལས་་་་ལྕེ་ཐོག་གུར་གུམ་དྷིཿཡིག་བྲི། [15]ཞེས་གསུངས་པ་མ་ཟད་ས་སྐྱའི་གདུང་བརྒྱུད་བླ་མ་ ལའང་དྷཱིཿརྒྱག་པའི་ཕྱག་སྲོལ་ཞིག་ཡོད་པར་བརྟེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་ལའང་དྷཱིཿཐེལ་རྒྱབ་པའི་ལོ་རྒྱུས་མངོན་ཏེ་མཁས་བཙུན་བཟང་པོས་མཛད་པའི་བོད་རྒྱ་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས་་་ཤིང་བྱ་ཟླ་ཚེས་སྤྱི་ལོ་༡༩༤༥ཟླ་ཚེས་ཉི་དྲོས་སྦྲུལ་གྱི་ཆུ་ཚོད་དུས་།སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་ཞེས་ས་སྐྱ་པའི་བསྟན་པའི་མེ་རོ་རྨང་ནས་གསོ་བར་མཛད་གང་དེའི་འཁྲུངས་་ཁང་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དེར །མ་ཡུམ་ལ་ཡོང་་་ཟུག་རྔུ་དྲག་པོ་གང་ཡང་མེད་པར་ངོས་རང་བདེ་བར་བཙས་འདུག།དེ་འཕྲལ་དྲི་བཟང་དང་ཤེས་རབ་རིལ་བུ་བྱིན་རྟེན་ཤིན་ཏུ་རྩ་ཆེན་དུ་མ་དང་མཉམ་དུ་སྦྱར་བའི་ཁུ་བས་ལྕེ་ལ་དྷཱི་ཡིག་འབྲི་བ་་་་སོགས་སྔར་སྲོལ་འཆུག་མེད་མཛད།། [16]ཅེས་གསུངས་པ་མ་ཟད་ཉེ་ཆར་ས་སྐྱའི་འཁོན་གདུང་ཁྲི་འཛིན༤༣པ་ཛྙ་ན་བཛྲ་རིན་ཆེ་མཆོག་ལའང་ སྐྱེས་མ་ཐག་དྷཱིཿཐེལ་རྒྱག་པར་ལོ་རྒྱུས་ནང་གསལ་བ་ཞིག་ཀྱང་མཇལ་མྱོང་།།གང་ལྟར་ངས་ཤེས་རྟོགས་སུ་ས་སྐྱ་གོང་མ་རིན་པོ་ཆེའི་གདུང་བརྒྱུད་ནང་དུ་ཕྱག་ལེན་འདི་མི་ཉམས་པར་བཞུགས་འདུག།།
ཡང་ཧྲཱི:ཐེལ་དྷཱིཿཐེལ་གཉིས་ཀ་མཉམ་དུ་རྒྱག་པའམ་བྲི་སྲོལ་བསྟན་པ།
བོད་ཀྱི་གསོ་རིག་ལས་བྱིས་པ་བཙའ་གསོའི་ཉམས་ཡིག་ཕྱོགས་བསྒྲིགས་ལས་དྲུག་པ་ཆུང་དཔྱད་བདུད་རྩི་བུམ་པ་ལས་་་་སྨྲ་པ་བདེ་ཕྱིར་ གུར་གུམ་ཧྲཱིཿགི་ཝཾ་གིས་དྷཱིཿཡིག་བྲི་བར་བྱ།། [17]ཞེས་གསུངས་པ་ལྟར་ཧྲཱིཿདྷཱིཿགཉིས་ཀ་བཀོད་པ་ཡང་ཡོད་པར་བརྟེན་དགའ་ནོར་རིན་ པོ་ཆེ་ལགས་ཀྱི་བྱིས་པའི་ལྕེ་ཐེལ་ལ་ཧྲཱིཿདྷཱིཿགཉིས་ཀ་བཀོད་པ་གཤམ་གསལ་དཔར་རིས་ལྟར་ཡིན།པོ་ཏཱ་ལའི་ཐེམ་སྐས་ལས་་དྷཱིཿཡིག་ནི་བློ་རྣོ་འབྱུང་ཆེད་དང་།། ཧྲཱིཿཡིག་ནི། ཚེ་བསོད་རྒྱས་ཐབས་ཀྱི་ཆེད་དུ་གཙོ་བོར་བྱས་པ་ཞིག་ཡིན་པར་སྙམ་པས་དེ་གཉིས་ཀ་གང་བྱས་ཀྱང་ འགྲིག།། [18]ཞེས་གསུངས་འདུག།།
ཧྲཱིཿཐེལ་ལྕེ་ཁོ་ན་མིན་པར་དཔྲལ་བ་ལའང་རྒྱབ་པའམ་བྲི་ཆོག་པར་བསྟན་པ།
