(ངའི་རེ་བ་དང་རྨི་ལམ་ནི་ཉིན་གཅིག་ངའི་བུ་མོ་དང་། ཨ་མ་ལགས་ཀྱི་ཞལ་རས་མཇལ་རྒྱུ་དེ་ཡིན།)
བདེ་སྐྱིད།
དེ་རིང་ནི་རེས་གཟའ་པ་སངས་རེད། ཕྱི་ཟླ་བཞི་པ་ཟིན་ནའང་ཕྱི་རོལ་དུ་གངས་མཐུག་པོ་བབ་ནས་ས་གཞི་ཡོངས་ཁ་བས་གཡོག་ནས་དཀར་པོ་དཀར་རྐྱང་ཆགས་འདུག མཐོ་སློབ་ཀྱི་དཔྱིད་ཀའི་གུང་གསེང་རྫོགས་ནས་འཛིན་གྲྭ་མུ་མཐུད་ནས་འགྲོ་བཞིན་ཡོད་སྟབས་ནང་སྦྱོང་ཧ་ཅང་མང་བ་དང་། ད་དུང་ཡིག་ཚད་སླེབས་ལ་ཉེ་བས་བྲེལ་ཟིང་དང་སེམས་ངལ་གཉིས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་ཡོད་ནའང་། ཞོགས་པ་ཚིགས་ཇ་ཁང་ནས་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་ཚིགས་ཇ་གཅིག་ཉོས་ནས་ཕྱིར་ཁང་པར་སླེབས་མ་ཐག་གློག་ཀླད་ནས་ A Blind Parent’s Entrepreneurial Journey | Gendun Sangpo #97 ཞེས་པའི་ཁ་བྱང་མཐོང་བས། ངའི་སེམས་ནང་ལ། ལྷ་སར་གནས་བཞུགས་ཉི་མ་དབང་འདུས་ལགས་དྲན་བྱུང་། ཡིན་ནའང་། དེ་རིང་གི་བརྙན་ཐུང་ནང་གི་མི་སྣ་ཁོང་ནི་ཉི་མ་དབང་འདུས་ལགས་མ་རེད། གློག་བརྙན་གི་འགོ་བརྗོད་ལ་བལྟས་ཙམ་ཉིད་ནས་ཁོང་དང་ཉི་མ་དབང་འདུས་ལགས་ཀྱི་ལས་དབང་ལ་མཐུན་ཕྱོགས་མང་པོ་གཅིག་གསལ་པོ་མཐོང་། ཁོང་གཉིས་ཀ་སྤྱན་གྱིས་ཕྱི་རོལ་གྱི་བྱ་དངོས་ཁག་གཟིགས་མ་ཐུབ་པར་སྐུ་ངལ་ཡོད་པ་གཅིག་པ་རེད་འདུག་ལ། ཁོང་གཉིས་ཀ་འཁྲུང་ས་སྐྱོན་ས་ཡང་ཁོང་གཉིས་དང་ལས་དབང་མཚུངས་པའི་བུད་མེད་གཉིས་གཅིག་པ་རེད་འདུག ངས་ཁོང་རྣམས་ཀྱི་ལས་དབང་དང་སེམས་ཐག་ཉེ་པོ་ཆགས་དགོས་དོན་ནི། Sabriye Tenberken བྲིས་པའི་དེབ་ My Path Leads to Tibet: The Inspiring Story of How One Young Blind Woman Brought Hope to the Blind Children of Tibet ཞེས་པ་བཀླགས་པ་དང་། ཉི་མ་དབང་འདུས་ཀྱི་གླེང་མོལ་ཁ་ཤས་ཉན་པ། ད་དུང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཉིད་ཀྱི་དཔའ་བོར་ངོས་འཛིན་གནང་བ་སྐུ་ཞབས་ Richard Moore ལགས་ཀྱི་སྙིང་སྟོབས་དང་གཞན་ཕན་གྱི་བྱ་བཟང་བཅས་མཐོང་བས་ཕྲན་གྱི་མི་ཚེར་སྔར་མེད་ཀྱི་སེམས་ཤུགས་བསྐྱེད་པའི་རྒྱུ་མཆོག་ལ་གྱུར། ད་དུང་ཕྲན་གྱིས། མིག་གཉིས་བཙུམ་ནས་གལ་སྲིད་རང་ཉིད་ཀྱི་འཇིག་རྟེན་མུན་ནག་ལ་འགྱུར་ན་ཁོང་རྣམས་ལྟར་སྙིང་སྟོབས་ལྡན་པར་འགྱུར་ཐུབ་མིན་ཐད་ཡང་ནས་ཡང་དུ་བསམ་བློ་གཏོང་གི་ཡོད་ལ། བསམ་བློ་གཏོང་ཐེངས་རེར་ཁོང་རྣམས་ཀྱི་སྙིང་སྟོབས་དང་། གཞན་ཕན་ཐུགས་བསྐྱེད། གུ་ཡངས་ཀྱི་བསམ་བློ་བཅས་ལ་དད་གུས་དང་། དགའ་མོས་མི་བྱེད་ཀ་མེད་ཀྱི་གནས་སུ་གྱུར་།
