ཉིན་འགའི་སྔོན་དུ་ཕྱིན་པའི་འཁྱག་ཕུག
ཀླུ་སྨྱོན།
ཉིན་འགའི་སྔོན་ཐེ་ཝན་ནས་ཕེབས་པའི་གྲོགས་པོ་ཞིག་གིས་གཙོས་པའི་ངེད་ཅག་མི་ལྔ་དྲུག་ཅིག་རླངས་འཁོར་བསྐོར་ཏེ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་ལུང་གཞུང་ཞིག་ཏུ་བསྐྱོད། ལམ་བར་དུ་ལྗང་མདོག་གི་ལྗོན་ཤིང་དང་ཁྲ་ཆིལ་གྱི་མེ་ཏོག ཞིང་གྲོང་གི་ལྷིང་འཇགས་ནས་སྨུག་སྤྲིན་གྱི་རྒྱུ་འགྲོས་སོགས་མཐོང་སྟེ་ཟླ་བ་གཅིག་གི་རིང་ལ་བསགས་པའི་གྲོང་ཁྱེར་གྱི་ངལ་དུབ་ཡོད་ཚད་རྨངས་ནས་སངས་ཤིང་། རང་ཉིད་གནས་སའི་ས་ཆ་འདིའི་རང་བྱུང་ལྷུན་གྲུབ་ཀྱི་མཛེས་ལྗོངས་དེ་ཐག་རིང་ནས་ཕེབས་པའི་གྲོགས་པོར་ངོམ་སྟོན་ཐེངས་ཤིག་བྱེད་ཐུབ་སོང་བར་དགའ་སྤོབས་ཏོག་ཙམ་ཞིག་ཀྱང་སྐྱེས་སོང་།
རི་ཁུག་ཅིག་ཏུ་འབྱོར་རྗེས་རླངས་འཁོར་ལས་བབས་ཏེ་ཞོགས་ལྗོངས་ལ་མྱོང་རོལ་བྱེད་བཞིན་འདྲ་པར་བླངས་པ་དང་ཟ་མ་ཟོས། ངེད་ཅག་དང་འདྲ་བར་ཕྱོགས་གང་ས་ནས་བསླེབས་པའི་ལྗོངས་རྒྱུ་བ་དག་གིས་ཀྱང་ཁོར་ཡུག་འདིའི་མཛེས་ལྗོངས་ལ་བསྔག་བརྗོད་བྱེད་བཞིན་གང་སར་སྤྲོ་འཆམ་བྱེད། གཡས་གཡོན་གྱི་རི་ཚོགས་ནི་བསྐལ་པ་སྟོང་གི་བྲག་རྡོ་ལས་གྲུབ་པ་དང་། དེ་དག་གི་མཐོ་ས་རུ་གངས་དཀར་གྱི་འདབ་མས་བཀབ་ཡོད་ལ། རི་འདབས་དེར་ལོ་ངོ་ཁྲི་ཕྲག་དུ་མའི་སྔོན་ནས་རྒྱུན་མར་བསགས་པའི་འཁྱག་ཀླུང་ཆེན་པོ་ཞིག་ཡོད་པའི་འདབས་སུ་གོ་ལའི་ཚ་དྲོད་དང་དབྱར་ཁའི་གནམ་གཤིས་ཀྱིས་བཞུས་པའི་འཁྱག་ཕུག་ཆེན་པོ་ཞིག་ཡོད་པའི་སྒོ་རུ་ཡུལ་སྐོར་བ་རྒན་རྒོན་དང་དར་མ། བྱིས་པ་སྐོར་དང་སྐོར་བྱས་ནས་འདྲ་པར་རྒྱག་པ་དང་འཁྱག་ཆུ་བཏུང་བ་སོགས་ཀྱིས་བྲེལ་བ་འཚུབ་འཚུབ་བྱེད། རི་སྐེད་ནས་དར་དཀར་བརྐྱངས་འདྲའི་རྦབ་ཆུ་དག་ཀྱང་ཐུར་དུ་འབབ་བཞིན་འདུག་ཅིང་། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ། འདི་ནས་རྒྱ་མཚོ་ཆེན་པོ་བརྒལ་ན་མ་གཏོགས་མི་བསླེབས་པའི་ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་སྙན་གྲགས་ཅན་རྒྱ་གར་འཕགས་པའི་ཡུལ་དུ། བཅོམ་ལྡན་འདས་ཀྱིས་སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་རྦབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་གསུངས་ཡོད།
