གནས་ཚུལ་གཏོང་མཁན། ཡེ་ཤེས་འཁོར་ལོའི་ཆོས་ཚོགས།
དེ་ཡང་འཇམ་མགོན་མི་ཕམ་པས། སྙིགས་མའི་དུས་ངན་གྱི་མུན་པ་ཙི་ཙམ་རྔམ་འཐུག་པ་དེ་ཙམ་དུ་གུ་རུ་པདྨ་འབྱུང་ནས་ཀྱི་ཐུགས་རྗེ་དང་འཕྲིན་ལས་ཟླ་བའི་འོད་སྣང་ལྟར་ལྷག་ཏུ་གསལ་བར་གསུངས་པ་ལྟར། སྤྱིར་འཛམ་གླིང་གི་ནད་མུག་མཚོན་འཁྲུག་སོགས་དུས་ཀྱི་རྒུད་པ་ཞི་བ་དང་། ཁྱད་པར་ཁ་བ་གངས་ཅན་གྱི་ལྗོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་གསོག་པ་ལ་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་ལྷག་པར་གལ་ཆེ་བར་གསུངས་པ་དང་། དེ་ལས་ཀྱང་། རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་བྱོན། གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་ལེའུ་བདུན་མ་ནི་རྩ་གསུམ་རིག་འཛིན་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་དང་སྙིང་པོའི་སྲོག་ཡིན་པ་ལྟར་མ་ཟད། མངའ་བདག་གདུང་རྒྱུད་སྐྱོབ་པའི་ཟབ་གཏེར་དང་། བོད་ཁ་བ་ཅན་གྱི་སྤྱི་ཆོས་ལྟ་བུ་ཡིན་པས་ལྷག་ཏུ་གལ་ཆེ་བ་ཡིན་པ་ལྟར། དེང་འདིར་ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་ངོས་ནས་ཨོ་གླིང་སིད་ནིས་སུ་ཐེངས་གཉིས་པའི་གསོལ་འདེབས་ལེའུ་བདུན་མ་དང་འབྲེལ་བའི་གུ་རུའི་འབུམ་ཚོགས་དང་ལེའུ་བདུན་མའི་དབང་ཆེན་བཅས་འཚོགས་གནང་ཡོད།
དེ་ཡང་འབུམ་ཚོགས་ཧྲིལ་པོར་ཉིན་གསུམ་དུ་འཚོགས་གནང་ཞིང་། ཉིན་དང་པོར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཟུང་གི་ཐུགས་སྲས། མཁས་བཙུན་བཟང་པོའི་དཔལ་གྱི་ཡོན་ཏན་དང་ལྡན་ཞིང་། དབང་ལུང་གདམས་པའི་གན་མཛོད་དུ་གྱུར་པ་༧སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ཉིད་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཚོགས་མགོན་དུ་བཀའ་དྲིན་བསྐྱངས་པར་མཛད།
ཐོག་མར་ཐེངས་གཉིས་པའི་འབུམ་ཚོགས་དབུ་ཚུགས་པའི་མཛད་སྒོར་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག །ཨོ་གླིང་ནིས་ཡོའུ་སའོ་ཐི་མངའ་སྡེའི་ནང་པའི་ཚོགས་གཙོ་མཆོག་དང་། ཨོ་གླིང་རྒྱ་བརྒྱུད་པོ་རི་དགོན་གྱི་མཁན་པོ་ཁྲི་པ་དང་ཨོ་གླིང་རྒྱ་བརྒྱུད་ནང་པའི་ཚོགས་གཙོ་པོ་རི་ཧྥ་ཧྲི། སིད་ནིས་འབྲུག་པ་མཐུན་ཚོགས་ཀྱི་ཚོགས་གཙོ། ཨོ་གླིང་རི་སྔོན་པོ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན། ཨོ་གླིང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་སོགས་ཀྱིས་གཏམ་བཤད་དང་། ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་དབུ་འཛིན་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱི་མཚམས་འདྲིའི་གསུངས་བཤད་བཅས་གྲུབ་པ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྟེན་བསྐྱེད་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་ཐོག་ནས་ལེའུ་བདུན་མའི་གསུང་ཆོག་དབུ་འཛུགས་དང་། ཚིག་བདུན་བླ་སྒྲུབ་དང་འབྲེལ་བའི་ཚོགས་མཆོད་བཅས་གསུངས་པ་དང་། ཕྱི་དྲོའི་ཆར་༧སྐྱབས་རྗེ་མཆོག་གི་དངོས་ལྟ་ཟུང་འབྲེལ་གྱི་ཐོག་ནས་མངའ་རིས་པཎ་ཆེན་དང་གཏེར་ཆེན་ལེགས་ལྡན་ཟུང་གི་གཏེར་བྱོན་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་ལས་གཞུང་དང་དབང་ཆོག་རྒྱས་པའི་ཐོག་ནས་ལེའུ་བདུན་མའི་ཆེན་གནང་མགོ་ཚུགས་པ་དང་། ཉིན་གཉིས་པར་དབང་ཆེན་དང་འབུམ་ཚོགས་མུ་མཐུད་རྒྱུན་སྐྱོང་གནང་། ཉིན་གཉིས་པའི་ཉིན་གུང་དམིགས་བསལ་སྐུ་མགྲོན་སིད་ནིས་བོད་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་འཛིན་ལགས་ཀྱིས་ཀྱང་སིད་ནིས་བོད་རིགས་མི་མང་དང་རིག་གནས་སྐྱེད་ཚལ་ཁང་གི་གནས་སྟངས་སོགས་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་ཞིང་། ༧སྐྱབས་རྗེ་མཆོག་གིས་ཀྱང་བོད་ཁ་བ་ཅན་གྱི་ཆོས་དང་རིག་གཞུང་སོགས་གང་ཅིར་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་བསྐྱེད་དང་མཛད་པ་རླབས་ཆེན་བདག་གིར་བཞེས་བཞིན་པ་ལྟར་མུ་མཐུད་ཐུགས་དགོངས་ཆེར་བསྐྱེད་མཛད་དགོས་པའི་གསོལ་འདེབས་ཀྱང་ཞུས་སོང་།
ཉིན་གསུམ་པར་ཨོ་གླིང་འབྲས་ལྗོངས་གདན་ས་རུམ་སྟེགས་ཀྱི་བླ་མ་འབྲི་གུང་རྒྱལ་སྲས་རིན་པོ་ཆེ་སོགས་ཨོ་གླིང་གནས་བཞུགས་མཁན་སྤྲུལ་དགེ་བཤེས་རྣམ་པའི་དབུ་བཞུགས་ཀྱིས་འབུམ་ཚོགས་ཀྱི་ཆོ་ག་མུ་མཐུད་གསུང་གནང་མཛད་པ་དང་། དམིགས་བསལ་འབྲི་གུང་རྒྱལ་སྲས་སྤྲུལ་སྐུ་མཆོག་གིས་མི་མང་ལ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་གི་རིན་ཐང་དང་། དེ་ལ་བདག་གཅེས་དགོས་ཚུལ། ཐོས་བསམ་སྒོམ་གསུམ་གྱི་ལམ་གྱི་རིམ་པ་མ་ནོར་བའི་སྒོ་ནས་ཆོས་ཉམས་སུ་ལེན་དགོས་ཚུལ་སོགས་ཀྱི་བཀའ་སློབ་གནང་།
ཕྱི་དྲོ་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་དྲུང་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་འབུམ་ཚོགས་གོ་སྒྲིག་གཙོ་མགན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཇུག་སྡོམ་གསུང་བཤད་གནང་རྗེས་དེ་རིང་ཆེད་དུ་འབྲི་གུང་རྒྱལ་སྲས་སྤྲུལ་སྐུ་སོགས་རིས་མེད་བླ་སྤྲུལ་དགེ་བཤེས་རྣམ་པ་གདན་འདྲེན་ཞུ་དགོས་པའི་དགོས་དམིགས་དང་འབྲེལ། ཁོང་རང་ཉིད་སྤྱིར་ནང་པ་ཡོངས་དང་ཁྱད་པར་རྒྱ་