སྐུ་ཞབས་དགེ་འདུན་བཟང་པོ་ལགས་དང་ཕྲན་དངོས་སུ་ཐུག་འཕྲད་བྱུང་མྱོང་མེད་ལ། བརྙན་ཐུང་ནང་ལ་ཐེངས་དང་པོ་མཇལ་བ་དང་ཁོང་གི་ལོ་རྒྱུས་རྒྱ་མཚོའི་ནང་གི་ཆུ་ཐིག་ཙམ་ཐོས་རྒྱུ་བྱུང་བ་དེ་ནི་བུ་ཆུང་སྐལ་བཀྲས་གཙོ་གཉེར་གནང་བའི། ཨ་ཧ། ལེ་ཚན་བརྒྱུད་ནས་ཡིན་པས་བྱས་པ་དྲིན་དུ་དྲན་པ་ཡ་རབས་བཟང་པོའི་དཔེ་བཞིན་ཐོག་མར་བུ་ཆུང་སྐལ་བཀྲ་ལགས་དང་། དགེ་འདུན་བཟང་པོ་གཉིས་ཀར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སྐུ་ཞབས་དགེ་འདུན་བཟང་པོ་ལགས་མཇལ་བ་ཙམ་གྱིས་ཁོང་གིས་སྤྱན་ཤེལ་དཀར་པོ་གྱོན་གནང་བ་དེར་དོ་སྣང་མི་བྱེད་ཀ་མེད་བྱུང་། ངས་འཕྱ་སྨོད་དང་དམའ་འབེབས། མཐོང་ཆུང་བྱས་པ་མིན་པར་དོན་དངོས་སུ་སྤྱན་གྱིས་གཟིགས་མ་ཐུབ་མཁན་ཕལ་ཆེ་བས་སྤྱན་ཤེལ་ནག་པོ་གྱོན་པ་ཡོངས་གྲགས་ལྟར་ཡིན་ནའང་། དགེ་འདུན་བཟང་པོ་ལགས་ཀྱིས་སྤྱན་ཤེལ་དཀར་པོ་གྱོན་པ་མཇལ་པས་ཁོང་གི་སྤྱན་ཤེལ་ལ་ཐོག་མ་ཉིད་ནས་དོ་སྣང་བྱུང་། རྗེས་སུ་ཤེས་རྟོགས་བྱུང་བར་གཞིགས་ན་ཁོང་གི་སྐུ་ཟླས་ཞལ་རས་ལ་མཛེས་ཆོས་བྱུག་གནང་བ་དང་། ཁོང་གིས་གྱོན་གོས་ཡག་པོ་གྱོན་གནང་བ་ཁོང་རྣམས་ཀྱི་ཆེད་དུ་མ་ཡིན་པར་གཞན་མིག་མཐོང་མཁན་རྣམས་ཀྱི་ཆེད་དུ་ཡིན་པ་ཤེས་པས་ཡི་རང་གནས་སུ་གྱུར།
སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱིས་ཁོ་རང་ངོ་སྤྲོད་གནང་སྐབས་གྲྭ་ཟུར་གཅིག་ཡིན་ཞེས་གསུངས་སོང་། དེང་སྐབས་སྤྱི་ཚོགས་ནང་ལ་གྲྭ་ལོག་ཞེས་པའི་ཚིག་ངན་པར་རྩིས་པའམ་ལབ་མི་བདེ་བ་གང་ཡིན་མི་ཤེས་ཀྱང་། གྲྭ་ཟུར་ཞེས་སྐྱ་བབ་ཟིན་པ་མང་པོས་ལབ་ཀྱི་འདུག ཡིན་ནའང་། དོན་དམ་པའི་མཁས་པ་ཚོས་གསུངས་པར་གཞིགས་ན་གྲྭ་པ་ནི་ལས་གནས་ཤིག་མ་ཡིན་སྟབས་ཟུར་པ་ཞེས་པ་བརྗོད་ན་མི་བདེ་བ་དང་། དེ་ལས་གྲྭ་པ་ལོག་པ་ཞེས་འབོད་ན་བདེ་བ་དང་མཐུན་ཤས་ཆེ་བ་གསུང་མཁན་འདུག དེ་ནི་ཞོར་འཕྲོས་ཙམ་ལས་གལ་ཆེན་མ་རེད། སྐབས་རེ་ཐ་སྙད་ཞེས་པ་གལ་ཆེན་ཡིན་ནའང་། ཕལ་ཆེ་བར་ནང་དོན་གཙོ་ཆེ་བ་ཡིན་པ་གདོན་མི་བཟའ་བས་མང་པོ་མི་བཤད།
སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱིས་གྱོན་གོས་སྟབས་བདེ་བ་དང་གཙང་མ། ལུས་ལ་བདེ་མདོག་ཁ་པོ་ཞེ་དྲག་གྱོན་གནང་འདུག