རྒྱུད་བཞི་ལས་་་་ལྕེ་ཡི་སྟེང་དུ་གུར་ཀུམ་ཧྲཱིཿཡིག་བྲི།། [19]ཞེས་དང་བཻསྔོན་ལས་་་་བྱིས་བཙའ་དཔྲལ་ལྕེར་གུར་ཀུམ་ གྱི་ཧྲཱི་ཐེལ་རྒྱག།། [20]ཅེས་ དང་དེ་བཞིན་ཚེ་རྣམ་རིན་པོ་ཆེའི་དྲང་སྲོང་ཞལ་ལུང་དེབ་དང་པོ་ལས་་་་བྱིས་པ་བཙའ་རྗེས་སུ་བྱིས་པའི་དཔྲལ་བ་དང་ལྕེར་གུར་གུམ་གྱི་ཧྲཱིཿཐེལ་རྒྱག།། [21]ཅེས་གསུངས་འདུག།
ཧྲཱིཿཐེལ་དྷཱིཿཐེལ་རྒྱག་པའམ་བྲི་པའི་ཕན་ཡོན་བསྟན་པ།
དང་པོ། ཧྲཱིཿཐེལ་ཕན་ཡོན་བསྟན་པ།
སྐྱེམ་པ་ཚེ་དབང་གི་སྐྱེམ་འགྲེལ་དེབ་གཉིས་པའི་ལས་་་་་ལྕེའི་སྟེང་དུ་གུར་གུམ་ཧྲཱིཿཡིག་བྲི་བ་ནི། གསུང་གི་ས་བོན་ ཡིན་པས་སྨྲ་མཁས་ཤིང་བློ་གསལ་བར་འགྱུར་བའོ།། [22]ཞེས་དང་དར་མོ་བློ་བཟང་ཆོས་གྲགས་ ཀྱི་མེས་པོའི་ཞལ་ལུང་སྨད་ཆ་ལས་་་དེ་ཡང་ལྕེའི་སྟེང་དུ་གུར་གུམ་གྱིས་ཧྲཱི:ཡིག་འབྲི་བ་ནི།གསུང་གི་ས་བོན་ཡིན་པས་སྨྲ་མཁས་ཤིང་བློ་ གསལ་བར་འགྱུར་བའོ།། [23]ཞེས་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻསྔོན་སྨད་ཆ་ལས་་་སྨྲ་མཁས་པའི་ཕྱིར་ལྕེའི་ཐོག་ཏུ་གུར་ཀུམ་ གྱིས་ཧྲཱི:ཡིག་བྲི། [24] ཞེས་གསུངས་འདུག།
ཚེ་རྣམ་རིན་པོ་ཆེའི་དྲང་སྲོང་ཞལ་ལུང་དེབ་གསུམ་པ་ལས་་་་སྨྲ་མཁས་པའི་ཆེད་དུ་ལྕེ་ཡི་ཐོག་ཏུ་གུར་གུམ་གྱིས་ཧྲཱི:ཡིག་བྲི་བ་སྟེ་ སངས་རྒྱས་ཀྱི་གསུང་གི་ས་བོན་ཡིན་པས་སོ།། [25]ཞེས་དང་གསོ་རིག་ཉེར་མཁོ་གཅེས་བསྡུས་ལས་་་་ གུར་གུམ་ཧྲཱི་ནི་གསུང་གི་ ས་བོན་བྲིས་པས་ སྨྲ་མཁས་ཤིང་ལྕེ་བདེ་བར་འགྱུར་རོ།། [26]ཞེས་གསུངས་འདུག།
བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས་་་་སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ཐོབ་པ་དང་སྨྲ་མཁས་ངག་ནུས་པ་དང་ལྡན་པའི་རྟེན་ འབྲེལ་ཡོད།། [27]ཅེས་དང་པོ་ཏཱ་ལའི་ཐེམ་སྐས་ལས་་ཧྲཱིཿཡིག་ནི། ཚེ་བསོད་རྒྱས་ཐབས་ཀྱི་ཆེད་དུ་གཙོ་བོར་བྱས་པ་ཞིག་ཡིན་པར་ སྙམ།། [28]ཞེས་གསུངས་འདུག།།
པོ་ཏཱ་ལ་ཡི་ཐེམ་སྐས་ལས་་་་་་་་་གསེར་དངུལ་གྱི་སྙུ་གུ་རྩེ་རྣོན་པོ་མིན་པ་བུད་མེད་ཀྱི་ཁྲུལ་ཁྲུལ་ལ་འདོགས་བྱེད་ཀྱི་ཐུར་སྙུག་དེ་གྲས་སམ། སྤུ་པིར། ཡང་ན། བ་སོའམ། ཙན་དན་དང་། ཤུག་པ་སོགས་དུག་ཤིང་མ་ཡིན་པའི་ཤིང་སྙུག་ཁ་རིལ་འཇམ་པོ་ཞིག་གིས་བྲིས་ན་ འགྲིགས།། [29]ཞེས་གསུངས་འདུག།།
གཉིས་པ། དྷཱིཿཐེལ་ཕན་ཡོན་བསྟན་པ།
པོ་ཏཱ་ལའི་ཐེམ་སྐས་ལས་་་དྷཱིཿཡིག་ནི་བློ་རྣོ་འབྱུང་ཆེད་དང་།། [30]ཞེས་དང་མདོ་སྔགས་ཚིག་མཛོད་རིས་མེད་མཁས་པའི་ཞལ་ ལུང་ལས་་་་དྷཱིཿ༼ལེགས་སྦྱར༽༡ བློ་གྲོས། ཤེས་བྱ་མཛོད་ན་གསལ། ༢ འཇམ་དབྱངས་ཀྱི་ས་བོན།། [31]ཞེས་གསུངས་འདུག།།
