གངས་རིའི་བུ་མོ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར།
རང་ཉིད་ནི་༧རྒྱལ་བ་རིན་པོ་ཆེར་དད་འདུན་ཡོད་མཁན་གཅིག་དང་། དཔེ་མཛོད་རིག་པར་སློབ་སྦྱོང་བྱེད་མཁན་གཅིག་ཡིན་སྟབས། འདས་པའི་ལོ་ཤས་སྔོན་ནས་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་གཉིས་གསར་བཞེངས་བྱ་རྒྱུའི་གསར་འགྱུར་ཐོས་སྐབས་རྨ་བྱས་འབྲུག་སྐད་ཐོས་པ་ལྟར་དགའ་བས་མྱོས་མྱོང་། ཕྱི་ལོ་ ༢༠༠༧ ལ་ཇར་མན་ནས་འབུམ་རམས་པའི་ཕྱག་འཁྱེར་བཞེས་མཁན་བོད་པ་གཅིག་དང་མཉམ་དུ་གླེང་མོལ་བྱ་སྐབས། རྒྱ་གར་ནང་ལ་བདག་ཉིད་ཆེན་པོ་གྷན་དྷིའི་རྗེས་དྲན་སློབ་གཉེར་ཁང་དང་། དཔར་བསྐྲུན་ཁང་། དཔེ་མཛོད། ཉམས་ཞིབ་ཁང་། ཤེས་ཡོན་བསྟི་གནས་ཁང་མང་པོ་ཡོད་པ་དང་། རྒྱ་ནག་ལ་མཚོན་ན་རྒྱ་ནག་གི་སྲིད་འཛིན་གྱིས་གཏམ་བཤད་གང་སྤེལ་ལ་གཞི་རིམ་མི་མང་ཚང་མར་སློབ་གསོ་དང་། གོ་རྟོགས། དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་ཡོད། ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་བཀའ་རྩོམ་པོ་ཏི་མང་པོ་གཙོ་བོ་བོད་ཡིག་དང་། ཨིན་ཡིག་སོགས་སྐད་རིགས་འདྲ་མིན་ནང་ལ་བཞུགས་པ་རང་དབང་ཐོག་ནས་བལྟ་ཀློག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཆ་ཚང་བ་ཡོད་ནའང་། བོད་པ་ཚོས་མཇལ་ཁ་དང་ཕྱག་དབང་ཨེ་ཐོབ་གཙོ་བོར་དམིགས་པ་ལས་བཀའ་སློབ་དང་བཀའ་རྩོམ་ཁག་ལ་དོ་སྣང་གིས་ཡང་ཡང་བལྟ་ཀློག་དང་། བརྗེད་ཐོ་བཀོད་ནས་གང་ཐུབ་ཉམས་ལེན་བྱེད་མཁན་དཀོན་པ་མ་ཟད། སྐབས་དེ་དུས་༧རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ལ་དཔེ་མཛོད་ཁང་དང་། ཉམས་ཞིབ་བསྟི་གནས་ཁང་། མཐོ་སློབ་ད་ལྟ་གསར་དུ་བྱུང་འགོ་བརྩམས་པ་ལྟར་མེད་པས་དེ་རིགས་དགོས་སྐོར་གླེང་མྱོང་།
༢༠༠༩ ཙམ་ལ་མིན་ནམ། གསལ་པོ་མི་དྲན། དབྱར་དུས་ཚ་བ་ཆེ་བའི་སྐབས་སུ་ཝཎ་མཐོ་སློབ་ཏུ་རྒྱ་གར་བས་གོ་སྒྲིག་ཞུས་པའི་བདག་ཉིད་ཆེན་པོ་གྷན་དྷིའི་ལྟ་གྲུབ་སྐོར་གྱི་ཟབ་སྦྱོང་ཚོགས་འདུ་ལ་བདུན་ཕྲག་གཅིག་རིང་བཅར་པ་ཡིན། བོད་པ་ཉུང་ཤས་དང་མང་ཆེ་བ་རྒྱ་གར་བ་མཐོ་སློབ་ཀྱི་སློབ་དཔོན་དང་ཆབ་སྲིད་མི་སྣ་དེ་འདྲ་འདུག ཟབ་སྦྱོང་གནང་མཁན་ཁྲོད་དུ་སྐབས་དེ་དུས་ཀྱི་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཐུགས་བྲེལ་ཆེ་ཡང་དྷ་ས་ནས་མར་ཕེབས་གནང་སོང་ལ། ཁོང་གིས་དགག་བྱ་དང་དགོས་པའི་དབང་གིས་ཟབ་སྦྱོང་ཧིན་སྐད་ཐོག་ལ་གསུངས་གནང་སོང་། རྒྱ་གར་བ་མཐོ་སློབ་ཀྱི་སློབ་དཔོན་རྣམས་ཀྱིས་དམིགས་བསལ་དོ་སྣང་ཆེན་པོས་གསན་པ་དང་། རྗེས་སུ་བར་གསེང་སྐབས་སུ་ཟམ་གདོང་རིན་པོ་ཆེས་ཧིན་སྐད་ཚད་གཞི་མཐོ་དྲགས་འདུག ཅེས་གསུངས་པ་ཐོས་པས་ཅུང་ཡིད་མ་ཆེས་པའི་སྣང་བ་དང་། ངོ་མཚར་བའི་སྣང་བ་ཤུགས་ཆེ་བྱུང་། དགོང་དྲོ་ལྷོད་ལྷོད་ཀྱིས་ཝཎ་མཐོ་སློབ་ཀྱི་གཡས་གཡོན་ལ་ཡོད་པའི་རྫ་མའི་ཕོར་པའི་ནང་ལ་ཇ་འཐུང་སྐབས། སྐབས་དེ་དུས་ཝཎ་མཐོ་སློབ་ཀྱི་བསླབ་པ་རྒན་པའི་སློབ་ཕྲུག