དམིགས་བསལ་དོ་སྣང་བྱུང་བ་ནི་འོག་འཇུག་དཀར་པོའི་ཐོག་ལ་བྲིས་པའི་བོད་ཡིག་ཡིག་གཟུགས་འཁྱུག་མ་ཚུགས། བོད་ལ་འགྲོ། ཞེས་པ་དེ་རེད། དེ་ལ་ཁོང་གིས་གཟབ་སྤྲོས་གྱོན་ཡོད་ཅེས་སྤོབས་པ་བཅས་གསུངས་པ་མ་ཟད། ད་དུང་བོད་ལ་འགྲོ་རྒྱུ་ནི་ཁོང་གི་མི་ཚེའི་རེ་སྨོན་དང་། དེང་དུས་མིའི་བཤད་སྟངས་དང་དམིགས་བསལ། ཨ་ཧ་ལེ་ཚན་གྱི་གཙོ་གཉེར་བ་བུ་ཆུང་སྐལ་བཀྲ་ལགས་ཀྱིས་གསུང་སྟངས་ལ་གཞིགས་ན། བོད་ལ་འགྲོ་རྒྱུ་ནི་ཁོང་གི་རྨི་ལམ་རེད། རེ་སྨོན་ལ། རྨི་ལམ་ཞེས་འབོད་པ་དེ་ནི་བོད་པའི་བསམ་བློ་དང་སྐད་ཆའི་གཤིས་ལུགས་ཡིན་མིན་གསལ་པོ་མི་ཤེས། གཅིག་བྱས་ན་ཨིན་སྐད་གི་ཚིག་ཐད་བསྒྱུར་བྱས་པ་ཞིག་མིན་ནམ། རེ་སྨོན་ཞེས་པ་བསྒྲུབ་རྒྱུ་ཡོད་ནའང་། རེ་སྨོན་རྨི་ལམ་ལྟར་འགྱུར་པ་ཡིན་ན་སྙིང་པོ་ཨེ་ཡོད། རྩ་བའི་དེ་དྲན་པའི་ཡུལ་དུ་གྱུར་ཞེས་མི་ཚེ་ལ་རྨི་ལམ་བལྟས་ནས་ཉམས་ལེན་བྱེད་སྟངས་མེད་པ་མིན་ནའང་། རྨི་ལམ་རྨི་ལམ་ལ་ངོ་ཤེས་པ་དང་། རྨི་ལམ་ནི་རེ་སྨོན་གྱི་ཚབ་བྱེད་ཐབས་མེད་པ་གཅིག་རེད། ངའི་རེ་བ་ལ་སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱི་རེ་སྨོན་བོད་ལ་ཕེབས་རྒྱུ་ནི་རེ་བ་དང་སྨོན་ལམ་དོན་ཐོག་འཁྱོལ་ཐུབ་པ་ཡོང་བ་ཤོག་ཅེས་བརྗོད་རྒྱུ་ལས། རྨི་ལམ་ལྟར་མི་ཆགས་པའི་རེ་བ་ཡོད།
སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱི་སྤྱན་ཀྱི་སྙུང་གཞི་ཐོག་མར་ཕོགས་སྟངས་གསུངས་སྐབས་ཕྲན་ལ་འགོག་ཐབས་མེད་པའི་ཚོར་ཤུགས་ཆེན་པོ་ཞིག་གིས་བརྙན་ཐུང་བཀག་ནས་ཆུ་ཚོད་ཁ་ཤས་རིང་བཞག་དགོས་པ་བྱུང་། ཟླ་བ་གཅིག་གམ་དེའི་གོང་ལ་ཕྲན་གྱི་ཐག་ཉེའི་མི་སྣ་གཅིག་ལ་བྱུང་བའི་རྐྱེན་ཆག་དེ་དྲན་གསོས་ནས་སེམས་ཚོར་སྣོན་དཀའ་བ་བྱུང་བ་དང་། དེ་རྗེས་རིམ་གྱིས་ཞི་ནས་འཆི་བ་མི་རྟག་པ་དང་། སྲིད་པའི་ཕུན་ཚོགས་ལ་ཡིད་བརྟན་མི་རུང་བའི་དྲན་གསོ་ཆེན་པོ་བྱུང་། སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཐེངས་ཤིག་ཁྱིམ་ཚང་གཞན་གཅིག་གི་ནང་ལ་འདས་མཆོད་ལ་བསྐྱོད་སྐབས་གློ་བུར་དུ་དྲན་མེད་རིལ་བ་དང་། དེ་ནས་བོད་པ་རྒན་པ་ཚོས་བརྗོད་ན་གྲིབ་སྐྱོན་ལབ་པ་དང་། དེ་ནས་སྤྱན་གཅིག་གིས་མ་མཐོང་བའི་སྐུ་ངལ་འཕྲད་འདུག སྐབས་དེར་ངས་བརྗོད་འདོད་པ་ནི། ཉེ་དུས་ལོ་གསར་སྐབས་སུ་ཕྲན་གྱི་ངོ་ཤེས་ཐག་ཉེ་གཅིག་གློ་བུར་དུ་རིལ་བའི་གནས་སྟངས་བྱུང་བ་དང་། དེ་ནས་སྨན་ཁང་ལ་འཁྲིད། སྐུ་ཞབས་དགེ་འདུན་བཟང་པོ་ལགས་གཤག་བཅོས་ཐེངས་བདུན་ཙམ་བྱས་རྗེས་དྲག་བསྐྱེད་མ་བྱུང་བར་སྤྱན་གཉིས་ཀས་གཟིགས་མ་ཐུབ་པའི་མུན་ནག་ལ་བསྐྱོད་དགོས་བྱུང་བ་དང་། ཕྲན་གྱི་ཉེ་འབྲེལ་ཁོང་ཡང་སྨན་པའི་ལམ་སྟོན་ལྟར་གཤག་བཅོས་ལན་ཁ་ཤས་བྱས་ནས་འཇིག་རྟེན་ཕྱི་མའི་ཕྱོགས་སུ་ཕེབས་དགོས་པ་བྱུང་སོང་། སྐབས་རེར་སེམས་ཁམས་རིག་པའི་ཐོག་ནས་ལྟོས་ས་ལྟོས་འཇོག་གིས་སེམས་ལ་དཔའ་སྟོབས་བསྐྱེད་དགོས་པ་དང་ཕན་ཐོགས་ཡོད་པ་ལྟར། ཕྲན་གྱི་ཉེ་འབྲེལ་ཁོང་ལ་ལྟོས་པས་སྐུ་ཞབས་དགེ་འདུན་བཟང་པོ་ལགས་ད་ལྟ་འཚོ་བཞིན་བཞུགས་ཡོད་པ་དེ་ཡང་དགའ་བ་སྒོམ་དགོས་པ་ཅི་ལ་མིན།
ཨ་ཧ་ལེ་ཚན་གྱི་བརྗོད་དོན་གཙོ་བོ་གསུམ་ལས་གཅིག་ནི། རེ་བ། ཞེས་པ་དེ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་བསྡོམས་ཆེན་པོ་མང་པོ་སྐྱོན་གནང་བ་ལས་གཅིག་ནི། མིའི་མི་ཚེ་ནི་རེ་བ་ལ་བཅོལ་ནས་འགྲོ་བ་ལས་དེ་དང་དེ་ཡོང་གི་རེད་ཅེས་བརྒྱ་ཆ་བརྒྱ་ཐག་གཅོད་ཐུབ་པ་གང་ཡང་མེད། ཅེས་གསུངས་པ་ལས་ང་ཚོས་རེ་བ་ཞེས་པ་ནམ་ཡང་བརླགས་རྒྱུ་མེད་པ་གསལ་པོ་བསྟན་གནང་མཛད་ཡོད། སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱི་སྤྱན་གཉིས་ཀས་གཟིགས་མ་ཐུབ་པའི་གནས་སྟངས་བྱུང་སྐབས་ཁོང་གི་ཐུགས་ལ་དཀའ་ངལ་དེ་འདྲ་མྱངས་པ་ལས་ཤི་ན་དགའ་སྙམ་པ་དྲན་འདུག སྐབས་དེ་དུས་རྒྱ་གར་ནས་སྨན་བཅོས་བྱ་མ་ཐུབ་ཀྱང་། ཇར་མ་ནིར་སྨན་བཅོས་བྱས་ན་དྲག་བསྐྱེད་ཡོང་སྲིད་པའི་རེ་བ་གསར་པ་གཅིག་ཐུགས་ལ་འཁྲུངས་པ་དེས་ཁོང་ལ་རེ་བ་གསར་པ་གཅིག་རྙེད་པ་དང་། ཤི་ན་དགའ་སྙམ་པའི་སེམས་ཞུམ་པའི་གནས་སྟངས་ལས་གྲོལ་དུ་བཅུག སྤྱི་སྒེར་ཚང་མ་གནས་སྟངས་གང་འདྲ་གཅིག་ལ་ཐུག་ཀྱང་རེ་བ་ནམ་ཡང་བརླག་རྒྱུ་མེད་པ་གསལ་སྟོན་བྱས། གཅིག་བྱས་ན། ཨ་ཧ་ལེ་ཚན་དེ་བཟོས་པའི་དམིགས་ཡུལ་ཡང་རེ་བ་གསར་པ་དང་། བསམ་བློ་གསར་པ། བློ་སྤོབས་གསར་པ་གཅིག་སླེབས་ཐབས་སུ་ཡིན་ངེས་ལ། གཟིགས་མཁན་རྣམས་ཀྱིས་དུས་ཚོད་བཏང་ནས་གཟིགས་པ་དེ་ཡང་དེ་བཞིན་ཡིན་ངེས། མཚམས་དེར་བུ་ཆུང་སྐལ་བཀྲ་ཡིས། མི་ཚེའི་ནང་ལ་རེ་བ་ཞེས་པ་གལ་ཆེན་པོ་འདུག ཅེས་བརྗོད་པ་དང་། ནམ་རྒྱུན་ང་ཚོས་ཡི་གེ་འབྲི་སྐབས་དང་སྐད་ཆ་ཤོད་སྐབས། རེ་བའི་འོད་སྣང་། ཞེས་ལབ་པ་ལྟར། སྐུ་ཞབས་དགེ་འདུན་བཟང་པོ་ལགས་རྒྱ་གར་ནས་ཇར་མ་ནིར་སྨན་བཅོས་གནང་བར་ཕེབས་རྗེས་སྤྱན་གཅིག་གིས་གསལ་པོ་མཐོང་བའི་གོ་སྐབས་བྱུང་མི་འདུག་ཀྱང་། འོད་ཅུང་ཙམ་གཟིགས་ཐུབ་པ་བྱུང་བ་དེས་རེ་བའི་འོད་སྣང་བྱུང་བས། སྤྱན་གཞན་དེ་ཡང་གཤག་བཅོས་གནང་ཡང་ལམ་ལྷོངས་བྱུང་མི་འདུག ཁོང་ཇར་མ་ནིར་ཕེབས་ནས་རེ་བའི་འོད་སྣང་ཕྲན་བུ་གཅིག་ཐོབ་པ་དེ་ཡང་ངས་གོང་དུ་བརྗོད་པ་ལྟར་ལྟོས་ས་ལྟོས་འཇོག་གིས་ལེགས་པའི་བྱ་བ་གཅིག་ཅི་ལ་མིན།
