ཀ་བཙན་བླ་མ་སྐྱབས།
ཨ་མདོའི་ཡུལ་ནས་འཁྲུངས་པའི་སྐྱེས་ཆེན་གྱི་དམ་པས།།
ཨ་ཞང་ཚང་གི་སྲིད་སྟེགས་མཐོན་པོ་རྣམས་བཞག་ནས།།
ཨ་རིའི་ཡུལ་དུ་བདེན་པ་ར་སྤྲོད་ལ་ཕེབས་པའི།།
ཨ་ཀྱཱ་ཚང་གི་ཟླ་མེད་སྙིང་སྟོབས་དེ་ངོ་མཚར།།
ཧ་ཉིད་རྟོགས་པ་ཙོང་ཁའི་ཡབ་ཆེན་གྱི་རྣམ་སྤྲུལ།།
ཧ་ཅང་གྲགས་ཆེ་སྐུ་འབུམ་དགོན་པ་ཡི་བདག་པོ།།
ཧ་ལམ་མཚུངས་འདྲེས་བོད་སོག་རིགས་གཉིས་ཀྱི་གཅེས་ནོར།།
ཧ་ལས་དགོས་པ་ལུགས་ཟུང་མངའ་མཛད་ཀྱི་བདག་པོ།།
ས་ཆེན་གྱད་མི་པན་ཆེན་བཅུ་བ་ཡི་འདུན་འདོན།།
ཤ་ཁྲག་བརྒྱུད་གཅིག་ཡོངས་འཛིན་རྒྱ་ཡག་གི་སྐུ་ཚ།།
ལ་ལུང་ཀུན་གྲགས་ཤར་གདོང་བླ་མ་ཡི་ཐུགས་སྲས།།
ར་བ་གངས་ཡུལ་སྐུ་འབུམ་བསྐྱར་གསོ་ཡི་བྱེད་པོ།།
ཡ་མཚན་མཆོག་གྱུར་མཛད་འཕྲིན་སྣ་མང་ཞིག་བསྐྱངས་ནས།།
འ་ཅག་བོད་དང་ཧོར་སོག་མི་རིགས་ཀྱི་ཆེད་དུ།།
ཟ་འཐུང་འབྱོར་དངུལ་སྤྱི་ཚོགས་བདེ་དོན་དང་བཅས་པའི།།
ཞྭ་སེར་བསྟན་སོགས་འབངས་ལ་དོན་ཆེན་ཞིག་བསྒྲུབས་ཡོད།།
ཝ་ཇུས་དང་འགྲོགས་རྒྱ་ནག་དམར་པོ་ཡི་གཞུང་གིས།།
ཛ་དྲག་ཅན་གྱི་རིག་གསར་ལས་འགུལ་སོགས་སྤེལ་ཏེ།།
ཚ་འུར་ངང་ནས་ངལ་རྩོལ་བསྒྱུར་བཀོད་འོག་བཅུག་ནས།།
ཙ་ཙོར་ལས་ཀྱིས་སྐུ་ངལ་སྣེ་མང་ཞིག་མྱངས་ཡོད།།
མ་རྩ་ཅན་གྱི་ཁ་ཆེ་འབྱོར་ལྡན་པའི་རིགས་དང་།།
བ་ཕྱུག་བདག་པོ་བོད་སོག་འབངས་མི་ཡི་ལུགས་སྲོལ།།
ཕ་རོལ་གཞན་ཡུལ་དབྱིན་རྒྱའི་སྐད་གཤིས་ལ་སོགས་པ།།
པ་ཊུ་ལ་ཕྱིར་ཚེགས་མེད་མཁྱེན་པ་དེ་ངོ་མཚར།།
ན་གཞོན་ཉིད་ནས་ནང་རིག་བཟོ་རྩལ་ལ་མཁས་པས།།
ད་ཙམ་ཉིད་དུ་དཔལ་དུས་དཀྱིལ་འཁོར་སོགས་བཞེངས་ལ།།
ཐ་དད་སྐད་རིགས་སྣ་ཚོགས་འཆད་པ་ལ་མཁས་ཕྱིར།།
ཏ་ཐཱ་ག་ཏའི་གསུངས་རབ་སྒྲ་བསྒྱུར་ལ་ཐོགས་མེད།།
ཉ་གང་དུང་ཟླ་འི་མདངས་བཞིན་ལྷག་བསམ་དེ་དཀར་བས།།
ཇ་ཐུན་ཞལ་ཟས་དཀར་སྐྱོང་གཙང་མ་དེ་མཆོད་ལ།།
ཆ་ལུགས་མཛད་པ་དམ་པའི་རང་རྟགས་སུ་གྲུབ་པས།།
ཅ་དག་འདུལ་ཁྲིམས་མིག་བཞིན་སྲུང་བ་དེ་ངོ་མཚར།།
ང་ཚོའི་ཉམ་ཐག་བོད་སོག་མི་རིགས་ཀྱི་ཆེད་དུ།།
ག་དུས་ཡིན་ཡང་ཡོད་ཚད་བློས་གཏོང་རང་གནང་སྟེ།།
ཁ་བ་རི་བའི་བདེ་སྡུག་ར་སྤྲོད་དང་སྦྲགས་ནས།།
ཀ་དག་མཛད་རྣམ་བོད་དབྱིན་རྒྱ་གསུམ་ནང་བརྩམས་ཡོད།།
ཨོ་པ་དབང་སྡུད་རྒྱ་དཔོན་ཅཱང་ཙེ་མིན་སོགས་ཀྱིས།།