ཉམས་ཞིབ་གནང་མཁན་ཁ་ཤས་དང་མཉམ་དུ་ཝཎ་མཐོ་སློབ་འཛུགས་དགོས་དོན་སོགས་གླེང་མོལ་བྱས་པ་ཡིན། སྐབས་དེ་དུས་ཉམས་ཞིབ་པ་དང་། དམིགས་བསལ་ལེགས་སྦྱར་སྐད་ཡིག་ལ་དོ་སྣང་ཆེ་བར་གྲགས་པའི་སློབ་མ་སྐུ་གཟུགས་རིང་པོ་གཅིག་གིས། ཟམ་གདོང་རིན་པོ་ཆེ་ཆབ་སྲིད་འཁྲབ་མཁས་པོ་རེད། ཅེས་བརྗོད་པས། ཆབ་སྲིད་འཁྲབ། ཞེས་པའི་ཚིག་ཝཎ་མཐོ་སློབ་ཀྱི་སློབ་ཕྲུག་གིས་བརྗོད་པ་ཐོས་སྐབས་ཁ་ནོར་མེད་དམ་བསམ་ནས་ཡང་བསྐྱར་བལྟས་པ་དང་མཉམ་དུ་མིག་གིས་བལྟ་སྟངས་ལས་ཁོང་གིས་ང་ལ་ཚུར་དོ་སྣང་དམིགས་བསལ་བྱུང་བ་འདྲ། ཁོང་གིས། ག་རེ་བྱས་སོང་། ངས་དྲང་པོ་བཤད་ཀྱི་ཡོད། ཅེས་ཁོ་རང་གི་བསམ་ཚུལ་ལ་བསྒྱུར་བ་མེད་པར་མུ་མཐུད་གསལ་བཤད་བྱས་སོང་། ཁོང་གིས། ཟམ་གདོང་རིན་པོ་ཆེས། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་ནན་པོ་གཅིག་ཕེབས་པ་ཡིན་ན། ལམ་སེང་དེ་ལ་འཇུས་ནས་སྤྱི་ཚོགས་ནང་ལ་ལས་འགུལ་སྤེལ་བ་དང་། བཀའ་སློབ་དགོངས་དོན་ཁག་མི་མང་ལ་གོ་རྟོགས་གསལ་པོ་བཟོ་བ་ལས། ཁོ་རང་གི་རྣམ་དཔྱོད་མ་རེད། ཅེས་བརྗོད། སྐབས་དེ་དུས་ངའི་སེམས་ནང་ལ་སྐྱོ་སྣང་ཤུགས་ཆེ་བྱུང་། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་ནན་པོ་གནང་བ་རྣམས་སྤྱི་ཚོགས་དང་མི་མང་ཁྲོད་དུ་གསལ་པོ་གོ་རྟོགས་སྤེལ་བ་དེ་ནི་བཙན་བྱོལ་བོད་གཞུང་གི་ལས་འགན་ཞིག་ཆགས་ཡོད་པ་དང་། བཀའ་ཁྲིས་ཐུགས་འགན་བཞེས་པ། བཀའ་བཞིན་བསྒྲུབ་པའི་མཆོད་པ་ཕུལ་པ་རྗེས་སུ་ཡི་རང་གི་གནས་ཡིན་ཀྱང་། གཙུག་ལག་སློབ་གཉེར་ཁང་གྲགས་ཅན་དེ་ལྟ་བུའི་ཉམས་ཞིབ་སློབ་ཕྲུག་གཅིག་གིས་བསམ་བློ་དེ་འདྲ་བཏང་པ་གང་འདྲ་ཡིན་ནམ་བསམ་པ་དང་། ཡང་དེ་ལྟའི་བསམ་སྤྱོད་སྤེལ་བའི་རང་དབང་ཡོད་པ་དེ་ཡང་༧རྒྱལ་བ་རིན་པོ་ཆེས་གནང་བའི་མང་གཙོའི་གཟི་བརྗིད་རེད་དྲན།
འདས་པའི་ལོ་ཤས་ནང་ལ་བཞུགས་སྒར་དྷ་སར་༧གོང་ས་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་དཔེ་མཛོད་ཁང་དང་ཡིག་ཚགས་ཁང་གསར་བསྐྲུན་གནང་བ་དང་། ཨ་རིའི་ནིའུ་ཡོག་ཉེ་འཁྲིས་སུ་ཨི་ཐི་ཁ་ཞེས་པའི་ས་གནས་སུ་ཡང་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་གསར་རྒྱགས་གནང་ཡོད། དེ་རིང་ ༢༠༢༤ ཟླ་ ༨ ཚེས་ ༡༦ ཉིན་ཨི་ཐི་ཁ་དཔེ་མཛོད་ཁང་ལ་༧རྒྱལ་བ་རིན་པོ་ཆེ་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཆིབས་བསྒྱུར་བཀའ་དྲིན་གནང་སོང་པ་ནི་སྣོད་བཅུད་གཉིས་ཀར་བྱིན་རླབས་ཀྱི་ཆར་ཆེན་བབ་པ་དགའ་འོས་པའི་གནས་སུ་གྱུར་། ཧ་ཅང་གཙང་ལ་ལྷིང་འཇགས་པའི་ཁོར་ཡུག་འདིར་དད་ལྡན་བརྒྱ་ཕྲག་ཁ་ཤས་ཀྱིས་རང་ལུགས་ན་བཟའ་དང་ལག་ཏུ་དཀར་གཙང་མཇལ་དར་ཐོག་ནས་བར་སྣང་ལ་མིག་གཉིས་ཕྱོགས་བཞིན་པ་ནི་ཐད་འཕུར་གནམ་གྲུ་ནག་པོ་གཅིག་གི་ནང་ལ་༧གོང་ས་མཆོག་ཕེབས་བཞིན་ཡོད་པས་རེད། སྐབས་དེ་དུས་ངའི་སེམས་ནང་ལ། ཆོས་འབྱུང་ནང་ལ་ལྷ་བབ་དུས་ཆེན་ཞེས་བཅོམ་ལྡན་འདས་ལྷ་ཡུལ་ནས་བབ་པའི་དུས་ཆེན་བརྩི་སྲོལ་ཡོད་ལ། ལྷ་བབ་མཆོད་རྟེན་ཐོག་ལ་བཅོམ་ལྡན་འདས་ནམ་མཁའ་ནས་མར་བབ་པའི་སྐུ་བརྙན་བཞེངས་སྲོལ་ཡོད་པ་དྲན་ནས། དེ་རིང་ལྷ་བབ་དུས་ཆེན་དངོས་གནས་མཇལ་སོང་སྙམ་ནས་ལུས་སེམས་གཉིས་ཀ་ཚོར་བས་ཟིན།
ཐད་འཕུར་གནམ་གྲུ་ས་ཐོག་ལ་བབ་པ་དང་། སྐུ་པར་མ་སྒྲོན་རོགས་ no picture ཞེས་པའི་འབོད་སྐད་རྣ་བར་ཐོས་པ་དང་། གཞི་ནས་རང་གི་གཡས་གཡོན་ལ་བལྟ་སྐབས་འཁྲིས་ལ་ཡོད་པའི་བོད་པ་མི་ཉུང་བས་ཕྱག་གཉིས་ཐལ་མོ་སྦྱར་རྒྱུའི་ཚབ་ལ་ལག་ཐོག་ཁ་པར་མཐོ་པོར་སྟེགས་ནས་སྐུ་པར་སྒྲོན་རྒྱུར་བྲེལ་བཞིན་འདུག་པ་མཐོང་བས་བཟོད་མི་བདེ་བའི་ཚོར་སྣང་བྱུང་། སྟབས་ལེགས་པ་གཅིག་ལ་དང་བླངས་ཕྱག་ལས་གནང་མཁན་རེ་ཞིག་གིས་སྐུ་པར་མ་སྒྲོན་རོགས་གསུངས་པས་མང་ཆེ་བས་ལག་ཐོག་ཁ་པར་བསྡུས་སོང་།
