མགར་རྡོར།
༡ རྩོམ་ཡིག་འདིའི་དབུ། རྩོམ་མཁན་རང་དང་རང་ཉིད་སྡོད་སའི་གནས་ངོ་སྤྲོད་མདོར་སྡུས་ཤིག་ནས་བརྩམ་རྒྱུ་ཡིན། བདག་ནི་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐི་མན་ཀྲོས་སུ་རྒྱུན་སྡོད་བྱས་ནས་ལོ་མང་ཕྱིན་སོང་། དེང་གི་རྒྱལ་ས་ཀཱ་ཐི་མན་ཀྲོས་ནི་སྔོན་ཆད་བོད་སྐད་དུ་བལ་ཡུལ་མཐུལ་ཟེར་བ་དེ་རེད། མི་འབོར་ས་ཡ་ལྔ་ཙམ་ཡོད་པའི་བལ་བོའི་གྲོང་ཁྱེར་ཆེ་ཤོས་དེ་ཡིན། ཆོས་ལུགས་དང་རིག་གནས་སྣ་མང་ཅན། མི་རིགས་སྣ་ཚོགས་འདུས་སྡོད་བྱས་པའི་གྲོང་ཁྱེར་སྣ་འཛོམས་ཤིག་རེད། བལ་བོ་སྤྱིའི་མི་རིགས་རྣམས་རྩ་བའི་ཆ་ནས་རྒྱ་གར་ཨར་ཡན་པའི་རིགས་དང་བོད་ཕྱོགས་ཧི་མ་ལ་ཡའི་རིགས་གཉིས་ལས་མ་འདས། རྒྱལ་ས་འདིའི་ཕྱོགས་བཞི་ནགས་རི་མཐོ་དམན་འབྲིང་ཙམ་གྱིས་ཡོངས་སུ་བསྐོར་ཡོད། གནམ་གཤིས་ཧ་ཅིང་ལེགས། དབྱར་དགུན་གཉིས་ལ་དྲོད་གྲང་གིས་ཁྱད་པར་ཆེན་པོ་མེད། དུས་བཞིར་སྔོ་ལྗང་གིས་གང་སར་ཁྱབ་ཡོད། ཕྱོགས་བཞིའི་ཡུལ་སྐོར་སྤྲོ་འཆམ་པ་དག་ནམ་རྒྱུན་འཚང་ཁ་ཤིག་ཤིག་ཡིན་ནོ།། བདག་ནམ་རྒྱུན་གཏན་སྡོད་བྱེད་ས་ནི་རྒྱལ་སའི་བྱང་ཤར་གྱི་ཆར་གཏོགས། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་ཤིག་ཡིན། བདག་ལ་རླབས་ཆེན་གྱི་བྱ་བཞག་འདི་ཡིན་ཟེར་བ་ཞིག་མེད་མོད། དགེ་རྒན་གྱི་ལས་ཞོར་ལ་ཚོང་ལས་ཙག་ཙིག་རེས་རང་ཁ་ལྷོད་ལྷོད་ངང་སོས་ནས་ཡོད། གཞན་འཇིག་རྟེན་འཁོར་བའི་ཟར་ཟུར་གྱི་སྣང་ཚུལ་ཁེན་ཙ་དག་དཔྱད་བརྗོད་ཀྱི་ཚུལ་གྱིས་ཡི་གེར་ཕབ་རྒྱུར་ཡང་དགའ་བོ་ཡོད་དོ།། བོད་མི་གསར་འབྱོར་བ་ཚོང་ལས་གཉེར་མཁན་ཡིན་མིན་གཉིས་ཀ་མང་ཕྱོགས་ས་གནས་འདིར་སྡོད་ཀྱིན་ཡོད། ཟུར་དུ་ཞུས་པ་རྫོགས་སོ།།
༢ བདག་གིས་རྩོམ་ཡིག་འདིར་གཙོ་བོར་འབྲི་བར་བྱ་བ་ནི། བོད་ནང་ལོག་གི་བོད་ས་ཡོངས་ནས་བོད་མི་ཚོས་ཁྲག་བསོག་རྣག་བསོག་བྱས་པའི་དམངས་སྒོར་ཧ་ཅང་ཕོན་ཆེན་པོ་ཞིག ཉི་མ་རེ་རེ་བཞིན་བལ་བོའི་ཡུལ་འདིར་ཆར་འབབ་འབབ་བྱེད་བཞིན་པར་བཟོད་དཀའ་བའི་ཕང་སེམས་ཤིག་བདག་ལ་ནམ་རྒྱུན་འཁོར་གྱིན་འདུག