གཞུང་པ་ཚེ་དབང་བསོད་ནམས།
སྤྱི་ལོ་ ༡༩༦༠ སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ནས་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅུ་པ་བར་མང་གཙོ་སྤྱིའི་ལམ་ལུགས་དང་མཐུན་པའི་འཛིན་སྐྱོང་སྡེ་ཚན། ༼ Executive ༽ དང་། ཁྲིམས་བཟོའི་སྡེ་ཚན། ༼ Legislature ༽ དང་། ཁྲིམས་ལུགས་དབང་འཛིན་སྡེ་ཚན། ༼ Judiciary ༽ བཅས་སྡེ་ཚན་གསུམ་ཟུར་དུ་མེད་ན་ཡང་སྤྱི་འཐུས་ཚོ་ལྷན་ཁང་སོ་སོར་བགོ་ཤ་རྒྱབ་ནས་ཕྱག་ལས་གནང་བ་དང་། རིམ་པས་རྒྱུན་ལས་ཀྱིས་ངོ་བོའི་ཐོག་ནས་ཕྱག་ལས་གནང་ནས་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་ལ་འཚམས་གཟིགས་གནང་སྐབས་བཀའ་སྤྱི་མཉམ་དུ་འཚམས་གཟིགས་གནང་བཞིན་པ་བཅས་དེ་དག་ནི་བཅའ་ཁྲིམས་ཀྱིས་ལམ་སྟོན་མེད་པའི་དུས་སྐབས་ནང་ཆེས་མཐོའི་རྒྱུན་ལས་ཀྱིས་ཐག་གཅོད་འོག་ནས་མང་གཙོའི་སྒྲིག་འཛུགས་ལ་འགན་འཁུར་བའི་བར་བརྒལ་གྱིས་དུས་སྐབས་ཞིག་ཡིན་པ་དང་། སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ནས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོ་སྡེ་ཚན་། ༼ Legislature ༽ དང་། འཛིན་སྐྱོང་སྡེ་ཚན། ༼ Executive ༽ དང་། ཁྲིམས་ལུགས་དབང་འཛིན་སྡེ་ཚན། ༼ Judiciary ༽ བཅས་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་བཅའ་ཁྲིམས་ནས་ངོ་སྤྲོད་གསལ་པོ་གནང་ཡོད་པ་འདི་ལྟར། བཅའ་ཁྲིམས་ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན། དོན་ཚན་བཅུ་དགུ་པ། འགན་འཛིན་གྱི་དབང་ཆ། ཟེར་བ་ནས་དོན་ཚན་སུམ་ཅུ་བར་དོན་ཚན་བཅུ་གཉིས་ཡོད་པ་འདི་དག་བཅའ་ཁྲིམས་ནས་བསྐུར་བའི་འཛིན་སྐྱོང་གི་འགན་དབང་ཡིན་པ་ནས་འཛིན་སྐྱོང་གིས་ཕྱག་ལས་ག་འདྲ་ཞིག་གནང་གི་ཡོད་རུང་དོན་ཚན་འདི་དག་བརྒྱུད་ནས་གནང་དགོས་པ་དང་། བཅའ་ཁྲིམས་ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ་། ཟེར་བ་ནས་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུ་བར་དོན་ཚན་ཉི་ཤུ་རྩ་བཞི་ཡོད་པ་འདི་དག་བཅའ་ཁྲིམས་ནས་བསྐུར་བའི་ཁྲིམས་བཟོའི་འགན་དབང་ཡིན་པ་ནས་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་དང་སྒྲིག་གཞི་ག་འདྲ་ཞིག་གཏན་འབེབས་གནང་གི་ཡོད་རུང་བཅའ་ཁྲིམས་ཀྱིས་དོན་ཚན་འདི་དག་བརྒྱུད་ནས་གནང་དགོས་པ་དང་། བཅའ་ཁྲིམས་ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། དོན་ཚན་རེ་གཉིས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་། ཟེར་བ་ནས་བཅའ་ཁྲིམས་དོ་ཚན་རེ་དགུ་བར་དོན་ཚན་བརྒྱད་ཡོད་པ་དེ་དག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ཡིན་པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ལུགས་དང་འབྲེལ་བའི་ཐག་གཅོད་ག་འདྲ་ཞིག་གནང་གི་ཡོད་ཀྱང་བཅའ་ཁྲིམས་ཀྱིས་དོན་ཚན་འདི་དག་བརྒྱུད་ནས་གནང་དགོས་པ་བཅས་མང་གཙོའི་ཀ་བ་གསུམ་ནས་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཁག་དུས་ཐོག་སྒྲུབ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་ཡིན་པ་འདི་ལྟར། དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན། བོད་ཀྱི་ཡུལ་མི་ཚང་མས་སྒྲུབ་དགོས་པའི་ལས་འགན་གཤམ་གསལ། ༡ བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད། ༢ བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བསྐུར་དང་། ཉམས་ལེན། ༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ། ༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ་ཞུ་རྒྱུ། ༥ བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས་གསལ་བ་ནས་མང་གཙོའི་ཀ་བ་གསུམ་གྱིས་མཛད་གཙོ་རྣམ་པ་ཚོ་ཡང་བོད་ཀྱི་ཡུལ་མི་ཡིན་པ་ནས་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཁག་སྒྲུབ་དགོས་པ་ནི་བོད་ཀྱིས་ཡུལ་མིའི་ལས་འགན་ཞིག་ཡིན་པ་དང་། མང་གཙོའི་ཀ་བ་གསུམ་ནས་བཅའ་ཁྲིམས་ཀྱིས་བསྐུར་བའི་སོ་སོའི་ལས་འགན་ཐོག་མཐུད་ཤོར་མེད་པ་གཡས་ཁག་གཡོན་དཀྲི་དང་གཡོན་ཁག་གཡས་དཀྲི་མེད་པ་བཅའ་ཁྲིམས་ཀྱིས་བསྐུར་བའི་ས་མཚམས་ལས་མ་འགལ་བར་གཞི་རིམ་མི་མང་གི་མངོན་འདོད་སྒྲུབ་ཐུབ་པའི་དགོངས་པ་ངེས་པར་དུ་བཞེས་དགོས་པའི་འབོད་བསྐུལ་ཞུ་འདོད་བྱུང་།