སྔོ་ལྗང་ཤིང་སྣ་དང་སྤང་ཐང་གི་ཐོག་ལ་བོད་ལུགས་ལྷ་ཁང་དང་། དཔེ་མཛོད་ཁང་ཡོད་པའི་ཨི་ཐ་ཁ་ས་གནས་སུ་དད་འདུན་ཆེན་པོས་བོད་པ་དང་ཕྱི་གླིང་པ་མང་པོ་ཕེབས་ཡོད་པ་མ་ཟད། དགེ་འདུན་པ་ཁ་ཤས་ནི་རྒྱ་གར་རྣམ་རྒྱལ་གྲྭ་ཚང་ནས་ཕེབས་འདུག བོད་པ་ཙམ་མིན་པར་དད་ལྡན་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་མཁན་དང་། སོག་རིགས་དང་རྒྱ་རིགས་སོགས་མི་སྣ་ཚོགས་ཡུལ་གྲུ་འདྲ་མིན་ནས་ཕེབས་འདུག་པའི་ཁྲོད་དུ་ཨི་ཐི་ཁ་གྲོང་ཁྱེར་སྤྱི་ཁྱབ་པ་དང་། ཉེ་ཁུལ་གཙུག་ལག་སློབ་ཆེན་གྱི་འགན་འཛིན། ཕྱི་རྒྱལ་མི་རིགས་སྦྱིན་བདག་སོགས་འདུག ཕྲན་ས་གནས་འདིར་ཐེངས་དང་པོར་བཅར་མཁན་གཅིག་ཡིན་སྟབས། ཐག་རིང་ནས་སྣུམ་འཁོར་ནང་ནས་རྣམ་གྲྭ་ཆོས་ཚོགས་དང་། དཔེ་མཛོད་ཁང་གི་ས་ཁྱོན་ཧ་ཅང་ཆེན་པོ་མཐོང་བྱུང་ལ། ས་གནས་སུ་འབྱོར་སྐབས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་གཅིག་གིས་ས་ཁྱོན་ཨེ་ཀར་ ༢༨ ཡོད་པ་གསུངས་བྱུང་།
ང་རང་ས་གནས་འདིར་སླེབས་སྐབས་སེམས་ནང་ལ་དྲན་པ་དང་མཇལ་བ་ནི་དཔེ་མཛོད་ཁང་གི་མདུན་ཐང་ལ་བཞེངས་པའི་༧རྒྱལ་བ་རིན་པོ་ཆེའི་སྐུ་བརྙན་དེ་རེད། ན་ནིང་སྐུ་བརྙན་དེའི་པར་སྤྱི་ཚོགས་དྲ་ལམ་ཁག་ལ་ཁྱབ་པ་དང་། བོད་པ་མང་པོ་གཅིག་གིས་བྱོན་ལེགས་པོ་མེད་པའམ་བསྐྱར་བཞེངས་དགོས་པའི་འབོད་བསྐུལ་རིམ་པར་གནང་རྗེས་དཔེ་མཛོད་ཁང་གི་འགན་འཁུར་མི་སྣ་དགེ་འདུན་པ་ཆོས་བཟང་ཞུ་བ་ཡིས་དགོངས་སེལ་དང་བསྐྱར་བཞེངས་ཞུ་རྒྱུའི་ཞལ་བཞེས་གནང་བ་དྲྭ་ཐོག་ལ་སྤེལ་རྗེས་ཞི་འཇམ་ལ་གྱུར་ཡོད། རྒྱུ་མཚན་དེས་མིན་ནམ་དེ་རིང་དོ་སྣང་མི་བྱེད་ཀ་མེད་བྱུང་། རང་ཉིད་བསོད་ནམས་དམན་པའི་ཡིན་ནམ། ༧རྒྱལ་བ་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་སྐབས་སུ་སྐུ་བརྙན་དང་ཞལ་ཐང་འབྲི་བ་སོགས་ལ་དེ་ཙམ་བློ་ངོར་གཤོང་གི་མི་འདུག་པས་ཐད་ཀར་དཔེ་མཛོད་ཁང་གི་ནང་ལ་བསྐྱོད་པ་ཡིན། དགོང་དྲོ་ནིའུ་ཡོག་ལ་ཕྱིར་སླེབས་རྗེས་ཨ་རིའི་རླུང་འཕྲིན་ཁང་ནས་སྤེལ་བའི་བརྙན་གཅིག་ནང་ལ། སྐུ་གཞོགས་ཆོས་བཟང་ལགས་ཀྱིས། བོད་པ་ཚོས་ནམ་རྒྱུན་གསེར་སྐུ་མང་པོ་མཇལ་བས་ཕྱི་རྒྱལ་བས་སྒྱུ་རྩལ་ཐོག་ནས་བཞེངས་པའི་སྐུ་བརྙན་མཇལ་ཁག་པོ་ཡོད་ནའང་། ང་ཚོས་ནམ་རྒྱུན་ཡང་ཡང་མཇལ་དུས་སྐུ་དངོས་མཇལ་བའི་ཚོར་སྣང་སླེབས་རྒྱུ་འདུག ཅེས་གསར་འགོད་པར་འགྲེལ་བརྗོད་གནང་བ་གཅིག་མཐོང་ནའང་། གང་ཟག་སོ་སོའི་ལས་བསྐལ་དང་མཐོང་སྣང་མི་འདྲ་བ། འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས། །ཞེས་པ་ལྟར་ཡིན་ངེས་པ་ལས་ཕྲན་གྱིས་དེ་ལ་མཐའ་གཅིག་ཏུ་བདེན་པ་རེད་ཅེས་ཞུ་སྤོབས་བྲལ།
དཔེ་མཛོད་ཁང་གི་ཕྱིའི་རྣམ་པ་བོད་ལུགས་ཀྱི་དགོན་སྡེའི་ཁང་བཟོའི་རྣམ་པ་མཇལ་བ་དང་། ལྡེབས་བྲིས་སོགས་ལས་དགོན་སྡེའི་ལྷ་ཁང་དང་། ཡང་ན་འགྲེམས་སྟོན་ཁང་གི་ཚོར་ཤུགས་ལས་དཔེ་མཛོད་ཁང་དང་། ཉམས་ཞིབ་བསྟི་གནས་ཁང་གཅིག་གི་ཚོར་ཤུགས་སླེབས་ཁག་ཙམ་བྱུང་། མདུན་སྒོའི་སྒོ་འཕྱོར་འོག་ལ་ཞལ་འདེབས་གནང་མཁན་ཐོོ་གཞུང་གཅིག་གྱང་སྟེང་ལ་བྲིས་གནང་འདུག་པ་དང་། བོད་ལུགས་ཁང་བཟོའི་ཀ་དུང་གི་སྟེང་ལ་༧རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་དམ་བཅའ་བཞི་བོད་ཡིག་གོང་དང་ཨིན་ཡིག་འོག་ལ་བྲིས་འདུག