ཧྲཱིཿདྷཱིཿལྕེ་ཐེལ་གྱི་ཁ་ཕྱོགས་ཇི་ལྟར་དགོས་མིན་ལ་ལུགས་གཉིས་བསྟན་པ།
སྨན་པ་རྣམ་པས་ཧྲཱིཿདྷཱིཿལྕེ་ཐེལ་འདི་ལག་ལེན་གནང་སྐབས་སུ་བྱིས་པའི་ལྕེ་སྟེང་ལྕེ་ཐེལ་རྒྱག་སྟངས་མི་འདྲ་བ་གཉིས་མངོན་པ་གཤམ་གསལ། དང་པོ། ཧྲཱི:དྷཱི:ཡིག་གི་མགོ་གྲེ་ཕུགས་སུ་བསྟན་དགོས་པར་བསྟན་པ།
བླ་སྨན་མཁྱེན་རབས་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ལས་་་ཧྲཱི:ཡིག་གི་མགོ་ལྕེའི་རྩ་བར་བསྟན་ཏེ་པར་ལེགས་པར་བཏབ།། [32]ཅེས་དང་དགེ་དམ་པ་པད་མ་རྡོ་རྗེ་ལགས་ཀྱི་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ་ལས་་་ ལྕེའི་ཐོག་ ཏུ་གུར་གུམ་གྱིས་ཧྲཱི:ཡིག་གི་མགོ་བྱིས་པའི་ལྕེའི་རྩ་བར་བསྟན་ཏེ་པར་ལེགས་པར་བཏབ།། [33]ཞེས་གསུངས་འདུག།དེ་བཞིན་ཉེ་ཆར་ ས་སྐྱ་པའི་ནང་དུ་འང་ཕྱག་སྲོལ་འདི་ཡོད་པ་ཤེས་རྟོགས་འབྱུང་བ་ལྟར་ངོ་དེབ་དང་whatsappབརྒྱུད་ས་སྐྱ་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་བདག་མོ་སྐལ་ལྡན་མཆོག་ལ་འབྲེལ་བ་གནས་སྐབས་སུ་སྤྱི་ལོ༢༠༢༢ཟླ༥ཚེས༡༩ཉིན་དགོངས་ཀ་ཚོུད༦།༤༠ལ་བདག་མོ་ལགས་ནས་སྐྱབས་མགོན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ཞིག་གཏོང་གནང་བར་གཞིགས་ན་ས་སྐྱ་པའི་ནང་དུ་ལྕེ་སྟེང་དུ་དྷཱིཿཡིག་བྲི་བའི་ཕྱག་སྲོལ་འདུག།།དེ་ཡང་དྷཱིཿཡིག་གི་དབྱངས་གི་གུ་ལྕེ་རྩ་དང་འ་ཆུང་ལྕེ་རྩེར་སྟོན་དགོས་ལུགས་བཀའ་གནང་འདུག།།
གཉིས་པ། ཧྲཱི:དྷཱི:ཡིག་གི་མགོ་ལྕེའི་རྩེ་རུ་བསྟན་དགོས་པར་བསྟན་པ།
ཧྲཱིཿདྷཱིཿསྔགས་ཡིག་འདིའི་དབྱངས་གི་གུ་ལྕེའི་རྩེ་དང་འ་ཆུང་ལྕེའི་རྩ་བར་བསྟན་ནས་པར་བཏབ་པའི་ལུགས་ཞིག་ཀྱང་ཡོད་དེ་སྐྱབས་རྗེ་ རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གི་ཕྱག་ལེན་འདི་ལྟར་གནང་བཞིན་ཡོད་པ་ནི་གོང་དུ་རིན་པོ་ཆེའི་ལྕེ་ཐེལ་པར་ལས་ཤིན་ཏུ་ གསལ། མདོར་ན་ལུགས་ཇི་ལྟར་ཡིན་རུང་སྐྱེས་ཆེན་དམ་པ་རྣམ་པའི་ཕྱག་ལེན་ཡིན་པར་བརྟེན་ལུགས་གཉིས་ཀ་རུང་བར་སྙམ་མོ།།
བྱིས་པར་ལྕེ་ཐེལ་ནི་ཨ་མའི་ནུ་ཞོ་མ་སྦྱིན་གོང་དུ་རྒྱག་དགོས་པར་བསྟན་པ།