དེ་སྔ་ཕྲན་གྱིས་ནུབ་ཕྱོགས་ཡུལ་ཁག་ནས་ནང་ཆོས་སྐོར་བྲིས་པའི་དེབ་རེ་ཟུང་ནང་ལ། ནང་ཆོས་ནི་ཆོས་མ་ཡིན་པར་ནང་སེམས་ཀྱི་ཚན་རིག་ཡིན་སྐོར་བྲིས་པ་མཐོང་སྐབས། ཕྱི་རྒྱལ་བ་རྣམས་དགའ་ན་དགའ་ཆོག་ཆོག སྡུག་ན་སྡུག་ཆོག་ཆོག་ཡིན་སྟབས་ནང་ཆོས་དང་འཕྲད་པ་ཙམ་གྱིས་བསྟོད་ཐལ་མིན་ནམ་བསམ་ནས་དོ་སྣང་དེ་ཙམ་བྱས་མེད། དེ་ནས་ཕྱིས་སུ་ནུབ་ཕྱོགས་ཡུལ་ཁག་ལ་སྐོར་བསྐྱོད་དང་། སློབ་སྦྱོང་དང་ལས་ཀ་བྱེད་སར་ཕྱི་དངོས་པོའི་གནས་སྟངས་ཧ་ཅང་ལེགས་པོ་དང་། ཨིན་ཇིའི་སྐད་ཡིག་སོགས་ལ་ཐོག་པ་མེད་པ་ནང་སེམས་ཁམས་ཀྱི་དཀའ་ངལ་འཕྲད་མཁན་མང་པོ་གཅིག་དངོས་སུ་འཕྲད་པ་དང་། ཡར་མར་འགྲུལ་བསྐྱོད་སྐབས་སུ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་། དེ་ནས་སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱིས་ལུང་འདྲེན་གནང་བའི་སྤྱོད་འཇུག་ཆེན་མོའི་ཚིག གལ་ཏེ་བཅོས་སུ་ཡོད་ན་ནི། ཞེས་སོགས་ཧ་ཅང་ཕན་རླབས་ཆེན་པོ་ཡིན་པ་གཞི་ནས་ཚོར་། སྐུ་ཞབས་དགེ་འདུན་བཟང་པོ་ལགས་ཀྱི་སྤྱན་གཉིས་ཀྱིས་མ་གཟིགས་པའི་གནས་སྟངས་བྱུང་སྐབས་གློ་བུར་གློག་ཡོངས་རྫོགས་སད་ནས་ནག་ཁུངས་སུ་གྱུར་པའི་སྣང་བ་དང་། སྐབས་དེ་དུས་དངངས་སྐྲགདང་། ཞེད་སྣང་། སུན་སྣང་། རེ་བ་བརླགས་པའི་ཚོར་སྣང་ངམ། ཡིད་ཞུམ་པའི་གནས་སྟངས་འོག་ལ་རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་ཉེའི་མཚམས་སུ་དེ་སྔ་ནང་ཆོས་སྦྱངས་པའི་བག་ཆགས་དང་སྟོབས་ཤུགས་ཀྱིས་ཁོང་ལ་མི་ཚེ་གསར་པ་གཅིག་དང་། འཚོ་གནས་ཀྱི་སེམས་ཤུགས་འཕར་མ་གཅིག་ཐོབ་འདུག ནམ་རྒྱུན་ང་ཚོས་བརྗོད་པའི་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་། ནད་ཐོག་སྨན། མིག་སྨན་མིག་ཐོག་ལ་བྱུང་བའི་ཕན་ཐོགས་དང་དགེ་མཚན་གཅིག་རེད། འདི་ནི་ནང་ཆོས་ཀྱི་རིན་ཐང་རེད་ལ། ནང་ཆོས་སྦྱངས་པའི་གྲུབ་འབྲས་གསོན་པོ་གཅིག་རེད། ཕྲན་རང་ལ་དེ་དང་དེ་འདྲ་བའི་དངོས་མྱོང་མང་པོ་བརྗོད་རྒྱུ་ཡོད་ཀྱང་སྐབས་སུ་མ་འབྲེལ་སྟབས་སྐྱུར་འཇོག་གིས་མུ་མཐུད་སྐུ་ཞབས་དགེ་འདུན་བཟང་པོ་དང་འབྲེལ་བའི་གནས་ཚུལ་དང་རང་གི་བསམ་ཚུལ་འབྲི་ཡི་ཡིན།