དེ་ནས་ལྡེབ་རིས་གཅིག་ལ་དམིགས་བསལ་དོ་སྣང་བྱུང་ལ། དེ་གར་བཞུགས་མཁན་དགེ་འདུན་པ་གཅིག་གིས་ངོ་སྤྲོད་གནང་བར་གཞིགས་ན། ལྡེབ་རིས་འདི་ལ་དེ་རིང་༧རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་སྐབས་སུ་དམིགས་བསལ་ཐུགས་སྣང་དང་། ཐུགས་དགྱེས་ཚོར་ཆེན་པོ་གནང་སོང་ཞེས་གསུངས། རྩ་བའི་༧རྒྱལ་བ་རིན་པོ་ཆེ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཉམས་ལེན་གནང་མཁན་གཅིག་ཡིན་སྟབས་ཐུགས་མི་དགྱེས་པའི་གནས་མེད་ངེས་བསམ་ཡང་ཐད་ཀར་ཁོང་ལ་གང་ཡང་ཞུས་མེད། ལྡེབས་རིས་དེ་ནི་དཀྱིལ་ལམ་གཤམ་ལ་བོད་ཀྱི་ས་ཁྲ་ཡོད་པ་དང་། ཟུར་དང་སྟེང་ལ་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐུ་ཚེའི་མཛད་རྣམ་བྲིས་གནང་འདུག ཕྲན་གྱིས་གོང་ཞུས་ལྟར། ༧རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་སྐབས་ནས་ལྡེབ་རིས་དང་སྐུ་བརྙན་བཞེངས་པ་དེ་རིགས་ལ་ཕྲན་གྱིས་མཇལ་མི་ཐུབ་ནའང་། དེ་སྔ་མདོ་སྨད་གྱ་སྟོན་སྐབས་སུ་མཛད་བརྒྱ་མཐོང་བ་དོན་ལྡན་ཞལ་ཐང་དང་། ཕྱག་དེབ་གཉིས་ཀ་ལྷ་བྲིས་པ་སྐལ་བཟང་ལགས་ཀྱིས་བཞེངས་པ་དེ་ཕྲན་ལ་ཡང་གནང་སོན་བྱུང་བས་ད་ལྟ་ཉར་ཚགས་ལས་ཁང་ཁྱིམ་ནང་ལ་རྟེན་ཁྲོད་གཤམ་མེད། དེ་ནི་རང་ཉིད་ཀྱི་མྱོང་སྣང་ཙམ་རེད།
ཕྲན་གྱིས་དཔེ་མཛོད་ཁང་གི་སྒོ་འགྲམ་ལ་སླེབས་དུས་ནས་འགྲེམས་སྟོན་ཁང་ངམ་ལྷ་ཁང་གི་སྣང་བ་ཤུགས་ཆེ་བ་སླེབས་པ་བཞིན། འགྲེམས་སྟོན་ཁང་ཡང་འདུག གྱང་སྟེང་ལ་དཀྱིལ་འཁོར་ཆེན་པོ་གཅིག་འདུག་པ་དང་། མདུན་གྱི་ཤེལ་སྒྲོམ་ནང་ལ་ཐིང་ཤོག་ཐོག་ལ་རིན་ཆེན་དང་གཉིས་ཀྱིས་བཞེངས་པའི་མདོ་སྡེ་བསྐལ་བཟང་པོད་གཅིག་བཞུགས་སུ་གསོལ་འདུག་པ་ནི་༧རྒྱལ་བ་རིན་པོ་ཆེས་གནང་བ་གསུངས། པོད་གཅིག་དེ་ནི་རིན་ཆེན་གསེར་དངུལ་ལས་བཞེངས་པ་ཡིན་སྟབས་ལྗིད་ཚད་སྤྱི་རྒྱ་ ༥༠ ལྷག་ཡོད་པ་གསུངས་པས་ཧང་སངས་པའི་གནས་སུ་གྱུར་པ་དང་། རང་ཉིད་དཔེ་མཛོད་རིག་པའི་སློབ་ཕྲུག་གཅིག་ཡིན་སྟབས་དཔེ་མཛོད་ཐོག་མར་དར་ཁྱབ་བྱུང་ཡུལ་ཁག་ལ་དེབ་རྣམས་རྡོ་ལེབ་ཐོག་ལ་བྲིས་ནས་ཉར་ཚགས་ཡོད་པ་དེ་དྲན་པ་དང་། ད་དུང་འཛམ་གླིང་ནང་ཤོག་བུ་དར་ཡུལ་དང་པོའི་ཁོངས་སུ་བོད་དང་རྒྱ་ནག་སོགས་ཀྱི་མིང་ཡོད་པ་དེ་སྔ་སློབ་དེབ་ནང་ལ་མཐོང་བ་སོགས་དྲན། ད་ལན་ཐིང་ཤོག་ཅེས་པ་ལོ་ཇི་ཙམ་མ་རུལ་བར་གནས་ཐུབ་བམ་བསམ། གོང་དུ་མདོ་སྡེ་བསྐལ་བཟང་ཞལ་ཕྱེ་ནས་ཡོད་པ་དེ་མཇལ་སྐབས་བོད་ནང་གི་འབྲས་སྤུངས་དགོན་པའི་ལྷ་ཁང་གཅིག་གི་ནང་ལ་དཔེ་ཆ་རྙིང་པ་ཞལ་ཕྱེས་གནང་ནས་བཞུགས་སུ་གསོལ་ཡོད་པ་མཇལ་རྒྱུ་ཡོད་པ་དེ་ཡང་དྲན། དེ་གའི་དགེ་འདུན་པ་གཅིག་གིས་འགྲེལ་བརྗོད་གནང་བར། ཕྱག་དེབ་བསྟན་ནས་དེའི་ནང་ལ་བོད་ནང་གི་སེ་འབྲས་དགེ་གསུམ་དང་ས་སྐྱ་བསམ་ཡས་སོགས་ཀྱི་ལྡེབས་རིས་ཆ་ཚང་བའི་པར་ཡོད་པ་གསུངས་པ་དང་། ཁོ་རང་གིས་དེབ་དེ་ནི་དམིགས་བས་ཞེ་དྲག་རེད་ཅེས་གསུངས་བྱུང་།