ངེད་ཅག་ཀྱང་འཁྱག་ཕུག་དེའི་སྒོ་འགྲམ་དུ་སོང་སྟེ་གྲོགས་པོ་མཉམ་རུབ་ཀྱི་འདྲ་པར་རེ་བརྒྱབ་ཅིང་། མཐོ་སྒང་གི་མི་རིགས་ཡིན་པའི་ཁྱད་ཆོས་ངོམ་ཆེད་འཁྱག་ཀླུང་དེའི་གཡས་གཡོན་གྱི་ངོས་ནས་གྱེན་དུ་གོམ་བགྲོད་ཏོག་ཙམ་རེ་ཡང་བྱས་པ་ཡིན། འཁྱག་ཕུག་ནས་ཐག་མི་རིང་བའི་སར་མེ་ཏོག་སྣ་ཚོགས་སྐྱེས་ཡོད་སར་ཡང་གྲོགས་པོ་མཉམ་འཛོམ་གྱི་འདྲ་པར་གང་མང་ཞིག་བསྐྱོན་ཅིང་། གོ་སྐབས་ཤིག་བཙལ་ནས་རྩྭ་དང་མེ་ཏོག་གི་ཁྲོད་དུ་གཅིན་པ་རེ་ཡང་བཏང་བ་ཡིན་ལ་དེས་སྣང་བ་སྐྱིད་པོ་དཔེ་མེད་རེ་ཡང་བྱུང་། རྒྱུ་མཚན་ནི་གྲོང་ཁྱེར་གྱི་དཀྱིལ་ནས་འབྲོག་པའི་རྩྭ་ཐང་དུ་གཅིན་སྐྱག་གང་དགར་གཏོང་ལོབ་ཏུ་ཕྱིན་པའི་མཇེ་དང་སྐྱག་ཁུང་ཡང་བཙོན་དུ་བཅུག་ནས་ལོ་མང་ཕྱིན་པས་ཡིན། ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལུང་གཞོང་དེའི་སྨད་དུ་ཕྱིན་ནས་འཁྱག་སྤྲི་རེ་ཟོས་རྗེས་རང་ཉིད་གང་དུ་སྡོད་སའི་གྲོང་ཁྱེར་དུ་ཕྱིར་ལོག་པ་དང་། དེ་ནས་ཉིན་འགའ་འགོར་བའི་དེ་རིང་སྔ་དྲོར་ངོ་ཤེས་ཤིག་གི་ཁ་ནས། ཁ་སང་ངེད་ཅག་ཉིན་འགའི་སྔོན་ཕྱིན་པའི་འཁྱག་ཕུག་དེ་བརྡིབས་ནས་ཡུལ་སྐོར་བ་བུ་མོ་ཆུང་ཆུང་ཞིག་བསད་ཚུལ་ཐོས། སྙིང་རྗེ། ལོ་ངོ་སྟོང་ཕྲག་གི་འཁྱག་ཕུག་དེས་མི་ཚེའི་མེ་ཏོག་འདབ་ལག་གྲོལ་ཙམ་གྱི་བུ་མོ་ཆུང་ཆུང་ཞིག་གི་མི་ཚེ་འཇིག་རྟེན་འདི་ནས་བསྡུས་སོང་བ་རེད། བུ་མོ་ཆུང་ཆུང་དེ་ལ་ཕ་མ་གཉིས་ཡོད་པ་དང་། ཕ་མ་དེ་གཉིས་ཀྱིས་རང་གི་མིག་གི་མཐོང་སར་ཁོག་པའི་སྙིང་ལྟ་བུའི་རང་གི་བུ་མོ་དེ་ལྟར་བརྩེ་བ་མེད་པའི་རང་བྱུང་ཁམས་ཀྱིས་འཇིག་རྟེན་འདི་ནས་གཏན་བྲལ་བྱེད་དུ་བཅུག་པ་དེ་མཐོང་བཟོད་དམ། སྙིང་རྗེ།
ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ་ཁོ་བོ་རྒྱ་གར་རྡེ་ར་རྡུན་དུ་ཡོད་དུས་ཀྱང་ལོ་ངོ་བརྒྱ་ཕྲག་དུ་མའི་ཤིང་སྟོང་ཆེན་པོ་ཞིག་སྦག་སྦག་བཞོན་ནས་རླུང་ལྟར་རྒྱུགས་བཞིན་པའི་ཕོ་གསར་གཉིས་ཀྱི་སྟེང་དུ་འགྱེལ་ནས་གྲོག་མ་གཅུར་བ་བཞིན་བསད་པའི་རྗེས་ཤུལ་མཐོང་མྱོང་ཞིང་། འདི་ལྟར་ལས་ཀྱི་དབང་གིས་ཐེར་ཟུག་ཏུ་གནས་པའི་དངོས་པོ་དག་གིས་སྲོག་དབུགས་ལྡན་ཞིང་གཡོ་འགུལ་བྱེད་པའི་འགྲོ་བ་སེམས་ཅན་དག་གི་ཚེ་སྲོག་དབང་མེད་དུ་འཕྲོག་པའི་སྣང་ཚུལ་འདིས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་པ་དེ་ཡང་དྲན་པར་བྱེད་དོ།།
ཨ་ཁ། དཀོན་མཆོག་གིས་སྐྱོབས།
ཀླུ་སྨྱོན་ལགས་ཀྱིས། ་་་་། གཡས་གཡོན་གྱི་རི་ཚོགས་ནི་བསྐལ་པ་སྟོང་གི་བྲག་རྡོ་ལས་གྲུབ་པ་དང་། །་་་ ཞེས་གསུངས་པ་དེ་ཡི་ནང་གི་བསྐལ་པ་གཅིག་ལ་མི་ལོ་ག་ཚད་ཙམ་ཡོད་པ་དྲྭ་གྲོགས་སུས་གསུངས་ཐུབ་བམ།
ཡག་པོ་འདུག
བུ་མོ་ཆུང་ཆུང་དེ་སྔོན་ལས་ཡིན་ཀྱང་འཕྲལ་རྐྱེན་ནི། དེས་གཡས་གཡོན་ཡར་མར་བལྟས་ནས། དབུ་མའི་ལམ་ལ་མ་ཕྱིན་པས་ལེན་པ་མིན་ནམ། ?????????????????????????????
སྤྲུལ་བའི་སྐུ་རིན་པོ་ཆེ་་་ ཨ་ལགས་ཀླུ་སྨྱོན་ལགས།
བུ་མོ་ན་ཆུང་མ་དེའི་མགོ་ཐོག་ལ་འཆི་བ་མི་རྟག་པ་སླེབས་པའི་གནས་ཚུལ་ངོ་སྤྲོད་དང་ལྷན་སྙིང་རྗེ་འི་ཐུགས་དམ་ནི་ལེགས་མོད་ཀྱང་།
འཁྱག་ཀླུང་དང་དེའི་ཉེ་འཁོར་དག་ནི་ལོ་ངོ་དུང་ཕྱུར་སྟོང་ཕྲག་སྟོང་ཕྲག་དྲུག་བཅུ་ལྷག་གི་བྲག་རྡོ་ལས་གྲུབ་པ་ཞིག་ཨེ་ཡིན་ནམ།
ཨ་ལགས་ལགས། ཕྱག་མྭོ་ཅིག་གཟིགས་གནང་དང་།
གོང་གི་ལོ་གྲངས་དེ་ནི་བསྐལ་བ་གཅིག་ལ་ལོ་དུང་ཕྱུར་དྲུག་བཅུའི་རྩིས་གཞིར་བྱས་པ་ཡིན།
དབུ་མའི་ལམ་པ་ཀརྨ་རྡོ་རྗེ་ང་། །
དྲྭ་གྲོགས་ཀླུ་སྨྱོན་ང་ངོ་མི་ཤེས་མཚར། །
གཏོང་ས་ནོར་འདུག་དགོངས་དག
ཀླུ་སྨྱོན་བླ་མ་རྩ་སྨྱོན་ཆགས་ནས་རྩོམ་གང་ཞིག་བྲིས་ཀྱང་བྷ་ག་དང་ལིང་ག་མ་གཏོགས་གླིང་རྒྱུ་མི་འདུག་དྲྭ།གྲོགས་ཚོ་དེ་ལས་བོད་ཀྱི་ཆོས་དང་རིགས་གཞུང་ལ་ཕན་པའི་དཔྱད་རྩོམ་རེ་བྲིས་ན་ཕན་མི་ཆེ་འམ།།