བྱིས་པ་སྐྱེས་མ་ཐག་ཏུ་ལྕེ་སྟེང་དུ་ཁོག་ཞོའི་དྲེག་པ་རས་དཀར་གཞའ་ཕྲན་ཡོད་པ་ལེགས་པར་ཕྱིས་ཏེ་གུར་ཀུམ་གྱི་ཆུར་སྦངས་ཙམ་བྱེད་དེ་བཙའ་མ་ཐག་པའི་ནུ་ཞོ་མ་བསྣུན་གོང་དུ་ཧྲཱིཿདྷཱིཿལྕེ་ཐེལ་རྒྱག་དགོས་པར་བསྟན་ཏེ་པོ་ཏཱ་ལ་ཡི་ཐེམ་སྐས་ལས་་་རོགས་མའི་འཛུབ་མོ་གཙང་ཞིང་སེན་མོ་རྣོ་མེད་པས་བུའི་རྐན་བཏེག་ལ་མགོ་བོར་སྲིན་བལ་སྣུམ་ཅན་གཡོགས་དེ་ནས་ཨ་མའི་ནུ་ཞོ་ན་སྦྱིན་གོང་སྨྲ་མཁས་འབྱུང་ཕྱིར་བུའི་ལྕེ་སྟེང་གུར་ཀུམ་གྱི་ཧྲཱིཿཡིག་བྲིས་པའི་མཇུག་ཐོག་ཏུ་ས་བདག་ཐུབ་ཕྱིར་གླ་རྩི་རྒྱབ་པའི་ཆུ་ཐུར་མ་གང་བུའི་ཁ་ནང་་བླུད། དེ་ནས་སྦྲང་ རྩི་དང་།།མར་བསྲེས་པ་ཕྲན་ཙམ་ཞིག་སྦྱིན། དེ་ནས་མའི་ནུ་ཞོ་བུའི་ཁར་བསྣུན་ཏེ་སྦྱིན་པར་བྱའོ།། [34]ཞེས་གསུངས་ལྟར་ད་ཆ་ཕྲུ་གུ་ ནང་དུ་སྐྱེ་བསུ་བྱ་རྒྱུ་དཀོན་དུ་སོང་ཡོད་ཙང་ཕྱག་ལེན་འདི་ཚུལ་བཞིན་གནང་དཀའ་མོད་ཀྱང་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་སྨན་པ་མང་ཆེ་བས་འབྱུང་ན་སྐྱེས་མ་ཐག་དང་མ་འབྱུང་ན་ཕྲུ་གུ་སྐྱེས་ནས་ཉིན་ཤས་རྗེས་སུ་ལྕེ་ཐེལ་འདི་རྒྱག་སྲོལ་འདུག།།
སྨྲས་པ་་་་་་་་་ལེགས་ན་བྱིས་པ་བཙའ་ནས་ནུ་ཞོ་མ་བསྣུན་གོང་།། ལྕེ་ཡི་ཁོག་ཞོ་ཕྱིས་ཏེ་ལྕེ་ཐེལ་ལེན་སྟངས་གཉིས།།
དབྱངས་ཡིག་ལྕེ་རྩེར་བསྟན་པ་རྫོགས་ཆེན་དགའ་ནོར་ལུགས།། དབྱངས་ཡིག་ལྕེ་ཕུགས་བསྟན་པ་ས་སྐྱ་གོང་མའི་ལུགས།།
མཁས་པས་ཧྲཱིཿཐེལ་ལེན་ས་ལྕེ་དང་དཔྲལ་བར་བཤད།།
རྒྱ་གར་སྲོལ་རྒྱུན་དུའང་ལུགས་སྲོལ་འདི་ལྟར་ཞིག་ཡོད་པར་བསྟན་པ།
རང་རེ་ལྕེ་ཡི་ཧྲཱིཿཐེལ་གྱི་རྟེན་འབྲེལ་ཆོ་ག་ལྟར་རྒྱ་གར་ཧིན་དུ་ཆོས་ལུགས་པས་ཕྲུ་གུ་མངལ་དུ་ཡོད་པ་ནས་ཤི་བའི་བར་དུ་སོ་ལ་སནྶ་ཀར (16 sanskar)ཞེས་པ་ཞིག་བཤད་པའི་ནང་གི་བཞི་པ་Jatakarmaདང་ལྔ་པ་Namakaranaགཉིས་ཚེ་ཡི་རིག་བྱེད་ནང་དུའང་ གསུངས་འདུག།།འདི་བཞིན་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་སྙིང་པོ་བསྫུས་པ་ནང་དུ་འང་Jatakarmaདང་Namakaranagགཉིས་བཀོད་འདུག།།སྐབས་སུ་བབས་པ་Jatakarmaནང་དུ་རང་རེ་ལྕེ་ཐལ་ཆོ་ག་ལྟར་གསེར་དང་སྐྱུ་རུ་ར་སོགས་ཀྱི་ཕྱེ་མ་སྦྲང་རྩི་དང་ཞུན་མར་མཉམ་དུ་བསྲེས་པའི་ལྡེ་གུ་བྱིན་ན་བློ་རིག་ཚེ་སྟོབས་འཕེལ་བར་བཤད་དོ།།དཔེ་གཞུང་དུ་མེད་ཀྱང་རྒྱ་གར་མཁས་པ་ཁ་ཤས་ཀྱིས་ལྩེ་ལ་གོང་གིས་ལྡེ་གུ་ཡང་ན་གསེར་ཐུར་གྱིས་བྱིས་པའི་ལྕེ་སྟེང་དུ་ཨོྂ(ॐ)འབྲི་བའི་ལུགས་སྲོལ་ཞིག་འདུག།།ཡན་ལག་བརྒྱད་པ་ གནས་དྲུགཏུ་དབྱེ་བ་ལས་གནསདྲུག་པ་ཕྱི་མའི་གནས(Uttarasthana)ནང་དུ་Jatakarmaགསལ་ཡོད་པ་ལ་སློབ་དཔོན་དཔའ་བོས་རང་འགྲེལ་ལས་་་་བྱིས་པ་བཙའ་བའི་ལས།། [35]ཞེས་གསུངས་འདུག།།