རྩ་བའི་དཔེ་མཛོད་གསར་པ་དེ་ཨ་རིར་ཡོད་པ་དང་། དཔེ་བལྟ་ཡུལ་ནིའུ་ཡོག་དང་། ཨ་རི་དང་ཁེ་ན་ཌའི་གྲོང་ཁྱེར་ཚང་མར་མི་མང་དཔེ་མཛོད་ཁང་དང་། མཐོ་སློབ་དཔེ་མཛོད་ཁང་། སློབ་གྲྭའི་དཔེ་མཛོད་ཁང་། དམིགས་བསལ་དཔེ་མཛོད་ཁང་སོགས་དཔེ་མཛོད་རིགས་མི་འདྲ་བ་བཞི་ལ་དབྱེ་བ་ཕྱེ་སྲོལ་ཡོད་པ་དཔེ་མཛོད་ཡང་དཔེ་བལྟ་ཡུལ་མང་པོ་ཡོད་པས་གཟིགས་ཡོད་ངེས། ངས་བསམ་ན་ད་ལན་གྱི་དཔེ་མཛོད་ཁང་དེ་ནི་དམིགས་བསལ་དཔེ་མཛོད་ཁང་མིན་ནམ་བསམ་པ་དང་། ཡང་། ཡོང་མཁན་སུ་ཡོང་ནའང་འགྲིག་པ་དེས་མི་མང་དཔེ་མཛོད་ཁང་གི་ངོ་བོ་འདྲ་པོ། ཡང་ཉམས་ཞིབ་པ་སོགས་ཡོང་མཁན་ཡོད་པས་ academic library འདྲ་པོ་མཇལ། ད་ལྟའི་ཆར་དཔེ་མཛོད་ཁང་གི་ནང་ལ་ལས་ཀ་བྱེད་མཁན་མང་ཆེ་བ་ཕྱི་རྒྱལ་བ་དང་བླངས་མི་སྣ་ཡིན་འདུག་པ་དང་། ཁོ་ཚོས་དཔེ་ཐོ་བཟོ་བཞིན་པ་བརྗོད་བྱུང་། དཔེ་མཛོད་ཁང་གི་དེབ་བརྒྱ་ཆ་ ༩༠ ལྷག་༧རྒྱལ་བ་རིན་པོ་ཆེའི་ཕྱག་དེབ་དང་། མི་སྣ་གཞན་གྱིས་༧རྒྱལབ་རིན་པོ་ཆེའི་སྐུ་གསུང་དང་འབྲེལ་བའི་དེབ་བྲིས་པ་ཁག་ཡིན་པ་བརྗོད། ཕྲན་གྱིས་ད་བར་ཐབས་འཚོལ་བྱེད་བཞིན་པའི་བཀའ་བསྟན་དཔེ་བསྡུར་མའི་དེབ་གཟུགས་དེ་ནས་མཇལ་བ་དང་། ཕྲན་གྱིས་དགེ་འདུན་པ་གཅིག་ལ་གང་འདྲ་བྱས་ནས་བླུ་ཡོན་ཞུས་མིན་སྐོར་དྲིས་ཀྱང་ཁོང་ལ་གསལ་པོ་གསུང་རྒྱུ་མི་འདུག
རྩ་བའི་ཕྱི་རྒྱལ་གྱི་ཁང་པར་ཀ་བ་སོགས་མེད་ནའང་། དཔེ་མཛོད་ཁང་དེའི་ནང་ལ་ཆེད་དུ་གཉེར་ནས་བོད་ལུགས་ཁང་པའི་ཀ་བ་དང་གདུང་མ། རི་མོ། ད་དུང་ཟབ་སྦྱོང་དང་བགྲོ་གླེང་གནང་ཡུལ་ཚོགས་ཁང་གཅིག་འདུག་པ་དེའི་ནང་ལ་རྟེན་གཙོ་བོ་ཐུབ་པའི་སྐུ་བརྙན་དང་བཀའ་བསྟན་སོགས་ལྷ་ཁང་ངམ་འདུ་ཁང་གི་རྣམ་པ་གསལ་པོ་མངོན་གྱི་འདུག སྐབས་དེ་དུས་ཕྲན་གྱི་སེམས་ནང་ལ། དཔེ་མཛོད་ཁང་ལ་དམིགས་བསལ་དགོན་སྡེའི་རྣམ་པ་བཟོས་པ་དེ་རིགས་ཇི་ཙམ་གྱིས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་གྱི་ཡོད་དམ་བསམ། རྒྱུ་མཚན་ནི་དེ་སྔ་ནུབ་ཕྱོགས་ཡུལ་ཁག་ཡི་ཤུའི་ཆོས་ལུགས་དར་ཁྱབ་ཆེ་བའི་ས་གནས་སུ་བོད་ལུགས་ཀྱི་དགོན་པའི་རྣམ་པ་ཆེན་པོ་ཡོད་པ་དེ་རིགས་བཞེངས་ན་འགྲིག་མིན་བཀའ་སློབ་ཕེབས་ཡོད་སྐོར་རྒན་རབས་མི་སྣ་གཅིག་གིས་གསུངས་པ་དྲན། ད་དུང་རང་ཉིད་དཔེ་མཛོད་ཁང་ནང་ལ་ལས་ཀ་དང་སློབ་སྦྱོང་བྱེད་མཁན་གཅིག་ཡིན་སྟབས། མི་མང་དཔེ་མཛོད་ཁང་དང་སློབ་གྲྭའི་དཔེ་མཛོད་ཁང་ནི་ཚོར་སྐྱེན་ཆེ་བའི་ས་གནས་སུ་ངོས་འཛིན་བྱེད་དོན་ནི་ཆོས་ལུགས་དང་ཆབ་སྲིད་ཀྱི་རྣམ་པ་དང་དེབ་སོགས་ལས་ཡོང་གི་ཡོད། ༧རྒྱལ་བ་རིན་པོ་ཆེའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོངས་གཞི་དང་། ནང་ཆོས་དང་ཚན་རིག་གི་དགོངས་གཞི་སོགས་ལ་ཉམས་ཞིབ་བྱེད་མཁན་མི་སྣ་ཡི་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས་རྗེས་འབྲང་བ་རྣམས་དཔེ་མཛོད་དེའི་ནང་ལ་ཡོང་རྒྱུར་ཁོར་ཡུག་ཆ་ནས་སྟབས་བདེ་ཚོར་སྲིད་དམ་བསམ་ནས་རང་ཉིད་དོགས་འདྲིའི་དྲྭ་བར་ཚུད།
༧རྒྱལ་བ་རིན་པོ་ཆེ་ནི་ཐུགས་རྒྱ་ཡངས་པོ་དང་། ཚན་རིག་པ་ཡིན་པར་ངོས་འཛིན་བྱེད་མཁན་མང་ནའང་། ནུབ་ཕྱོགས་ཡུལ་ཁག་ལ་༧རྒྱལ་བ་རིན་པོ་ཆེའི་ཕྱག་དེབ་ཁག་ཆོས་ལུགས་སྡེ་ཚན་ཁོངས་སུ་འཇོག་གི་ཡོད་པ་དེབ་ཚོང་ཁང་དང་། དཔེ་མཛོད་ཁང་གི་དེབ་སྒྲོམ་དང་དཔེ་ཐོ་ཁག་ལས་གསལ་པོ་མཐོང་ཐུབ། ཐོག་མར་ང་རང་དེའི་ཐོག་ལ་འདོད་མོས་མེད་པ་དང་། ངས་༧རྒྱལ་བ་རིན་པོ་ཆེའི་ཕྱག་དེབ་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པ་སོགས་ཚན་རིག་སྡེ་ཚན་ཁོངས་སུ་འཇོག་ཐབས་བྱས་ནའང་། ཕྱི་རྒྱལ་མི་མང་པོས་༧ཏཱ་ལའི་བླ་མ་ལབ་པ་དང་ཆོས་ལུགས་ཚབ་མཚོན་མི་སྣར་ངོས་འཛིན་བྱེད་རྐྱང་བྱེད་ཀྱི་འདུག