བོད་མི་བསམ་ཤེས་ཚོར་དེའི་སྐོར་ནས་གྲོས་འདེབས་ཤིག་འབྲི་བསམ་པ་ཡིན་ནོ།། སྤྱིར་ན་བལ་བོའི་རྒྱལ་ཁབ་འདི་ལུང་པ་འབྱོར་མེད་ཅིག་རེད། ལུང་པ་རང་གིས་བཟོ་སྐྲུན་བྱས་པའི་དངོས་ཟོག་ཐོན་རྫས་མང་པོ་མེད། རྒྱལ་ཁབ་གཞན་ལ་ཕྱིར་གཏོང་བྱེད་པའི་ཐོན་དངོས་ནི་རྩིས་ན་གྲངས་ཀ་ཐེབས་པ་ཞིག་ལས་མེད། ཡུལ་འདིའི་ས་ཡ་ཉེར་ལྔའི་མི་མང་གིས་ཉིན་རེའི་འཚོ་བའི་ཁྲོད་སྤྱོད་བཞིན་པའི་བཅའ་དངོས་བརྒྱ་ཆའི་གོ་བརྒྱད་ལུང་པ་ཕྱི་ནས་ནང་འདྲེན་བྱེད་བཞིན་འདུག གལ་སྲིད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལྟ་བུར་ཚོང་འབྲེལ་རྦད་དེ་ཆད་ན། ཟླ་གཅིག་མ་འགོར་བར་ཡུལ་འདིའི་མི་མང་ཕྱེད་ཀ་འཆི་ངེས་གཏན་རེད། མདོར་ན་ལུང་པ་འདི་གཞན་རྟེན་ཁོ་ན་བྱེད་པའི་རྒྱལ་ཁབ་བསོད་ཟད་སྐལ་ཆད་ཅིག་རེད།
༣ ཡ་མཚན་པ་ཞིག་ཏུ་བོད་ལ་མཚོན་ན། ལུང་པ་འདི་གལ་ཆེན་པོ་ཞེ་དྲགས་ཤིག་རེད། བལ་བོའི་ཡུལ་ནས་ཐོན་པའི་བཅའ་དངོས་ལ་བོད་མི་རྣམས་དང་དོད་ཆེན་པོ་འདུག ཡུལ་འདི་ནས་ཐོན་པའི་བཅའ་ལག་དག་མ་དང་རྫུན་མ་གང་ཡིན་ནའང་དེའི་ཆེད་དུ་བོད་པ་ཚོས་རྒྱུ་འབྱོར་བ་ཡོད་ཚོད་བློས་གཏོང་ཐུབ་གི་འདུག བལ་བོའི་རྒྱལ་ཁབ་སྤྱིའི་ལོ་རེའི་ཕྱིར་ཚོང་བྱས་པའི་མིང་གཞུང་ཁྲོད་ནས་བོད་ཀྱིས་དབོར་འདྲེན་བརྒྱབས་པའི་གསེར་སྐུ་དག་རྫུན་ཅི་རིགས། ཐང་ག་དག་རྫུན་ཅི་རིགས། ས་གདན་བཟང་ངན་ཅི་རིགས་གསུམ་ནི་ཉེ་བའི་ལོ་ཤས་ནང་ཨང་དང་པོ་གཉིས་པ་གསུམ་པ་གསུམ་ལོ་ལྟར་རྒྱུན་ཆགས་རེད། དེ་ཡ་མཚན་མ་རེད་དམ་བོད་མི་ཕྱུག་བདག་ཚོ། བརྗེ་ལེན་མེད་པའི་ཚོང་འདི་ལ་དཔལ་འབྱོར་རིག་པའི་གཞུང་ནས་”ཀུན་སློང་མེད་པའི་ཞལ་འདེབས་”ཟེར། གསལ་བོ་བཤད་ན། བོད་མི་ཚོས་དེ་རིང་སྒོར་རྐྱང་དམར་དམར་པོ་བལ་ཡུལ་ལ་སྤྲད། དེའི་ལན་དུ་བལ་བོས་བཅའ་དངོས་སྤྲད། སང་ཉིན་ཡང་སྒོར་རྐྱང་དམར་དམར་པོ་སྤྲད། དེའི་ལན་དུ་བཅའ་དངོས་སྤྲད། གནངས་ཉིན་ཡང་དེ་ལྟར་སོང་། ཕྱོགས་གཅིག་གིས་དངུལ་སྒོར་སྤྲད་རྐྱང་བྱས། གཞན་དེས་ལེན་རྐྱང་། ཕྱོགས་གཅིག་གིས་བཅའ་ལག་སྤྲད་རྐྱང་བྱས། གཞན་དེས་ལེན་རྐྱང་། མུ་མཐུད་ནས་དེ་ལྟར་ཕྱིན་ན་ནམ་ཞིག་དངུལ་སྒོར་སྤྲོད་མཁན་དེའི་དངུལ་སྒོར་རྣམས། སྦྱིན་པའི་ཀུན་སློང་གང་ཡང་མེད་ཀྱང་གཞན་ལ་ཞལ་འདེབས་ཕུལ་བ་ལྟར་ཆགས་འགྲོ་གི་རེད། དེའི་མིང་ལ་བརྗེ་ལེན་མེད་པའི་ཚོང་ཞེས་འབོད་དོ།།
༤ བལ་བོས་བཟོ་སྐྲུན་བྱས་པའི་ཐོན་རྫས་རྣམས་ཕྱིར་བཏོང་བྱེད་ས་གཙོ་བོའི་ནང་གི་གཙོ་བོ་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་རེད། ཐོན་རྫས་རྣམས་ཞིབ་ཙམ་གླེང་ན། རྫུན་མ་དང་དག་མའི་རིགས་གཉིས་སུ་འདུ། རྫུན་མ་རྣམས་ནི་གཟི་རྫུན། བྱུར་རྫུན། གཡུ་རྫུན། གསེར་རྫུན།(གསེར་མདོག་ཡོད་པའི་ལྕགས་རིགས་ཀྱི་རྒྱན་ཆ་སྣ་ཚོགས་པ།) དངུལ་རྫུན། ལི་རྫུན། སྤོས་ཤེལ་རྫུན་མ། རྡོ་རིགས་རྫུན་མ། གནའ་རྫས་རྫུན་མ་སོགས་རྫུན་མའི་རིགས་ཧ་ཅང་ཕོན་ཆེན་བོད་ལ་དབོར་འགྲོ་གི་ཡོད། དེ་བཞིན་དག་མའམ་རྫུན་མའི་རིགས་མ་ཡིན་ཚོ་ནི། གསེར་སྐུ། ཟངས་སྐུ། ཐང་ག ས་གདན། གོས་ཆེན། ཐེར་མའི་རིགས་སྣ་ཚོགས། གསེར་གྱི་མཆོད་ཆས། དངུལ་གྱི་མཆོད་ཆས་རིགས་སྣ་ཚོགས། ལི་ཡི་མཆོད་ཆས་དང་བཅའ་ལག་སྣ་ཚོགས། ཟངས་ཀྱི་མཆོད་ཆས་དང་ཁྱིམ་ཆས་གྲངས་མེད་པ། ཤིང་འཕྲེང་། དུང་འཕྲེང་། ཤེལ་འཕྲེང་སོགས་འཕྲེང་བའི་རིགས་བགྲང་གིས་ཡས་པ། ཤིང་གི་ཌ་མ་རུ་དང་གཏོར་ཆས། ཌར་ཤུབས། དྲིལ་ཤུབས། རྔ་ཤུབས་སོགས་རྩི་མི་ཐོགས་པ་རེད། མདོར་ན་ཐོན་རྫས་འདི་ཚོ་བརྒྱ་ཆའི་གོ་ལྔ་ཆོས་ལུགས་དང་འབྲེལ་བའི་ཆོས་ཆས་རྐྱང་རེད། ཨ་ཨ་ཆོས་ལྡན་གངས་རིའི་ལྗོངས་ཡ།
༥ མཆོད་རྟེན་མཐའ་འཁོར་གྱི་ཚོང་ཁང་རྣམས་ལས་ཉེར་མཁོའི་བཅའ་ལག་ཙག་ཙིག་དང་། ཉིན་རེའི་འཚོ་བའི་ཟས་རིགས་ཀྱི་ཚོང་ཁང་ཁ་ཤས་ཡོད་པ་ཕུད་ན་གཞན་ཚང་མ་བོད་མགོ་རྡུང་བའི་བོད་ཟོག་ཚོང་ཁང་རྐྱང་རེད། མཆོད་རྟེན་ནས་སྤྱི་ལེ་གསུམ་བཞིའི་བར་ལའང་དེའི་རིགས་ཀྱིས་མ་ཁྱབ་པ་མེད། དེ་བཞིན་མཆོད་རྟེན་ནས་སྤྱི་ལེ་བཅུ་ཙམ་ཡོད་སར་པཱ་ཊན་ཞེས་པའི་རྒྱལ་ས་རྙིང་བ་ཞིག་ཡོད། སྔོན་བལ་བཟའ་ཁྲི་བཙན་གྱི་ཕ་ཁྱིམ་དང་ལྷ་བཟོ་བུ་ཤོ་ཀར་མའི་ཕ་ཡུལ་ཡིན་རབས་འདུག