འགྲོ་ཕན་སྨན་རྩིས་ཁང་དུ་ལྕེ་ཡི་ཧྲཱིཿཐེལ་ཕྱག་ལེན་འདི་ཉམས་པ་སླར་གསོ་གནང་དགོས་པའི་འབོད་བསྐུལ།།
སྔ་མོ་ཡིན་ན་མི་མང་ནང་དུའང་གོ་རྟོགས་ཡོད་ཙང་བོད་པའི་ཕྲུ་གུ་སྐྱེས་མ་ཐག་ལྩེ་ཐེལ་རྒྱག་ཆེད་དུ་སྨན་པ་ནང་དུ་གདན་དྲངས་པ་དང ་ཡང་ན་ཉིན་ཤས་རྗེས་ཡན་ལག་སྨན་ཁང་དུ་ལྕེ་ཐེལ་རྒྱག་ཆེད་དུ་ཕ་མས་ཕྲུ་གུ་མ་འབྱར་འཁྱེར་ཡོང་བ་གཞི་ཆགས་ཁག་ཏུ་མཇལ་མྱོང་།།ད་ཆ་མི་ཐོག་གསར་པའི་ནང་དུ་ལམ་སྲོལ་བཟང་པོ་འདི་འདྲ་རིགས་ཡོད་པ་ཤེས་རྟོགས་མེད་ཙང་ལྕེ་ཡི་ཧྲཱིཿཐེལ་རྒྱག་མཁན་ཡང་མེད།།དེ་ལ་བརྟེན་ན་ཡན་ལག་གསར་པ་རྣམས་སུ་ལྕེ་ཡི་ཧྲཱིཿཐེལ་གྱི་ཆ་བྱད་ཡང་མེད་པ་སོང་འདུག།།འཇིག་རྟེན་འདི་ནང་དུ་ཕ་མ་རང་རང་སོ་སོའི་ཕྲུ་གུ་ལ་བརྩེ་བ་་མེད་པ་དང་ངའི་ཕྲུ་གུ་འདི་སྨྲ་བདེ་ལ་བློ་རིག་མཐོ་ཞིང་ཚེ་སྟོབས་ལྡན་པར་མི་འདོད་མཁན་སུ་ཡང་མེད་སྟབས་ང་ཚོའི་སྨན་ རྩིས་ཁང་ནས་ལུགས་སྲོལ་འདི་འདྲ་ཞིག་ཡོད་པ་གོ་རྟོགས་སྤེལ་དགོས་པ་ཞིག་འདུག།།ལྕེ་ཡི་ཧྲཱིཿཐེལ་འདི་ལ་བརྟེན་ནས་མ་འོངས་པ་དོ་སྣང་ཅན་རྣམས་པས་བྱིས་པ་ཉེར་སྤྱོད་ཡོངས་རྫོགས་སླར་གསོ་ཐུབ་མི་སྲིད་པ་ཞིག་མིན་སྙམ།།གྲོང་ཁྱེར་ཡོད་པའི་ཡན་ལག་ནས་ཀྱང་ལྕེ་ཡི་ཧྲཱིཿ ཐེལ་གྱི་ཕན་ཡོན་སྐོར་རི་མོ་དང་བཅས་དབྱིན་སྐད་དུ་འགྲེལ་བརྗོད་ཕན་ཡོན་ཅུང་ཙམ་བཀོད་ཐུབ་ན་རྒྱ་གར་ནད་པ་སྲོལ་རྒྱུན་རིགས་པ་ དགའ་མོས་བྱེད་བཞིན་པས་ན་ལྕེ་ཡི་ཧྲཱིཿཐེལ་འདི་ལག་ལེན་དུ་ཡོང་སྲིད་དོ་སྙམ་ནས་ངས་དབྱིན་ཡིག་ཏུ་བསྒྱུར་ནས་སྨན་ཁང་ནང་དུ་བཞག་འཆར་བྱེད་བཞིན་པའི་སྒང་ཡིན།།བོད་ཀྱི་གསོ་བ་རིག་པའི་ནང་དུ་གསལ་བའི་བྱིས་པ་ཉེར་སྤྱོད་གལ་འགངས་སུ་གཟིགས་ནས་༧རྒྱལ་ བའི་སྐུ་ཕྲེང༡༣པས་བཀའ་ཕེབས་ལྟར་མཁྱེན་རབ་ནོར་བུ་དང་རྒན་ཐུབ་དབང་ལ་སོགས་པས་འབད་བརྩོན་གནང་འདུག།།མ་ཟད་བཀུར་འོས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་སློན་ཁྲི་པ་གནང་བའི་སྐབས་སུ་བཀའ་ཤག་གསར་པའི་ལས་འཆར་གསུང་བཤད་ནང་།།བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་ལམ་ནས་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་ཀྱི་ལན་ལེན་ཁག་སྤྱི་ཚོགས་ཁྲོད་ ཁྱབ་བརྡལ་དུ་གཏོང་དགོས་པའི་ལམ་སྟོན་གནང་འདུག།།དེ་ལ་བརྟེན་ནས་སྨན་རྩིས་ཁང་ནས་མ་དང་བྱིས་པའི་འཕྲོད་བསྟེན་ཟེར་བའི་ལས་གཞི་འགོ་བཙུག་འདུག།།འདི་བཞིན་གོ་རྟོགས་ཆེད་དུ་སྨན་པ་དགེ་འདུག་འཇམ་དབྱངས་རྒྱ་མཚོས་བྱིས་པ་ཉེར་སྤྱོད་ཀྱི་འབེལ་གཏམ་ཟེར་བ་ཞིག་དང་རྒན་དམ་པ་པད་མ་རྡོ་རྗེས་ལགས་ཀྱིས་ཀྱང་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ་ཟེར་བ་གཉིས་པར་སྐྲུན་འགྲེམ་སྤེལ་གནང་འདུག།།
དཔྱད་གཞི་ཡིག
༡༽གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་དཔལ་ལྡན་རྒྱུད་བཞི།
༢༽བཻསྔོན་སྨད་ཆ་་་་སྤྱི་ལོ་༡༩༩༤ལོར་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན
༣༽མེས་ཞལ་སྨད་ཆ། སྤྱི་ལོ་༡༩༩༢ལོར་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན
༤༽སྐྱེམ་འགྲེལ་དེབ་གཉིས་པ་་་་་སྤྱི་ལོ་༡༩༩༧ལོར་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན
༥༽དྲང་སྲོང་ཞལ་ལུང་དེབ་གསུམ་པ་་་་སྤྱི་ལོ་༢༠༠༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན
༦༽བོད་ཀྱི་གསོ་རིག་ལས་བྱིས་པ་བཙའ་གསོའི་ཉམས་ཡིག་ཕྱོགས་བསྒྲིགས་་་སྤྱི་ལོ་༢༠༡༨ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༧༽སུམ་པ་སྨན་ཡིག་ཕྱོགས་བསྒྲིགས་་་་ཨ་རུ་ར་དེབ་ཕྲེང་༥༤སྤྱི་ལོ་༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན
༨༽བོད་ཀྱི་གསོ་རིག་དཔེ་རྙིང་ཕྱོགས་སྒྲིག་གངས་རིའི་དཀར་པོའི་ཕྲེང་བའི་དེབ་ཕྲེང༤གསོ་རིག་ཉེར་མཁོ་གཅེས་བསྡུས་་་་སྤྱི་ལོ་༢༠༠༠
ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༩༽བླ་སྨན་མཁྱེན་རབས་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་་་་སྤྱི་ལོ་༢༠༠༡་ལོར་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན།
༡༠༽བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་་་་་སྤྱི་ལོ་༡༩༨༩ལོར་བཀྲ་ཤིས་དབང་འདུས་ལགས་
ཀྱིས་བསྒྲིགས་པའི་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༡༽མན་ངག་པོ་ཏི་དམར་པོ་པོད་༢་་་་ཨ་རུ་ར་དེབ་ཕྲེང༦༣་་་སྤྱི་ལོ་༢༠༡༠ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༡༢༽དགེ་བྱམས་པ་འཕྲིན་ལས་ལགས་ཀྱིས་མཛད་པའི་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་བཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་་་་