ཡིན་ནའང་། དངོས་ཡོད་མ་རེད། ༧རྒྱལ་བ་རིན་པོ་ཆེས། ཕྱེད་ཀ་ཚན་རིག་པ། ཡིན་ཞེས་བཀའ་གནང་མྱོང་ཡོད་ལ། དམིགས་བསལ་དེང་སྐབས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ལ་བཀའ་སློབ་ལམ་སྟོན་ཕེབས་མུས་སུ་ཡོད་སྟབས། ༧རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ལ་ཡོད་པའི་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་དེ་རིགས་ཀྱིས་ནང་པ་ཙམ་མིན་པར་ཆོས་ལུགས་གཞན་ལ་དད་ཞེན་ཡོད་མཁན་དང་། དམིགས་བསལ་ཆོས་དད་ཡོད་མེད་ཀུན་ལ་སྙོབས་ཐུབ་པ་གཅིག་ཅིས་ཀྱང་དགོས་པས་དཔེ་མཛོད་ཁང་ནང་ལ་ནང་པའི་རྟེན་གཙོ་དང་། བཟོ་བཀོད་དེ་རིགས་ལ་བསྐྱར་དུ་ཐུགས་སྣང་གནང་དགོས་པ་མཐོང་། རྒྱུ་མཚན་ནི་ནང་པ་གཅིག་གིས་ཧིན་དྷུ་དང་། ཁ་ཆེའི་ཆོས་ལུགས་ཀྱི་རྣམ་པ་ཧ་ཅང་ཆེ་བའི་དཔེ་མཛོད་ཁང་གཅིག་གི་ནང་ལ་ཐོག་མར་བསྐྱོད་སྐབས་མི་བདེ་བ་ཡོང་སྲིད་ལ། མུ་མཐུད་འགྲོ་སྐབས་དགོས་མཁོའི་དེབ་ཀྱི་ནང་དོན་ལ་མ་བལྟས་སྔོན་ལ་ཁོར་ཡུག་གིས་དོ་སྣང་འཕྲོག་པའི་ཉེན་ཁ་ཡོད་པ་ལྟ་བུའོ།
ངས་གོང་དུ་བརྗོད་པ་དེ་རིགས་ནི་ཆོས་ཀྱི་རྣམ་པ་ཡོད་ན་ལེགས་པོ་མེད་པ་བརྗོད་ཀྱི་མེད་ལ། ཆོས་ལ་དགག་པ་དེ་བས་བྱ་ཡི་མེད། ངས་བརྗོད་འདོད་པ་ནི་༧རྒྱལ་བ་རིན་པོ་ཆེའི་ཐུགས་བཞེད་ལྟར་ཆོས་དད་ཡོད་མེད་ཀུན་ལ་ཕན་ཐོགས་ཡོང་བ་དང་བཟང་སྤྱོད་གོང་མཐོར་སྤེལ་རྒྱུར་དཔེ་མཛོད་ཁང་དེ་ཡང་ཆོས་ལུགས་བྱེ་བྲག་པ་གཅིག་གམ། ཡང་ན། ཆོས་ལུགས་ཀྱི་རྣམ་པ་དེ་ཙམ་མེད་པར་ཤེས་ཡོན་བསྟི་གནས་སམ་ཉམས་ཞིབ་ཁང་གི་ངོ་བོར་གནས་ཐུབ་པ་ཡིན་ན་ཕན་ཐོགས་ཆེ་བ་མེད་དམ་བསམ་པའི་བསམ་ཚུལ་ལྷུགས་པོར་བརྗོད་ཁུལ་ཡིན། སླར་ཡར་དཔེ་མཚོན་ཁ་ཤས་བརྗོད་ན། ཨི་ཐི་ཁ་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་གསར་བཞེངས་སྐབས་ནས་ཐུགས་འགན་བཞེས་མཁན་དགེ་འདུན་པ་གཅིག་གིས་དཔེ་མཛོད་ཁང་ལ་དམིགས་བསལ་གང་ཡོད་པ་འགྲེལ་བརྗོད་སྐྱོན་སྐབས་དཔེ་དེབ་དམིགས་བསལ་བ་དང་། ཆོས་དཔེ་དམིགས་བསལ་པ་དེ་འདྲ་ལས་ལྷག་པ་སྐུ་བརྙན་དམིགས་བསལ་ཡོད་པ་དང་། གལ་སྲིད་འགྲེལ་བརྗོད་བྱས་པ་ཡིན་ན་མི་མང་པོ་ཡོང་སྲིད་པ་སོགས་གསུངས་པ་ཐོས་པས་ཅུང་མི་བདེབ་བྱུང་། དཔེ་མཛོད་ཁང་གི་ནང་ལ་དམིགས་བསལ་ཡོད་དགོས་ན་དཔེ་དེབ་དང་། དྲྭ་མཛོད། ཤེས་ཡོན་གྱི་བྱེད་སྒོ་དམིགས་བསལ་སོགས་ནས་ཡོང་དགོས་པ་ལས་སྐུ་བརྙན་ཐོག་ནས་དཔེ་མཛོད་དམིགས་བསལ་བ་ཆགས་ཟེར་ན་ཅུང་མི་བདེ་བ་ཚོར་།
གནམ་གཤིས་ཧ་ཅང་ལེགས་ལ། ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས། འཛམ་གླིང་གི་རྒྱལ་སར་གྲགས་པའི་ནིའུ་ཡོག་གྲོང་ཁྱེར་གྱི་ Manhattan ཁུལ་གྱི་ཆུ་འགྲམ་ལ་ཕྱི་ཟླ་ ༨ པའི་གནམ་གཤིས་དང་། མཛེས་ལྗོངས་ལ་རོལ་སྐབས་ཕྲན་ལྟ་བུ་ཐེངས་དང་པོར་ནིའུ་ཡོག་གྲོང་ཁྱེར་ལ་སླེབས་མཁན་གཅིག་ལ་མཚོན་ན་བལྟ་བས་མི་ངོམས་པའི་ཚོར་སྣང་སྦྱིན། ནམ་རྒྱུན་རང་ཉིད་འདུ་འཛི་ཆེ་བའི་ས་གནས་སུ་མི་དགའ་ནའང་མེན་ཧ་ཌན་ཆུ་ཡིས་གྲོང་ཁྱེར་ལ་སྔར་བས་མཛེས་སྡུག་དང་ཡིད་དུ་འོང་བའི་སྣང་བ་སྟེར། ས་ཁུལ་འདིར་ཆུ་ཙམ་མིན་པར་མཐོ་ཞིང་བརྗིད་པའི་ཁང་བརྩེགས་གནམ་ལ་ཟུག་པ་ལྟ་བུ་དང་། གྲུ་གཟིངས་ཆེན་པོའི་ནང་ལ་ལྗོངས་རྒྱུ་བ་མང་པོ་ཕར་ཚུར་བསྐྱོད་ནས་དགའ་བདེའི་དཔལ་ལ་རོལ་བ་