ཡུལ་དེ་ནའང་ས་གནས་རང་ལ་མཁོ་བའི་ཚོང་ཁང་ཁ་ཤས་མ་གཏོགས་གཞན་ཚང་མ་བོད་ཟོག་གསེར་སྐུ་དང་དངུལ་སྐུའི་ཚོང་ཁང་རྐྱང་རེད། བོད་ཟོག་གི་ཚོང་ལས་གཉེར་མཁན་གྱི་བོད་མི་གསར་འབྱོར་བ་ཚོའང་ནམ་རྒྱུན་འདི་ཚོའི་གཡས་གཡོན་དུ་རུབ་ནས་ཡོད། མགར་བ་ཚོས་ལྕགས་ཟངས་རྡུང་བའི་ཆག་ཆག་ཆག་གི་སྒྲ་དེ་རྒྱལ་སའི་བྱང་ཤར་ཕྱོགས་ཀྱི་སྲང་ལམ་ཀྱག་ཀྱོག་གང་ཡིན་ས་ནས་གོ་ཐུབ། ཁྱོད་ཀྱིས་དངོས་སུ་མཐོང་ན་ཡ་མཚན་པ་ཞིག་ཡིན། ཡིད་སྐྱོ་བ་ཞིག་དེ་བས་ཀྱང་ཡིན།
༦ མི་དགོས་དགུ་དགོས་བོད་ལ་དགོས་ཟེར་ན་ཅི་མི་འགྲིག འཛམ་གླིང་གི་མི་གཞན་པ་སུ་ལའང་དགོས་མཁོ་མེད་པའི་དངོས་ཟོག་དེ་ཚོ། བོད་ལ་མཚོན་ན་ཁྱིམ་གྱི་གཅེས་ནོར་ཆེ་ཤོས་དེ་ཆགས་འདུག དཔལ་འབྱོར་རིག་པའི་གཞུང་ནས་བཤད་ན། མི་རྣམས་ལ་དགོས་ངེས་ཀྱི་ཚོང་རྫས་གཅིག་དང་འདོད་པའི་ཚོང་རྫས་གཅིག་བཅས་རིགས་གཉིས་སུ་དབྱེ་ཡོད། དང་པོ་ནི་སྤྱི་བཏང་གི་ཟས་རིགས་སྣ་ཚོགས་དང་གྱོན་གོས། སྡོད་ཁང་། ཕོར་བ། སྡེར་མ། ཐུར་མ་ལྟ་བུ་མེད་ཐབས་མེད་པའི་རིགས་དེ་རེད། གཉིས་པ་ནི་འདོད་ཧམ་གྱི་བཅའ་ལག་སྟེ་ཚད་ལས་བརྒལ་བའི་གོང་ཆེན་དང་། ཡང་ན་གང་འདོད་འདོད་བྱས་ནས་ཉོས་ན་མ་གཏོགས་མེད་ཀྱང་ཆོག་པའི་བཅའ་དངོས་ཀྱི་རིགས་དེ་རེད། བལ་བོས་བོད་དུ་ཕྱིར་ཚོང་བྱེད་བཞིན་པའི་ཐོན་ཟོག་འདི་ཚོ་འདོད་ཧམ་གྱི་བཅའ་ལག་རྐྱང་རེད། ཁ་ནས་ཡོད་ཚད་ལ་ཆོག་ཤེས་བརྟེན་དགོས་ཟེར་མཁན་གྱི་བོད་པ་ཚོས་མི་དགོས་སར་ཚེ་བསོག་ཁུག་མ་གང་བོ་འཕྲོ་བརླག་ཏུ་གཏོང་བར་ཚད་ཅིག་མི་འདུག
༧ མཆོད་རྟེན་མཐའ་འཁོར་གཙོ་བྱས་རྒྱལ་སའི་ཁུལ་དུ་བོད་ལ་བཅའ་ལག་གཏོང་སའི་ལས་ཁུངས་ཉི་ཤུའི་མི་ཚད། ལས་ཁུངས་རེ་རེར་ཉིན་རྟག་པར་བཅའ་ལག་གཏོང་མཁན་འཚང་ཁ་ཤིག་ཤིག་རེད། ས་ནས་གཏོང་མཁན། གནམ་ནས་གཏོང་མཁན་རྒྱུན་ཆད་མེད་པ་རེད། བེད་སྤྱོད་མེད་པའི་བཅའ་ལག་དེ་ཚོའི་རིན་གོང་ཆེན་པོ་གནམ་རེད། དཔེར་ན་ཟངས་དེམ་རྨིད་གཅིག་ཙམ་ཅན་ཞིག་ལ་བལ་སྒོར་ཁྲི་ལྔ་ནས་འབུམ་བར་རེད། གསེར་སྐུ་རྨིད་གཅིག་ཅན་ཞིག་ལ་བལ་སྒོར་འབུམ་བདུན་ནས་བརྒྱད་ཀྱི་བར་རེད། ས་གདན་དཀྱུས་མ་