སྤྱི་ལོ་༢༠༠༦ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན
༡༣༽དགེ་པད་མ་རྡོ་རྗེ་ལགས་ཀྱིས་མཛད་པའི་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ།་་་སྤྱི་ལོ༢༠༠༣ལོར་བོད་
གཞུང་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན།
༡༤༽བོད་ཀྱིསྔར་སྲོལ་བྱིས་པ་སྐྱེ་གསོ་བྱ་ཚུལ་པོ་ཏཱ་ལ་ཡི་ཐེམ་སྐས།་་་་སྤྱི་ལོ༡༩༩༨ལོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན།།
༡༥༽མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་། བོད་གཞུང་ཤེས་རིག་པར་ཁང་ནས་སྤྱི་ལོ༢༠༠༥ལོར་
དཔར་དུ་བསྐྲུན།།ཤ
༡༦༽གནས་ལྔ་རིག་པའི་པཎྜི་ཏ་མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གི་རྣམ་ཐར་བཻཌཱུར་སྔོན་པོའི་རང་མདངས། སྤྱི་ལོ༢༠༠༦ཟླ༦པར་ཀྲུང་གོའི་ བོད་རིག་པ་དཔེ་སྐྲུན་ཁང་། ལབ་ཕན་འདུམ་བློ་གྲོས་ཀྱིས་བརྩམས།
༡༧༽ཧྲཱིཿདྷཱིཿལྷན་དུ་ཡོད་པའི་ལྕེ་ཐེལ་སྐུ་པར་འདི་ཡོངས་ཁུངས་སྦེང་ལོར་སྨན་དགེ་བསྟན་འཛིན་ཡེ་ཤེས་དང་ཏི་ཇུ་ཡན་ལག་སྨན་པ་འགན་འཛིན་པད་མ་ཚེ་མཚོ་ལགས་རྣམ་གཉིས་ནས་འབྱུང་།།
[1] བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ཤོག༢༤༢ཡིག༤ལས་་་
[2] ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ལས་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ཤོག༢༤༡ཡིག༡༣ ལས་་་་
[3] བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་ནང་གསལ།།
[4] བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ཆོས་སྤྱོད་ཤོག་༢༤༡ཡིག༡༠ལས་་་་་
[5] རྣམ་ཐར་བཻཌཱུར་སྔོན་པོའི་རང་མདངས་ཤོག་གྲངས་༩ཕྲེང༡༦ལས་
[6] བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ཤོག༢༤༧ཡིག༡༡ལས་་་་་་
[7] བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ཤོག༢༤༢ཡིག༤ལས་་་་་་
[8] མན་ངག་རྒྱུད་ཀྱི་ལེའུ༧༡བྱིས་པ་ཉེར་སྤྱོད་ལས་་་་་་་་་་་
[9] པོ་ཏཱ་ལའི་ཐེམ་སྐས་ཤོག༡༢ཕྲེང༡༢ལས་་་་་་་་་
[10] དགེ་བྱམས་པ་འཕྲིན་ལས་ལགས་ཀྱིས་མཛད་པའི་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་བཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ཤོག་༥༢༡ ཡིག༢༣ལས་་་་་