ལོ་ངོ་བཅུ་བདུན་གྱི་ཡར་སྔོན་ ༢༠༠༧ ལོར་དགེ་འདུན་བཟང་པོ་ལགས་ཀྱི་འདྲེན་བྱེད་ཟུང་སྣང་བ་ནས་མུན་པར་གྱུར་པ་དང་། སྐབས་འཕྲལ་ཁོང་དངངས་སྐྲག་དང་། ཞེད་སྣང་དབང་དུ་གྱུར་རུང་། ད་དུང་རེ་བ་མ་བརླག་པར་ ༢༠༠༩ ལོར་ཇར་མ་ནིར་སྨན་བཅོས་ལ་ཕེབས་པ་དང་། དེ་ནས་མིག་གིས་མ་མཐོང་རུང་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་གསན་མ་ཐག་ལམ་སེང་གཞན་རྟེན་འཚོ་བ་སྐྱེལ་མི་དགོས་པ་ཁོ་ནར་བསམ་ནས་སློབ་གྲྭར་འགྲོ་རྒྱུ་ནི་ཁོང་ལ་དགའ་བའི་གཏམ་བཟང་ལ་འགྱུར་ནས་ལམ་སེང་དང་ལེན་གནང་འདུག ཡིན་ནའང་། ཁོང་གིས་ལས་ཀ་ག་རེ་ཡིན་ནའང་མིག་གིས་མཐོང་ནས་བྱས་པའི་ས་མཚམས་ལས་བརྒལ་ནས་མིག་གིས་མ་མཐོང་བའི་གནས་སུ་སླེབས་མ་ཐག་ཡིན་སྟབས་རང་ཉིད་ཀྱི་ཁྱིམ་ཚང་ལས་ཕྱི་རོལ་ལ་འགྲོ་རྒྱུར་ཞེད་སྣང་དང་། གཞན་དང་འབྲེལ་འདྲིས་བྱ་འདོད་མེད་པའི་སྣང་བ་ཤུགས་ཆེ་བྱུང་བ་ནི་ཀློག་མཁན་ཚང་མས་བསམ་ཚོད་བྱེད་ཐུབ་པ་དང་། ཀློག་མཁན་ཚོས་སྐར་མ་གཅིག་གཉིས་རིང་ཀློག་མཚམས་བཞག་ནས་མིག་བཙུམ་ནས་བསམ་གཞིགས་གནང་ཚེ་མཁྱེན་ངེས་རེད། ང་ཚོས་སྐར་མ་གཉིས་མིག་བཙུམ་ནས་ནག་ཁུང་མཐོང་ནའང་དེ་རྗེས་མིག་ཁ་ཕྱེ་རྒྱུ་ཡོད་དྲན་པས་ཞེད་སྣང་མི་བྱུང་ཡང་། དགེ་འདུན་བཟང་པོ་ལགས་ཁོང་ལ་མཚོན་ན་ ༢༠༠༧ ནས་ད་བར་མི་ལོ་ ༡༧ ལྷག་རིང་ལ་མུན་ནག་གི་འཇིག་རྟེན་ལ་རོལ་དགོས་བྱུང་བ་དང་། རང་གི་བརྩེ་བའི་བུ་མོ་དང་། ཨ་མ་ལགས། བཟའ་ཟླ་སོགས་ཀྱི་ཞལ་རས་མཇལ་འདུན་འགོག་མེད་དུ་ཡོད་ནའང་མཇལ་མ་ཐུབ་པ་ནི་ཅི་འདྲའི་ལས་དབང་བཙན་པོ་མ་རེད་དམ།
དགེ་འདུན་བཟང་པོ་ལགས་ཀྱི་དགོངས་པ་བཞེས་ཕྱོགས་ནི་རྒྱ་ཆེ་བ་དང་། བོད་ཀྱི་རིག་གཞུང་གི་རྨང་གཞིའམ་རྩ་བ་ནང་ཆོས་ཀྱི་བག་ཆགས་ཆེན་པོ་ཡོད་པ་གསལ་པོ་རེད་འདུག ཁོང་གིས་ལོང་བའི་སློབ་གྲྭར་འགྲོ་དགོས་བྱུང་བ་དང་། ཁོང་གི་བཟའ་ཟླ་ལ་ཐུག་པ་སོགས་ནི་རྐྱེན་ངན་གྲོགས་ཤར་གྱིས་བྱུང་བ་ཡིན་སྐོར་དང་། ཁོ་རང་ལོང་བ་ཆགས་པ་ལས་བཟང་ཕྱོགས་ཀྱི་རྣམ་པ་ཁག་ངོས་འཛིན་གསལ་པོ་གནང་ཐུབ་པ་དེ་ནི་བོད་ཀྱི་རིག་གཞུང་གི་གོ་རྟོགས་གཟབ་མོ་ཡོད་པའི་རྟགས་མཚན་གསལ་པོ་རེད། ད་དུང་ཁོང་ཇར་མ་ནིར་ལོང་བའི་སློབ་གྲྭར་ཕེབས་སྐབས་སློབ་ཕྲུག་གཞན་དང་མི་འདྲ་བའི་སྐུ་ངལ་མང་པོ་ཞིག་ཡོད་པ་ནི། ལོང་བའི་ཡི་གེ་སྦྱོང་རྒྱུའི་ཐོག་ལ། ཇར་མ་ནིའི་སྐད་དང་། རིག་གཞུང་འགྲོ་སྟངས་སོགས་ཆ་ཚང་གསར་དུ་སྦྱོང་དགོས་ནའང་། ཁོང་གིས་མ་མཐར་སྐྱག་ལམ་ཐོན་ཙམ་ (གསང་སྤྱོད་ནང་གཞན་ལ་བརྟེན་མི་དགོས་པར་རང་ཉིད་ཀྱིས་འགྲོ་ཐུབ་པ་) ཞིག་ཡོང་རྒྱུ་དང་། གོ་སྐབས་བཟང་པོ་དེ་འདྲ་ཡང་ཡང་ཐོབ་དཀའ་བས་ཐོབ་དུས་བེད་མེད་ཆུད་ཟོས་ལ་མ་འགྲོ་བ་ཞིག་ཅི་ནས་ཀྱང་བྱ་དགོས་བསམ་ནས་འབད་བརྩོན་ལྷོད་མེད་ཀྱིས་གྲུབ་འབྲས་བཟང་པོ་ཐོན་པ་བྱུང་འདུག་པ་དེ་ནི་ང་དང་ང་འདྲ་བའི་སློབ་སྦྱོང་བྱེད་མཁན་ཀུན་གྱིས་ཤེས་དགོས་པ་དང་འབད་དགོས་པའི་དོན་གནད་གཅིག་ཅི་ལ་མིན། གཅིག་བྱས་ན་ངས་དེ་རིང་ཁོང་གི་བརྙན་ཐུང་ལས་བཀའ་མོལ་དེ་དག་ཉན་པ་དེ་ནི་སློབ་ཚན་ཐུན་གཅིག་གཟབ་ནན་གྱིས་ཉན་པ་ལྟར་བྱུང་སོང་དྲན་ལ། བློ་ཡིད་ཚིམས་པའི་གནས་སུ་གྱུར།