ཞིག་ལ་བལ་སྒོར་ཁྲི་བཞི་ནས་ལྔ་བར་རེད། དངུལ་དཀྲུགས་མའི་འཐེབ་བདུན་ཚར་ཚོན་ལྔ་ཅན་ཞིག་ལ་བལ་སྒོར་འབུམ་གཅིག་ལྷག་རེད། ལོ་ཁ་ཤས་སྔོན་བྷོ་དྷི་ཕྲེང་བ་ཧོ་མེས་བརྒྱད་པ་ཞིག་ལ་བལ་སྒོར་འབུམ་བཅོ་ལྔ་རེ་བྱས་པ་རེད། རྒྱུ་ཟངས་དང་ཐོག་ལ་གསེར་རྩི་བྱུག་པའི་སྐུ་གདོང་མཆོད་རྟེན་ལུས་ཚད་ཙམ་ལ་བལ་སྒོར་འབུམ་ཉི་ཤུ་ནས་སུམ་ཅུའི་བར་རེད། ཆོས་འཇིག་རྟེན་གང་ནས་ཀྱང་རྒྱུ་མཚན་ཡང་དག་མེད་པའི་བཅའ་ལག་གོང་ཆེན་འདི་རིགས་བོད་མི་ཀློའུ་ཞད་ཅན། དངུལ་སྒོར་བཀོལ་མི་ཤེས་པར་དགོས་སར་ཆད། མི་དགོས་སར་ལྷག་མ་མང་བའི་རང་མི་རིགས་འདི་ལ་མ་གཏོགས་གཞན་སུ་ལའང་དགོས་མཁོ་མེད་དོ།།
༨ བདག་ལ་མཚོན་ན་བོད་དུ་བཅའ་ལག་ཉུང་ཙམ་རེ་གཏོང་མཁན་གྱི་གྲས་ཡིན། འོན་ཀྱང་སྐྱེལ་འདྲེན་ཁང་ནས་ཕྱིར་ལོག་དུས་སེམས་བདེ་བདེ་བྱས་ནས་ཡོང་བ་གཅིག་ཀྱང་མེད། དངུལ་གྱི་ཡོང་ཁུངས་ཉུང་ལ་འགྲོ་སྒོ་ཆེ་བའི་ཡུལ་མི་ཉམ་ཆུང་མཁོས་ཞན་ཚོས། ཚེ་གང་བོར་བསོག་བསོག་པའི་དངུལ་སྒོར་དམར་རྐྱང་འདི་འདྲའི་ཕོན་ཆེན་ཞིག་བློས་གཏོང་བ་མཐོང་ཚེ། བདག་སེམས་བདེ་ལ་ཇི་ལྟར་འབབ་ཐུབ་བམ། སྤྱིར་ན་བཅའ་ལག་བཟོ་མཁན། སྐུར་མཁན། སྐྱེལ་མཁན། བཙོང་མཁན་ཚང་མས་ཁེ་བསང་གི་ཆེད་དུ་རེད། བྱེད་དང་བྱེད། འོན་ཀྱང་ཉོ་མཁན་ནི་བོད་ཀྱི་མི་སེར་འདི་ཚོ་ཁོ་ན་རེད། ཁོང་ཚོས་བོད་ཟོག་གོང་ཆེན་འདི་ཚོ་ཉོས་ནས་ཁྱིམ་གྱི་གྲལ་མགོ་དང་། མཆོད་ཁང་གི་ཀུན་ག་ར་བ། གྲོང་པ་ཁྱིམ་མཚེས་ཚོ་ཡོང་ན་མིག་གིས་རིག་སར་བཞག་ནས་ངོམ་ངོམ་ཙམ་བྱེད་པ་མ་གཏོགས། གཞན་ཡོང་སྒོ་ཕར་བཞག དགོས་ངེས་ཀྱི་བེད་སྤྱོད་ཙམ་ཡང་ཡོད་མ་རེད། ཁྱོད་ལ་རྒྱུ་འབྱོར་བ་འབེལ་འབེལ་ལྷུག་ལྷུག་ཡོད་ན་ཨོ་ཙམ་རེད། འོན་ཀྱང་ཉོ་མཁན་མང་ཕྱོགས་ཞིང་གྲོང་གི་མང་ཚོགས་དཀྱུས་མ་ཚོ་རེད། ཁོང་ཚོར་རྒྱུ་འབྱོར་བ་རྒྱུན་གཏན་གྱི་འཚོ་བར་འདང་ཙམ་ལས་འབེལ་འབེལ་ལྷུག་ལྷུག་ཅིག་གང་ན་ཡོད། མ་གཞི་ནས་ཁོང་ཚོར་དཔལ་འབྱོར་གྱི་ཡོང་ཁུངས་ལ་ངེས་གཏན་ཡོད་མ་རེད། སྨན་རྩྭ་རིགས་ཁ་ཤས་བསྐོ་བའི་དབྱར་ཁའི་ཞོར་ལས། དཀའ་ཚགས་ཆེ་བའི་འབྲོག་ལས། ལས་གླ་བྱས་པའི་བསོག་དངུལ་ཙག་ཙིག་ཙམ་རེད། དཔེར་ན་ཁྱིམ་ཚང་གཅིག་ལ་དགོས་ངེས་མིན་པའི་བཅའ་ལག་འདི་ཚོ་རང་གི་འདོད་པ་ཁེངས་པ་ཞིག་བསྒྲིག་དགོས་ན། རྒྱ་སྒོར་ཁྲི་ཉི་ཤུ་སུམ་ཅུ་འགྲོ་ངེས་རེད། ལོ་རེར་རྒྱ་སྒོར་ཉིས་ཁྲི་ལྔ་སྟོང་གི་བསོག་དངུལ་ཡོད་པའི་ཁྱིམ་ཚང་ཞིག་ལ་མཚོན་ན། ལོ་བཅུའི་རིང་གི་བསོག་དངུལ་ཡོངས་རྫོགས་རེད། ལས་སླ་བོ་གང་ནས་ཡིན་ནམ། སྙིང་རྗེ། སེན་མགོ་ཁྲག་དང་སེན་རྩ་རྣག་བྱས། དཀའ་ལས་སྣ་ཚོགས་བརྒྱབས་ནས་བསོག་བསོག་པའི་མཐར་བལ་བོའི་གཞུང་ལ་གཏོར། ངོ་མ་དགོད་སྤྱད་རེད་ཡ།
༩ བལ་ཡུལ་གྱི་བོད་ཟོག་བཟོ་མཁན་ཚོར་མཚོན་ན་བོད་འདི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་ཁོང་ཚོ་ནི་དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ཀ་མངའ་བའི་མི་རྩ་མེད་ཏག་ཏག་ཡིན། གཤིབ་ཆགས་པའི་མི་རིགས་ཤིག་གཏན་ནས་མིན། ཁྲེལ་མེད་ཟེར་རམ། མི་གཞན་ལ་བདེ་མི་བདེ་བསམ་ནས་བསམ་ཤེས་བྱེད་རྒྱུ་ནི་ཁོང་ཚོའི་ཀུན་གཞི་གཉུག་སེམས་ཀྱི་གཏིང་ན་མེད། འབྲེལ་མེད་ངང་རང་འགར་བཞག་ན་མི་ཡག་མདོག་མདོག་རྐྱང་ཡིན། འོན་ཀྱང་གལ་ལ་ཐུག་ནས་ཁོ་ལ་ཅིག་རེ་དགོས་དུས་སྔོན་གྱི་མི་ཡག་པོ་དེ་བཙལ་ནས་རྙེད་ཡ་མེད། རྩ་བ་ནས་འགྱུར་ཚར་ཡོད། ཨ་ཡོ་ད་གཞན་ལ་བླ་མི་བཙག གང་ལྟར་ཉེ་བའི་ལོ་ཤས་རིང་བོད་ཀྱི་དགོན་སྡེ་ཁག་དང་བོད་མི་ཕྱུག་བདག་རྣམ་པ། འབྱོར་མེད་མང་ཚོགས་བཅས་ཚང་མས་མཉམ་རུབ་ངང་ཤུགས་ཡོད་ཚད་བརྒྱབས་ནས་བལ་བོའི་བོད་ཟོག་བཟོ་སྐྲུན་པ་རྣམས་ཕྱུག་བདག་ཆེན་པོ་བཟོས་སོང་། དཔེར་ན་ཟངས་ཆས་བཟོ་སྐྲུན་པའི་སྐུ་ཞབས་བལ་བོ་ཞིག ལོ་འདི་གར་བལ་བོའི་རྒྱལ་སྤྱིའི་ཕྱུག་བདག་རྩེ་གྲས་སུ་ཚུད་ཡོད། དེ་བཞིན་གསེར་མགར་དང་དངུལ་མགར་རྣམས་ཕྱུག་པ་ལ་ཚད་ཅིག་མེད། ས་གདན་འཐག་མཁན་གྱི་བལ་བོ་ཞིག བལ་བོའི་དུས་ཐུང་ཕྱུག་བདག་གི་གྲས་སུ་ཚུད་ཡོད། མཐའ་ན་ཌར་ཤུབས་དྲིལ་ཤུབས་བཟོ་མཁན་ཚོ་ལའང་ཐོག་ཁང་མཁར་འདྲ་བ་རེ་མེད་ས་ཧ་ལམ་མེད་ཚོད་རེད། སོམས་དང་བསམ་ཡོད་བོད་པ་ཚོ། ཁྱོད་ཚོ་བཀའ་དྲིན་མི་ཆེའམ།