ཨེ་མ་ངོ་མཚར་ཁྱེད་ལ་དད་གུས་རང་བྱེད་ལ།།
ཨུ་ཚུགས་ཅན་གྱི་ཏཱིང་བུ་རྒན་པ་དང་བཅས་པའི།།
ཨི་བྷྱཿ: ་གཏེར་བདག་ཁྱེད་ཀྱི་གདུལ་བྱ་རུ་གྱུར་ཡོད།།
སྨྲས་པ།
ཨ་མདོའི་ཡུལ་འཁྲུངས་ཨ་མའི་བུ་ཆེན་མཆོག།
ཨ་རིར་ཕེབས་ནས་ཨ་ཏིག་ཡང་ཏིག་ལས།།
ཨ་གསར་མིན་པར་ཨ་ནན་སྒྲུབ་མཁས་པའི།།
ཨ་ལགས་ཁྱེད་ལ་ཨ་མདོའི་བུ་ངས་བསྟོད།།
ཅེས་པའི་མཇུག་བསྟོད་དང་བཅས། དེ་སྔ་བོད་ནང་ནས་ས་ཆེན་པོའི་གྱད་མི་ ༧ པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འདུན་ན་འདོན་དང་། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་ཨ་ལགས་ཤར་གདོང་བཤད་སྒྲུབ་རྒྱ་མཚོ་མཆོག་སོགས་སྐྱེས་ཆེན་མང་གི་ཐུགས་སྲས། རྒྱ་ནག་ནང་བསྟན་མཐུན་ཚོགས་བཅས་ཀྱི་གཙོ་འཛིན་སོགས་ཆོས་སྲིད་ཀྱི་ཁྲི་སྟེགས་མཐོན་པོར་བཞུགས་ནས་ལུགས་གཉིས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་མྱོང་པ་དང་། ད་ལྟ་ཡང་ཨ་རི་དང་ཆེན་པོ་ཧོར་ཡུལ་སོགས་ན་གདུལ་བྱའི་ཁམས་མོས་དང་མཐུན་པའི་སྤྱི་ཚོགས་བདེ་དོན་དང་བཅས་པའི་བྱ་བཞག་སྟོབས་པོ་ཆེ་གནང་བཞིན་པའི་ ༧ རྗེ་སྐུ་འབུམ་དགོན་པའི་དགོན་བདག དུས་དང་རྣམ་པ་ཀུན་ཏུ་དམ་པའི་རང་རྟགས་ནམ་ཡང་ཉམས་མ་མྱོང་བའི་ངེས་དོན་གྱི་སྐྱེས་ཆེན། ༧ ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་ལ་ཕུལ་བའི་ཨ་ཕྲེང་གི་མཆོད་པ་སྐུ་འབུམ་གསེར་སྡོང་ཆེན་མོའི་གཟི་མདངས་ཞེས་བྱ་བ་འདི་ཡང་། ཕྱི་ལོ། ༢༠༢༤/༡/༣ ཉིན། ཀ་བཙན་བླ་མ་སྐྱབས་ནས་ཨ་རིའི་རྒྱལ་སའི་ཤར་མཐའི་རང་ཁྱིམ་ནས་གུས་ཕུལ།
མཆན
པ་ཊུ་ལ-རྣམ་དཔྱོད་ཅན་ནམ་སྤྱང་གྲུང་ལྡན་པའི་དོན།
ཏཱིང་བུ་རྒན་པ-ཏཱིང་ཞོ་ཕིང་གི་བུ་ཏཱིང་པུ་ཧྥང་།
ཨི་བྷྱ:-ནོར་བདག་གམ་ཕྱུག་པོ།
བོད་ཆགས་འཇིག་གི་དུས་ཚོད་འདིར་བོད་ཀྱི་བླ་ཆེན་དང་མི་ཆེན་མང་པོ་རྒྱ་མིའི་གཡོ་འོག་ཏུ་ཚུད་ནས་བོད་ལ་ཕན་པའི་བྱ་བ་སྣེ་གཅིག་སྒྲུབ་མ་ཐུབ་པའི་དུས་ཚོད་ངན་པ་འདིར་ཨ་ཀྱཱ་རིན་པོ་ཆེ་མཆོག་ནས་ཐུགས་ཐག་ཆོད་པོས་རྒྱ་འོག་ནས་འཐོན་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་༧ གོང་ས་མཆོག་ལ་མཇལ་ཁ་ཞུས་པ་སོགས་བཟང་ཕྱོགས་ཀྱི་གནས་ཚུལ་མང་དེ་སྔོན་ནས་མཇལ་བ་ནས་ཁོང་ལ་ཕུལ་བའི་བསྟོད་ཚིག་ལ་རྗེས་སུ་ཡིད་རངས་ཞུ་གི་ཡོད།