དེ་ནས་ཁོང་གི་བཀའ་མོལ་གཅིག་ལས་ངས་བོད་པ་ནུབ་ཕྱོགས་ལ་ཐོག་མར་འབྱོར་མཁན་མང་པོ་གཅིག་ལ་འཕྲད་པའི་དཀའ་ངལ་མང་པོ་གཅིག་དྲན་གསོ་བྱུང་། དགེ་འདུན་བཟང་པོ་ལགས་ཀྱིས། ཐོག་མར་ལོང་བའི་སློབ་གྲྭར་འགྲོ་སྐབས་སྐད་ཆ་གང་ཡང་མི་གོ་བ་དང་བཤད་མི་ཐུབ་པས་གསང་སྤྱོད་ལ་འགྲོ་དགོས་ནའང་བཤད་མ་ཐུབ་པར་སྡོད་དགོས་བྱུང་། ཞེས་གསུངས་པ་དེ་རེད། ནུབ་ཕྱོགས་ཀྱི་བོད་པ་མང་པོ་གཅིག་གིས་ཇ་ཁང་ལ་ཇ་ཉོ་བར་འགྲོ་སྐབས་ཇ་གང་འདེམས་དགོས་མིན་མི་ཤེས་པ་དང་། གཞན་གྱིས་ག་རེ་ལབ་པ་ལ་རྗེས་ཟློས་བྱས་པའམ། ཐོག་མ་ཉིད་ནས་ངག་སྐྱོར་བཏང་ནས་འགྲོ་བ། སྐབས་རེར་ངག་སྐྱོར་བཏང་པ་དེ་དྲན་པ་བརྗེད་པ་དང་། ཇ་ཁང་གི་ལས་ཀ་བྱེད་མཁན་གྱིས་ག་རེ་སྤྲད་པ་དེ་བླངས་ནས་ཡིན་མདོག་གིས་ཞིམ་པོ་མེད་ནའང་བཏུང་ནས་འགྲོ་ཡི་ཡོད་པ་དངོས་ཡོད་རེད། དེ་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དགོད་གཏམ་གླེང་མཁན་ཉུང་ཤས་ལས་ཡོངས་གྲགས་ཆེ་ཤོས་གྲས་ཨ་རིར་གནས་བཞུགས་བསོད་ནམས་དབང་འདུས་ལགས་ཀྱིས་ཀྱང་གླེང་སོང་དྲན། དགེ་འདུན་བཟང་པོ་ལགས་ཀྱི་སྤྱན་གྱིས་མ་གཟིགས་པའི་སྐུ་ངལ་འཕྲད་པ་དང་། ཇར་མ་ནིར་སྨན་བཅོས་གནང་ཀྱང་འོད་སྣང་ཕྲན་བུ་གཟིགས་པ་ལས་དྲགས་སྐྱེད་མ་བྱུང་བ། སློབ་གྲྭར་ཕེབས་སྐབས་ལོ་ན་མཐོ་བས་ཕྲུ་གུ་ཆུང་ཆུང་མཉམ་དུ་བཞག་ཐབས་མེད་པར་བརྟེན་ལོ་ན་རྒན་པ་ཚོ་དང་མཉམ་དུ་སློབ་ཁྲིད་སྐབས་ཁོང་གིས་ལོ་གཅིག་རིང་འཛིན་གྲྭར་བསྐྱོད་པ་ལས་གང་ཡང་མ་གོ་བའི་གནས་སྟངས་ལ་ཁོང་གིས་འགྲེལ་བརྗོད་སྙིང་རྗེ་པོ་གཅིག་སྐྱོན་གནང་སོང་། ཁོང་གིས། ལོ་གཅིག་རིང་འཛིན་གྲྭར་བསྐྱོད་ནས་ལུང་ཞུ་བ་དང་གཅིག་པ་རེད། ཅེས་བརྗོད། ཁོང་དེ་སྔ་ཁོང་གི་འཁྲུངས་ཡུལ་རྒྱ་གར་རྡོ་རྗེ་གླིང་ཁུལ་ལ་ཡོད་པའི་ས་སྐྱ་དགོན་པར་ཆོས་ཞུགས་ཀྱིས་རབ་བྱུང་དགེ་འདུན་པ་གནང་ཡོད་སྟབས་ལུང་ཞུ་བ་ཞེས་དཔེ་མཚོན་སྦྱར་གནང་བ་དེ་ཡང་གསོན་ཉམས་ལྡན་པ་ཞིག་མི་འདུག་གམ།
ངའི་ངོ་ཤེས་དང་། ལས་གྲོགས། དེ་སྔ་ཝཎ་མཐོ་སློབ་ནས་སློབ་ཐོན་གནང་བའི་མི་སྣ་གཅིག་ཡོད། ཁོང་བོད་ཨིན་སྐད་ཡིག་གཉིས་ཀ་གང་ལེགས་ཡོད་པ་དང་དུས་རྒྱུན་དུ་ནང་ཆོས་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་གཅིག་རེད། ཉམས་ལེན་གང་འདྲ་ཡོད་མེད་བཤད་མི་ཤེས། སྦས་པའི་རྣལ་འབྱོར་བ་མང་པོ་ཡོད་སྟབས་བཤད་མི་ཤེས་བརྗོད་པ་ཡིན། ཁོང་གིས་དུས་རྒྱུན་སྐྲ་སེར་སྤྲེའུ་རིགས་དང་། ནུབ་ཕྱོགས་པ་རྣམས་ཕྱི་དངོས་པོའི་རྗེས་སུ་འགྲོ་མཁན་ལས་དེ་ཙམ་མེད་སྐོར་མང་པོ་གསུང་གི་རེད། ཕྲན་གྱིས་ཁོང་ལ་དེང་དུས་ཤེས་ཡོན་སློབ་གསོའི་ལམ་ལུགས་ཤར་ཕྱོགས་པ་ལས་ནུབ་ཕྱོགས་པ་ཧ་ཅང་ཚད་མཐོ་པོ་འདུག་ལ། སློབ་སྦྱོང་སྤྲོད་སྟངས་དང་། སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་སྟངས་ཧ་ལས་པའི་ཡར་ཐོན་ཡིན་པ་བརྗོད་ཀྱང་ཁོང་གིས་ཁས་ལེན་རྩ་བ་ནས་གནང་གི་མ་རེད། ཡིན་ནའང་། དགེ་འདུན་བཟང་པོ་ལགས་ཁོང་མིག་གིས་མ་མཐོང་བའི་སྐུ་ངལ་འཕྲད་ནས་ནུབ་ཕྱོགས་སུ་ཕེབས་པ་དང་། དེ་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་པ། ད་དུང་ཁོང་གི་སྐུ་ཟླ་འཁྲུངས་དུས་ནས་མིག་གིས་མ་མཐོང་བ་ཡིན་ནའང་སྐད་བརྡ་རིག་པའི་ཐོག་ལ་འབུམ་རམས་པའི་སློབ་ཐོན་ཡིན་པ་སོགས་ནི་ཤར་ཕྱོགས་ཡུལ་ཁག་ལ་མེད་པའི་ཤེས་ཡོན་སློབ་གསོའི་གོ་སྐབས་དང་ཡར་ཐོན་གནས་སྟངས་མངོན་སུམ་མིག་མཐོང་ལག་ཟིན་གཅིག་རེད། གལ་སྲིད་དགེ་འདུན་བཟང་པོ་ལགས་རྒྱ་གར་ལ་མུ་མཐུད་ནས་གནས་ཡོད་ཚེ་ད་ལྟའི་གནས་སྟངས་གང་འདྲ་གཅིག་ལ་འགྱུར་ཡོད་དམ།
བུ་ཆུང་སྐལ་བཀྲའི་ཨ་ཧ་ལེ་ཚན་གྱི་བཅར་འདྲི་ ༩༧ ཙམ་བྱས་པ་ལས་དྲི་བ་མང་ཆེ་བ་གཅིག་པ་དང་། ཆ་ཚང་ལ་གཅིག་པ་ཡིན་པ་ནི། རྨི་ལམ། རེ་བ། འཆར་སྣང་། ཞེས་པ་དེ་རེད། དགེ་འདུན་བཟང་པོ་ལགས་ཀྱི་ཨ་ཧ་དང་། ཨ་རིར་གནས་བཞུགས་གཞས་མ་བསྟན་འཛིན་ཀུན་གསལ་ལགས་ཀྱི་ཨ་ཧ་གཉིས་གཅིག་པ་རེད་འདུག ཁོང་གཉིས་ཀས་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་གླུ་གཞས་གཟིགས་འབུལ་ཞུ་རྒྱུའི་གོ་བསྐལ་བཟང་པོ་ཐོབ་པ་དེ་རེད། དེ་ནས་དགེ་འདུན་བཟང་པོ་ལགས་སུ་རེ་བ་ཡོད་པ་ལས། ཁོ་རང་གི་སྤྱན་གྱིས་མ་གཟིགས་ནའང་། ཁོང་བོད་ལ་འགྲོ་རྒྱུ་དང་། ཁོ་རང་གི་ཤ་ཁྲག་ལས་ཆད་པའི་བུ་མོ་ལོ་ན་ ༩ ལ་སོན་པ་དང་ཨ་མ་ལགས་ཀྱི་ཞལ་རས་མཇལ་རྒྱུ་ནི་ཁོང་གི་རེ་བ་དང་རྨི་ལམ་ཡིན་པ་བརྗོད་པས་ཕྲན་གྱི་སེམས་ཁོངས་གྲང་ལྷང་ལྷང་ལ་འགྱུར་བ་དང་། སྣ་རྩེར་ན་ཟུག་ལངས་སོང་། དེ་རྗེས་ཁོང་གི་ལས་གཉེར་ཁང་དང་། རྒྱ་གར་ནང་ལ་སློབ་གྲྭ་ཁག་ལ་རོགས་སྐྱོར་ལས་གཞི་སྤེལ་བཞིན་པ་སོགས་མང་པོ་གསུངས་ཀྱང་རང་ཉིད་ཚོར་བས་ཟིན་པས་ཇི་བཞིན་མ་ཐོས་ལ། རང་གི་བསམ་ཚུལ་འབྲི་མཚམས་འདི་རུ་མ་འཇོག་ཀ་མེད་བྱུང་།