༡༠ མཇུག་མཐར་བདག་དང་འབྲེལ་ཡོད་ཀྱི་དངོས་བྱུང་གཏམ་རྒྱུད་ཅིག་བཤད་ནས་རྩོམ་མཇུག་སྒྲིལ་རྒྱུ་ཡིན། བདག་གི་གཉེན་མིར་གཏོགས་པའི་ཁྱིམ་ཚང་ཞིག་ཡོད། བདག་དང་སྡེ་བ་གཅིག་པ་ཡིན། ཁྱིམ་བདག་གིས་བདག་ལ་ཁ་པར་ཡང་ཡང་བཏང་ནས་བལ་བོའི་བཅའ་འགའ་ཉོ་རོགས་ལབ་ནས་མངགས་སོང་། བདག་གིས་”ཡིན་དང་ཡིན། འོན་ཀྱང་བལ་བོའི་བཅའ་ལག་རྣམས་གོང་ཆེན་པོ་ཞེ་དྲགས་རེད། ངེས་པར་དུ་དགོས་པ་མེད་ན་ས་གནས་རང་ནས་སྟབས་བདེ་ཞིག་ཉོས་ན་མི་འགྲིག་གམ།”ཞེས་ལབ་ཡིན། ཁོང་གིས་”ལོ་ཁ་ཤས་ལ་ཤུགས་བརྒྱབས་ནས་སྒོར་མོ་ཨོ་ཟིག་བསགས་ཡོད། ད་རེས་ཤུགས་རྒྱག་གི་ཡིན། རུ་སྡེ་བའི་སྔོན་ལ་བསྟན་རྒྱུ་ཟིག་མེད་ན་མི་འགྲིག་གི། ཁྱིམ་མཚེས་ཚང་མས་ཉོས་ཚར་ཡོད་རེད། ང་གཅིག་པོ་ལྷག་བསྡད་ན་མི་བདེ་གི།”ལབ་སོང་། བདག་གིས་”དེ་ལྟར་བསམ་ན་ཁྱོད་ནོར་རེད། གཞན་ལ་བལྟ་དགོས་པ་མེད། བཅའ་ལག་འདི་ཚོ་ཚུར་ཉོས་དུས་གོང་ཆེ་བ་མ་གཏོགས་ཕར་གཞན་ལ་བཙོང་དགོས་ན་གོང་གཅིག་ར་ཁུག་གི་མ་རེད། དེ་ལས་བསོག་དངུལ་ཅུང་ཡོད་ན། ཚུར་ཡོང་འབབ་ཅུང་རག་ས་ཞིག་ལ་བཏང་ན་ཡག་གི་རེད། མ་རྩ་མི་བརླག་པ་མ་ཟད་སྐྱེད་ཀའང་ལོ་རེ་བཞིན་ཅུང་ཙམ་ཡོང་གི་རེད། དེ་མ་ནའང་དངུལ་ཁང་ལ་བཅོལ་ནས་ཉར་བསྡད་ན་ཡག་གི་རེད། དགོས་དུས་མཁོ་དུས་ལེན་ཆོག་ཆོག་རེད།”ལབ་ཡིན། ཁོང་གིས”ད་མ་ཉོས་རང་ཉོས་ཡིན། བལ་བོའི་བཅའ་རྣམས་འཇོག་ས་བསྒྲིག་ས་ཚང་མ་བཟོས་ཚར་ནས་གཏན་ཁེན་ཡོད། ཡིན་གཅིག་མིན་གཉིས་ཉོ་གི་ཡིན།” བདག་གིས་”འོ་ཡ། གོང་ཚད་འབྲིང་ཙམ་གྱི་རིགས་ཉོ་གི་ཡིན་པས།” ཁོང་གིས་”སྤྱིར་ན་གོང་ཆེ་ན་བཟང་གི། འོན་ཀྱང་སྒོར་མོས་འདང་མི་འདང་མི་ཤེས་གི གོང་ཚད་འབྲིང་ཙམ་དེ་མ་གཏོགས་ཐབས་ཤེས་མེད་གི།”
དེ་ནས་གསེར་སྐུ་ཉོས་རེད། ས་གདན་ཉོས་རེད། དངུལ་འཐེབ། དངུལ་སྐོང་། དངུལ་གྱི་མ་ཌལ་ཉོས་རེད། ཟངས་རྫ། ཟངས་དེམ། མེ་བུམ་ཉོས་རེད། ལི་འཐེབ། ལི་སྐོང་། ལིའི་མཆོད་སྡེར་སོགས་སྣ་ཚོགས་པ་ཞིག་ཉོས་རེད། མཐར་རྒྱ་སྒོར་ཁྲི་ཉེར་ལྔའི་མ་རྩ་ཉོས་ཚར་འདུག