མཐོང་སྐབས་ནུབ་ཕྱོགས་ཡུལ་ལ་ཌོ་ལར་རྗེས་སུ་རྒྱུགས་མཁན་མི་མང་པོར་རེ་ཞིག་བདེ་བའི་སྣང་བའམ། ཡང་ན། རྣམ་གཡེང་གི་རྒྱུ་ཆ་སྦྱིན་འདུག་ཨང་བསམ། ཆུ་འགྲམ་ལ་ཆགས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་ཟས་རིགས་ཡོད་པའི་ཟ་ཁང་དང་། རླུང་བུ་སིལ་སིལ་དང་གནམ་གཤིས་ཚ་དྲོད་སྙོམས་པོའི་ཁྲོད་ལ་འཆམ་འཆམ་དང་། ལ་ལ་ཟས་རིགས་ལ་རོལ་ནས་ཅི་འཕྲོས་མོལ་འཕྲོས་ལ་གོ་བོ་གཡེང་བ་དེ་རིགས་མཐོང་སྐབས་རང་ཉིད་ཀྱང་སྐབས་ཤིག་རིང་རྣམ་གཡེང་གི་གཞན་དབང་འོག་ཚུད། ཡིན་ནའང་། རང་ཉིད་དེ་རིང་ཞོགས་པ་ upstate New York ཁུལ་ལ་ཆགས་པའི་ཨི་ཐི་ཁ་ལ་བསྐྱོད་པ་དང་། མཇལ་ཁ་ཐོབ་པའི་སྣང་བརྙན་དེ་དག་སེམས་ལ་འཁོར་། ཨི་ཐི་ཁ་ནི་ནིའུ་ཡོག་གྲོང་ཁྱེར་ནས་ཆུ་ཚོད་བཞིའི་ལམ་ཐག་ལ་གནས་འདུག་པ་དང་། དེ་གར་ཡུལ་ལྗོངས་མཛེས་ལ་དམིགས་བསལ་ཤེས་ཡོན་བསྟི་གནས་ཀྱི་ས་གནས་ཤིག་ལ་ངོས་འཛིན་བྱེད་ཆོག་པ་འདྲ། Cornell University དང་ Ithaca College གཉིས་ཀྱིས་གྲོང་བརྡལ་དེར་ཤེས་ཡོན་གྱི་ཁོར་ཡུག་བཟང་པོ་བསྐྲུན་འདུག་ལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་དཔེ་མཛོད་ཁང་གིས་དེ་བས་སྣོད་བཅུད་གཉིས་ཀ་ཕུན་སུམ་ཇེ་ཚོགས་ལ་བཏང་འདུག ཕྲན་དེ་རིང་ས་གནས་འདིར་བསྐྱོད་པའི་ལམ་བར། ཟ་ཁང་གཅིག་གི་ནང་ནས་མི་རིགས་དཀར་པོའི་བཟའ་མི་གཉིས་དང་། ཕྲུ་གུ་གཉིས་ཐུག་འཕྲད་བྱུང་བ་དང་། ཁོ་གཉིས་ཀྱང་དེ་རིང་༧རྒྱལ་བ་རིན་པོ་ཆེ་ཕེབས་ཀྱི་ཡོད་སྟབས་ཆེད་དུ་མཇལ་ཁ་ཞུ་བར་འགྲོ་ཡི་ཡོད་ཅེས་བརྗོད་བྱུང་ལ། མི་རིགས་དཀར་པོའི་ཁྱོ་ག་དེས་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་སྐོར་ལ་དམིགས་བསལ་དོ་སྣང་དང་། ཁོ་རང་གིས་རེ་བ་བྱེད་བཞིན་པ་ནི་སྒོམ་ཁྲིད་ཀྱིས་འདུ་འཛི་ཆེ་བའི་ནིའུ་ཡོག་གྲོང་ཁྱེར་གྱི་མི་རྣམས་ལ་རེ་ཞིག་སེམས་ངལ་གསོ་བའི་སྨན་ཁང་ལྟ་བུར་འགྱུར་བའི་རེ་བ་ཡོད། དེ་མིན་དཔེ་མཛོད་ཁང་ནིའུ་ཡོག་ལ་མང་པོ་ཡོད་རེད། ཅེས་བརྗོད། དེང་སྐབས་ཕྱི་རྒྱལ་མི་རིགས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཆེ་བས་སྒོམ་སྒྲུབ་བམ། སེམས་ངལ་སེལ་བའི་ཐབས་ལམ་ལ་སེམས་རྩེ་གཅིག་པའི་འཇོག་སྒོམ་དང་། དབུ་མའི་ལྟ་བ་སོགས་ལ་སློབ་སྦྱོང་གིས་དཔྱད་སྒོམ་སོགས་ལ་དོ་སྣང་བྱེད་བཞིན་པ་ངོ་མཚར་སྐྱེས། རང་ཉིད་ལ་མཚོན་ན་ནང་པ་ཡིན་པ་དང་། ནང་ཆོས་ལ་དད་འདུན་ཡོད་ནའང་ད་བར་སྒོམ་ཟེར་བ་རྩ་བ་ནས་རྒྱབ་མྱོང་མེད་པས་མི་རིགས་དཀར་པོ་དེས་གང་བཤད་ལ་བདེན་ཆ་སྟེར་ཁུལ་ལས་རང་ལ་སྒོམ་གྱི་ཉམས་ལེན་མེད་སྟབས་གདེངས་ཚོད་ལྡན་པའི་གླེང་མོལ་བྱ་ཐུབ་མ་སོང་། དེ་ནི་ང་དང་ང་འདྲ་བའི་བོད་པ་མང་པོ་གཅིག་གི་ཞན་ཆ་མིན་ནམ་སྙམ། གོང་དུ་ཕྱི་རྒྱལ་མི་རིགས་དེས་བརྗོད་པ་ལྟར། ནིའུ་ཡོག་དང་། ཨི་ཐི་ཁ་ས་གནས་ཀྱི་གཙུག་ལག་སློབ་ཆེན་ཁག་ལ་དཔེ་མཛོད་ཁང་ཡག་པོ་དེ་འདྲ་ཡོད་སྟབས། ༧གོང་ས་མཆོག་གི་མཚན་ཐོག་ལ་ཡོད་པའི་དཔེ་མཛོད་ཁང་དེ་ནི་གཞན་དང་མི་འདྲ་བའི་ཁྱད་ཆོས་སམ། གཞན་གྱིས་མཐུན་རྐྱེན་སྦྱོར་མི་ཐུབ་པའི་རིགས་འཚོལ་སྙེགས་བྱེད་སའི་ཤེས་ཡོན་བསྟི་གནས་ཤིག་ཡོང་བ་བྱ་རྒྱུ་གལ་ཆེན་དོན་ཆེན་ཆགས་ཡོད།
༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་གསར་བཞེངས་སྐབས་ནས་ཕྱག་ལས་གནང་མཁན་དགེ་འདུན་པ་ཆོས་བཟང་ལགས་ཀྱིས། ཚོགས་ཁང་ནང་ལ་ཡོད་པའི་སྐུ་རྟེན་ཁྲོད་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་དེ་ནི་༧རྒྱལ་བ་ཚེ་འཛིན་མ་ཞུ་བ་དང་། དེ་སྔ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་སྐབས་ཕྱག་ལ་འཁོར་ལོ་ཡོད་ནའང་། ད་ལྟ་ཆབ་སྲིད་ཀྱི་མཛད་པ་སྒྲུབ་ཟིན་པས་སྐུ་ཚེ་རིང་པོ་བཞུགས་རྒྱུར་ཚེ་བུམ་བསྣམས་ཡོད་རེད། ཅེས་བརྗོད། དེ་ནས་ཚོགས་ཁང་ནང་གི་བཀའ་བསྟན་དཔེ་ཆ་རྣམས་བོད་ཤོག་ཐོག་ལ་ཡོད་པ་དང་། བོད་ནས་གདན་འདྲེན་ཞུས་པའི་སྡེ་དགེ་བཀའ་བསྟན་དཔར་མ་ཡིན་པ་དང་། རྟེན་གཙོ་ཐུབ་པའི་སྐུ་བརྙན་དེ་ནི་བལ་ཡུལ་ལ་ཉེ་དུས་ས་ཡོམ་བྱུང་རྗེས་བྱ་རུང་ཁ་ཤོར་མཆོད་རྟེན་གཞིགས་བཟོའི་རྗེས་སུ་ཟངས་མང་པོ་ལྷགས་ཡོད་པ་བལ་ཡུལ་གནས་སྡོད་ཀོང་པོ་བུ་དོན་གྲུབ་སྐབས་དེ་དུས་གཞིགས་བཟོ་ལས་ཀ་བྱེད་མཁན་ཁྲོད་ཡོད་པ་ཁོང་གིས་བལ་གཞུང་ལ་ཞུས་ནས་གནང་བ་ཐོབ་པ་ལྟར་ཐུབ་པའི་སྐུ་བརྙན་འདི་བཞེངས་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་སྐོར་བརྗོད། དཔེ་མཛོད་ཁང་དེ་ནི་ ༢༠༡༧ ནས་ལས་འགོ་བརྩམས་པ་དང་། ༢༠༢༣ ཟླ་ ༩ ཚེས་ ༨ ཉིན་དབུ་འབྱེད་མཛད་སྒོ་གནང་འདུག ཆོས་ལུགས་ནང་ཁུལ་གྱི་ཚོགས་འདུ་དང་བགྲོ་གླེང་ཐེངས་བཞི་ཙམ་ཚོགས་པ་དང་། བོད་ཀྱི་མཁན་པོ་དགེ་བཤེས་སོགས་མང་པོ་ཕེབས་ཡོད་འདུག
ངས་གོང་དུ་མང་པོ་མིན་ཡང་ཅུང་ཙམ་བརྗོད་པ་ལྟར། དཔེ་མཛོད་འདིའི་བཟོ་བཀོད་སུས་བཟོས་སམ། དགེ་འདུན་པ་ཆོས་བཟང་གིས་བོད་ནང་གི་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་གི་པར་ཕྱི་རྒྱལ་ཁང་བཟོའི་རི་མོ་འབྲི་མཁན་མང་པོར་སྤྲད་ནས་བཟོ་བཀོད་འབྲི་རུ་བཅུག་པ་དང་རི་མོ་འབྲི་མཁན་མང་པོས་དེང་དུས་དཔེ་མཛོད་ཁང་གི་ཁང་བཟོའི་བཟོ་བཀོད་རི་མོ་བྲིས་ཀྱང་། རི་མོ་འབྲི་མཁན་གཉིས་ཀྱིས་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་དང་འདྲ་བ་གཞི་ལ་བཞག་ནས་གསར་བཞེངས་བྱས་པ་བརྗོད། དཔེ་མཛོད་ཁང་འདི་ལ་མཚོན་ན་དམིགས་བསལ་ནི་ ༢༠༢༤ ཟླ་ ༨ ཚེས་ ༡༦ ཉིན་མོ་༧རྒྱལ་བ་རིན་པོ་ཆེ་དཔེ་མཛོད་ཁང་ལ་དངོས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དེ་རེད། དེ་ནི་དེ་རིང་རེད། །
༧གོང་ས་མཆོག་ནས་བོད་མི་རིགས་གཙོ་བོར་རྒྱུར་བའི་འཛམ་གླིང་མི་མང་ལ་བྱམས་བརྩེ་དང་སྙིང་རྗེ་གཞན་ཕན་གཙོ་བོར་འཛིན་པའི་ཆོས་སྲིད་ཀྱི་བཀའ་སློབ་གྲངས་ལས་འདས་པ་ཕེབས་པ་རྣམས་མ་འོངས་མི་རབས་གསར་པའི་་སློབ་སྦྱོངས་དང་ཉམས་ལེན་བྱེད་སའི་དཔེ་མཛོད་ཁང་ལུང་པ་མང་པོའི་ནང་འཛུགས་དགོས་ནི་ཧ་ཅང་གི་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐུགས་འགན་བཞེས་དགོས་པའི་འབོད་བསྐུལ་ཞུ་འདོད་བྱུང་། སངས་རྒྱས་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་ནས་ལོ་ཉི་སྟོང་ལྔ་བརྒྱ་ལྷག་འགྲོ་གི་ཡོད་ན་ཡང་ཁོང་གི་གསུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ང་ཚོའི་བལྟ་ཀློག་བྱ་རྒྱུའི་བསོད་ནམས་ཀྱིས་ཚོགས་བསགས་དུ་ལྷག་ཡོད་པ་བཞིན་༧ གོང་ས་མཆོག་གིས་བཀའ་སློབ་གསུང་འབུམ་རྣམས་ལོ་ངོ་སྟོང་ཕྲག་མང་པོར་མི་རབས་རིམ་པའི་སློབ་སྦྱོངས་བྱ་རྒྱུའི་སློབ་དེབ་དུ་གནས་དགོས་པ་དེ་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།