བརྒྱུད་དང་བོད་བརྒྱུད་ནང་པའི་བར་ལ་ཡང་བསམ་བློ་བརྗེ་རེས་སོགས་ཀྱི་ཐད་འབད་པ་ཞུ་འདོད་ཡོད་མཁན་ཞིག་ཡིན་ན། ང་ཚོ་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ནང་ཁུལ་ནི་སྨོས་མ་དགོས་པ་ལྟ་བུ་ཡིན་པ་དང་། དེ་བས་ཀྱང་ས་ཁུལ་གཅིག་ཏུ་ཡོད་པའི་བོད་པའི་ཆོས་ཚོགས་ཁག་གི་བར་དུ་དོན་དམ་པའི་འབྲེལ་ལམ་གཏིང་ཟབ་ཅིག་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་ཚུལ་ནན་བརྗོད་གནང་ཡོད།
མཇུག་ཏུ། ཨོ་གླིང་རི་སྔོན་པོ་དང་། ཁམ་བྷོལ་ཁྲན་དང་སྒྲིས་ཝཱས་ས་གནས། གཟའ་མཇུག་སློབ་གྲྭ་རིག་གནས་བསྐྱེད་ཚལ་ཁང་། དེ་བཞིན་རྒྱ་རིགས་དད་ལྡན་པ་སོགས་ཀྱིས་གླིང་བྲོ་དང་། འཁྲབ་གཞས། སྒོར་བྲོ་སོགས་ཀྱིས་མཐའ་བརྒྱན་ནས་ཧ་ཅང་ཕུན་སུམ་ཚོགས་པའི་ངང་ནས་ལེགས་འགྲུབ་བྱུང་སོང་།
ཚོགས་ཞུགས་གནང་མཁན་གསར་རྙིང་མང་པོ་ཞིག་གིས་ཀྱང་། ཡེ་ཤེས་འཁོར་ལོའི་རང་འདུན་ལས་བྱེད་པའི་ལས་ཀ་ཚགས་ཚུད་པོ་ཡོད་པ་དང་། བཀའ་དབང་དང་ཚོགས་འབུམ་བྱིན་རླབས་བཅས་ཀྱིས་མང་པོ་ཞིག་ལ་བག་ཆགས་བཏང་ཟབ་བཞག་གནང་བར་མ་ཟད་སེམས་འགུལ་ཆེན་པོ་ཐེབས་འདུག །
མ་གཞི་ཚོགས་པའི་ངོས་ནས་ཨོ་གླིང་དུ་ཡོད་པ་ཚང་མ་ཕྱི་རྒྱལ་གྱི་ཡུལ་གྲུ་གཞན་དག་གི་བོད་པ་ནང་བཞིན་དུས་ཚོད་སོགས་ཀྱི་ཆ་ནས་དཀའ་ངལ་ཆེན་པོ་ཡོད་ན་ཡང་། བོད་པ་མང་པོ་ཞིག་གིས་དམིགས་བསལ་དུས་ཚོད་བཏང་ནས། གསོལ་ཇ་དང་འབྲས་སིལ་ཉིན་གུང་གི་ཞལ་ལག་བཟོ་བ་དང་ཚོགས་བཅའ་རྒྱུ་སོགས་ཀྱི་ཐད་ལ་རོགས་པ་ཧ་ཅང་ཆེན་པོ་གནང་བ་དང་། བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་ཀྱང་ཐེངས་མང་གསལ་བསྒྲགས་གནང་བར་མ་ཟད། རིག་གནས་བསྐྱེད་ཚལ་ཁང་གི་གཞས་སྣ་འཁྲབ་སྟོན་གོ་སྒྲིག་དང་། ཚོགས་གཙོ་དང་རྒྱུན་ལས་ཉིན་གཉིས་ཆེད་ཕེབས་སོགས་རྒྱབ་བསྐྱོར་གནང་བ་ནི། གུས་པས་ཐོག་མར་ཚོགས་པ་འདི་ངེས་པར་སྔོན་དུ་ཐོ་འགོད་མི་དགོས་པ་དང་། འཛིན་བྱང་ཉོ་མི་དགོས་པ། རླངས་འཁོར་འཇོག་ས་རིན་མེད་དང་། ཕྲུ་གུ་རྩེད་མོ་རྩེ་ས་ཡོད་པ། བོད་པ་མང་ཤོས་གནས་སྡོད་བྱ་ཡུལ་དང་ཁད་ཉེ་བ་སོགས་ཀྱི་ཆ་རྐྱེན་ཡོད་པའི་ས་ཆ་ཞིག་འདེམས་དོན་ཡང་བོད་པ་མང་ཙམ་མཉམ་ཞུགས་ཐུབ་ན་སྙམ་པའི་རེ་བ་བྱས་པ་ཡིན་ལ། རེ་བ་བྱས་པ་ནང་བཞིན་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་བ་ནི་འབུམ་ཚོགས་འདི་མུ་མཐུད་ལོ་རྗེས་མར་ཡང་སྔར་མུས་བཞིན་འཚོགས་ཐུབ་པ་བྱ་རྒྱུའི་ཆེད་དུ་སེམས་ཤུགས་སྤེལ་བྱུང་བས་ལོ་རྗེས་མར་ཡང་མུ་མཐུད་འཚོགས་རྒྱུ་ཡིན།
ཧ་ཅང་ཡག་པོ་རེད། ངས་ཀྱང་ས་གནས་འདི་གར་གུ་རུའི་འབུམ་ཚོགས་བཙུགས་ནས་ལོ་བཅུ་ཕྱིན་འདུག