[11] པོ་ཏཱ་ལ་ཡི་ཐེམ་སྐས་ཤོག༡༣ཕྲེང༡ལས་་་་་་་་་
[12] པོ་ཏཱ་ལ་ཡི་ཐེམ་སྐས་ཤོག༡༣ཕྲེང༥ལས་་་་
[13] གཙང་སྟོད་ཟིན་ཐིག་དང་ཡང་ཐིག་ ཤོག༣༥༤ཡིག༡༡ལས་་་་་་་་་་་་
[14] སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་སུམ་པ་སྨན་ཡིག་ཕྱོགས་ བསྒྲིགས་ཀྱི་ཤོག༣༢༨ཡིག༡༢ལས་་་་་་
[15] མན་ངག་པོ་ཏི་དམར་པོའི་པོད༢ཤོག༩༩༥ཡིག༢ལས་་་་་་་་་
[16] མཁས་བཙུན་བཟང་པོས་མཛད་པའི་བོད་རྒྱ་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས་པོད༡༠ལས་་
[17] ཆུང་དཔྱད་བདུད་རྩི་བུམ་པའི་ཤོག༩༥ཡིག༡༨ལས་་་
[18] པོ་ཏཱ་ལའི་ཐེམ་སྐས་ཤོག༡༢ཕྲེང༢༠ལས་་་་་་་་་་་་
[19] མན་ངག་རྒྱུད་ཀྱི་ལེའུ༧༡བྱིས་པ་ཉེར་སྤྱོད་ལས་་་་་་་་་་་
[20] བཻསྔོན་སྟོད་ཆ་ཤོག༣༦༤ཡིག༡༥ལས་་་་
[21] ཚེ་རྣམ་རིན་པོ་ཆེའི་དྲང་སྲོང་ཞལ་ལུང་དེབ་དང་པོའི་ཤོག༥༩༥ཡིག༢༠ལས་་་་་་་་་
[22] སྐྱེམ་པ་ཚེ་དབང་གི་སྐྱེམ་འགྲེལ་དེབ་གཉིས་པའི་ཤོག༢༨༨ཡིག༡༢ལས་་་་
[23] དར་མོ་བློ་བཟང་ཆོས་གྲགས་ ཀྱི་མེས་པོའི་ཞལ་ལུང་སྨད་ཆ་ཤོག༢༩༢ ཡིག༡༡ལས་་་
[24] སྡེ་སྲིད་སངས་རྒྱས་ རྒྱ་མཚོའི་བཻསྔོན་སྨད་ཆ་ཤོག༨༡༨ཡིག༡༡ལས་་་
[25] ཚེ་རྣམ་རིན་པོ་ཆེའི་དྲང་སྲོང་ཞལ་ལུང་དེབ་གསུམ་པ་ཤོག༢༡༤ཡིག༡༡ལས་་་
[26] བོད་ཀྱི་གསོ་རིག་དཔེ་རྙིང་ཕྱོགས་སྒྲིག་གངས་རིའི་དཀར་པོའི་ཕྲེང་བའི་དེབ་ཕྲེང༤གསོ་རིག་ཉེར་མཁོ་གཅེས་བསྡུས་༣༤༣ཡིག༩ལས་་་་
[27] བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ཤོག༢༤༣ཡིག༡༣ལས་་་་་་་་་་་་་་
[28] པོ་ཏཱ་ལའི་ཐེམ་སྐས་ཤོག༡༢ཕྲེང༢༠ལས་་་་་་་་
[29] པོ་ཏཱ་ལ་ཡི་ཐེམ་སྐས་ཤོག༡༣ཕྲེང༢ལས་་་་་་་་
[30] པོ་ཏཱ་ལའི་ཐེམ་སྐས་ཤོག༡༢ཕྲེང༡༩ལས་་་་་་་་་་་་་་་
[31] སྒོམ་སྡེ་མདོ་སྔགས་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་ཤོག༣༣༧ཕྲེང༡༨ལས་་་་
[32] བླ་སྨན་མཁྱེན་རབས་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ཤོག༢༤༣ཡིག༡༢ལས་་་
[33] དགེ་དམ་པ་པད་མ་རྡོ་རྗེ་ལགས་ཀྱི་སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱའི་ཤོག༥༥ཡིག༡༠ལས་་
[34] པོ་ཏཱ་ལ་ཡི་ཐེམ་སྐས་ཤོག་༡༢ཡིག་ཕྲེང༡༠ལས་་་་་་་་་་་
[35] སློབ་དཔོན་དཔའ་བོས་རང་འགྲེལ་ཤོག་༨༤༩ཕྲེང༨ལས་་་