ཁོང་གིས་”ད་རུང་རྗེ་ཡབ་སྲས་གསུམ་གྱི་གསེར་སྐུ་སྤུས་ལེགས་ཤིག་ཉོ་ན་འདོད་གི། ཁྱོད་སོང་ནས་ཅིག་བལྟ་རོགས།” བདག་གིས་”འོ་ཡ། ཆེ་ཆུང་ཅི་ཙམ་དགོས།” ཁོང་གིས་”གཙོ་སྐུ་ལ་སྐར་མ་བདུན་ཅུ་ཅན་ཞིག་ཡིན་ན་འགྲིག་གི།” ཡར་མར་ལ་བལྟས་བལྟས་ནས། བདག་གིས་”སྐུ་སྤུས་ལེགས་གཙོ་སྐུ་སྐར་མ་བདུན་ཅུ་ཅན་ཞིག་ལ་རྒྱ་སྒོར་སུམ་ཁྲི་ལྔ་སྟོང་རེད། ཉོ་གི་ཡིན་ནམ།”ཞེས་དྲིས་པ་ཡིན། ད་ཐེངས་སྔོན་དང་མ་འདྲ་བར་ལན་ཡ་མཚན་ཞིག་སླེབས་སོང་། ”ཨོ་ཨོ། ད་ཁུགས་གི་ན་ཇོ་བོ་རིན་པོ་ཆེ། ད་མ་གི།” བདག་གིས་”ཤུགས་རྒྱོབས། འདི་ཆེས་མཐའ་མ་རེད། བཙིར་བཙིར།”ལབ་ཡིན། ཁོང་གིས་”ད་རྒན་མོའི་སྐེ་རྒྱན་བཙོང་ན་མ་གཏོགས་མ་གི། མི་དགོས། ཁ་དྲོ་ད་འགྲིག་སོང་།”
ཚེ་བསོག་ཁུག་མ་གང་བོ་འདི་ལྟར་རྫོགས་ཚར་བ་རེད། དོན་དག་འདིའི་རིགས་བོད་མི་གཞན་དག་ལའང་འབུད་ཀྱིན་ཡོད་ཡིན་ཡིན་པ་རེད། སྔོན་ཆད་བལ་བཟའ་ཁྲི་བཙན་གྱིས་སྐུ་གཅིག་ཁུར་ཡོང་ནས་དེ་ལ་ཁང་རྒན་ཆེ་ཐག་ཆོད་གཅིག་བརྒྱབས་རབས་ཡོད་རེད། དེང་སང་ཁང་ཆུང་གཅིག་གི་ནང་ལའང་སྐུ་འཁོར་ཚོགས་རེ་བཞུགས་འདུག སྨོན་ལམ་ཐེབས་སྟངས་ཤིག་གིས་ཡིན་ནམ་གང་ལྟར་བོད་འབངས་ཡོངས་ཀྱིས་བལ་བོའི་མཐིལ་ལ་ཚེ་སྔོན་མའི་བུ་ལོན་ཞིག་འཇལ་དགོས་ཡོད་པ་ཁོ་ཐག་རེད།
ཨོ་ལགས་སོ། ད་དི་ཡིན། རྩོམ་ཡིག་འདིའི་ཀུན་སློང་གཙང་མ་ཡིན། ཁྱོད་དང་ཁྱོད་ཀྱི་མཐའ་འཁོར་གྱི་བོད་འབངས་ཡོངས་ལ་ཕན་པའི་རེ་བ་དང་བཅས་བྲིས་ཡིན། མི་ཡོད་ཚད་དངུལ་སྒོར་གྱིས་ཤིག་བཙིར་བཙིར་བྱེད་ཀྱིན་པའི་དུས་འདིར། བོད་མི་འབྱོར་བ་ཡོད་མེད་ཚང་མས་དངུལ་སྒོར་རིན་པོ་ཆེ་རང་ལ་གང་ཡོད་དེ་དག ས་ཐག་རིང་བལ་བོའི་གཞུང་ལ་སྣ་མདོའི་སྣབས་ལུད་བཞིན་གང་འདོད་དུ་མ་གཡུག་རོགས་ཞུ་དང་བཅས་རྫོགས་སོ།།
2022.9.5
དཔྱད་རྩོམ་ཆ་ཚང་ཀློག་ཡིན་སྙན་པོ་འདུག་ལ་གོ་རྒྱུ་འདུག
དེང་སྐབས་བོད་མི་ཚོ་དཔལ་འབྱོར་ཡག་ཏུ་ཕྱིན་ནས་ནང་ཁུལ་དཔལ་འབྱོར་མགྲན་བསྡུར་བྱ་རྒྱུར་དགའ་པོ་ཡོད་ས་རེད། དངོས་འབྲེལ་བྱས་ན། རྐྱང་ཤ་འབྲོག་་རྗེས་ལ་བུང་བུ་འབྲོག གལ་ཆེ་བའི་གཏམ་ལ་ནན་གྱིས། ཟེར་བ་དེ་བདེན་པ་མ་རེད་དམ།