ཏཱ་ལའི་བླ་མ་མཐོ་སློབ། བློ་བཟང་།
བཀླག་བྱའི་དེབ་མིང་། བཙན་བྱོལ་ནང་གི་རང་དབང་།
དབྱིན་མིང་། Freedom in Exile
དབྱིན་ཡིག་ཡིག་འབེབས་པ། Alexander Norman
བོད་བསྒྱུར། བསྟན་འཛིན་ཤེས་རབ།
དཔར་དུ་བསྐྲུན་ལོ། ༢༠༡༧
དཔར་དུ་བསྐྲུན་ཡུལ། རྡ་སའི་བོད་ཀྱི་དཔེ་མཛོད་ཁང་།
དང་པོ། ཐོག་མའི་གླེང་སློང་བ།
ཐེངས་འདིའི་ཁོ་བོའི་བཀླག་བྱའི་དེབ་ནི་༧གོང་ས་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པ་དེ་ཡིན། དེ་སྔོན་ཁོ་བོས་དེབ་དེའི་ཚན་པ་རེ་འགའ་བཀླགས་མྱོང་བ་ལས་མགོ་མཇུག་ཚང་བ་ཞིག་བཀླགས་མྱོང་མེད། དེ་ཡང་ ༢༠༢༠ ལོའི་ནད་ཡམས་ཀྱི་ཐེམ་སྤང་བཀའ་རྒྱའི་སྐབས། ཁོ་བོ་ཟླ་ངོ་བཅུ་ལྷག་ལམ་གྲོགས་ཤིག་དང་ལྷན་རྡ་སར་བསྡད་ཅིང་། སྐབས་དེར་ཕྱི་རྒྱལ་དུ་སྡོད་པའི་ངའི་ལམ་གྲོགས་དེའི་ཆུང་སྐྱེས་གྲོགས་པོ་ཞིག་གིས་ཁོ་ལ་དེབ་དེ་བོད་ཀྱི་དཔེ་མཛོད་ནས་བླུ་བར་བསྐུལ། ཁོ་གཉིས་ཀྱི་ལབ་གླེང་ཁྲོད་དེབ་འདིའི་སྐོར་གྱི་ཁྱད་ཆོས་མང་པོ་ཞིག་ཐོས་ཤིང་། བཀླག་འདོད་ཀྱི་འདུན་པ་ཞིག་ཀྱང་འགོག་མེད་དུ་སྐྱེས། ཁོ་བོར་མཚོན་ན་དེབ་འདིའི་སྐོར་ཐོས་པ་ཐེངས་དང་པོ་ཡིན་ཞིང་། དེབ་དེ་ཕྱི་ཡུལ་གྱི་རང་དབང་ཞེས་པའི་ཕྱག་དེབ་དེའི་འགྱུར་གསར་ཞིག་ཡིན་པའང་གཞི་ནས་ཤེས། ཕྱིས་དོན་དེའི་ཆེད་ངེད་གཉིས་བོད་ཀྱི་དཔེ་མཛོད་ཁང་དུ་སོང་མོད། ནད་ཡམས་ཀྱི་རྐྱེན་གྱིས་སྒོ་ཕྱེ་མེད་སྟབས་ཉོ་སྟབས་མ་འགྲིག་མོད། རྗེས་སུ་མེག་ལོར་གྱི་དཔེ་ཁང་ཞིག་ནས་དེབ་དེ་རག་ཏེ་བླུས། དེབ་དེ་བསྐུར་རག་བར་གྱི་ཉིན་གྲངས་ནང་ངེད་གཉིས་རེས་མོས་ཀྱིས་བཀླགས་མོད་ཁོ་བོས་ཚན་པ་ཁ་ཤས་ལས་བཀླགས་མ་ཚར། དེ་བས་ཐེངས་འདིའི་༧ གོང་ས་མཆོག་གི་ཕྱག་དེབ་དཔེ་ཀློག་གི་གོ་སྐབས་འདི་དམ་དུ་བཟུང་ནས་ཕྱག་དེབ་འདི་མགོ་ནས་མཇུག་བར་དུ་བཀླགས་པ་ཡིན།
གཉིས་པ། ཕྱག་དཔེ་འདིའི་རྒྱབ་ལྗོངས་ངོ་སྤྲོད།
ཕྱག་དེབ་འདི་ནི་༧ གོང་ས་མཆོག་གི་རང་རྣམ་གཉིས་པ་སྟེ། ཕྱི་ལོ་ ༡༩༥༩ ལོར་༧ གོང་ས་མཆོག་བཙན་བྱོལ་དུ་འབྱོར་བའི་རྗེས་ཀྱི་ལོ་ངོ་གསུམ་པར་མཛད་རྣམ་དང་པོ་《ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་》ཞེས་པ་མཛད། དེའི་རྗེས་ཀྱི་ལོ་ངོ་སུམ་ཅུ་ཉེ་བར་འགོར་རྗེས་སུ་མཛད་རྣམ་གཉིས་པ་《བཙན་བྱོལ་ནང་གི་རང་དབང་》ཞེས་པ་འདི་མཛད་པ་ཞིག་རེད་འདུག འདིར་ཕྱག་དཔེ་འདིའི་རྒྱབ་ལྗོངས་མདོར་ཙམ་གླེང་ན། ཕྱི་ལོ ༡༩༨༧ དང་ ༨༨ གཉིས་སུ་སྔ་ཕྱིར་༧ གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མ་དང་ཡོ་རོབ་གྲོས་ཚོགས་གཉིས་ནང་ཞི་བའིི་གྲོས་འཆར་དོན་ཚན་ལྔ་ཞེས་པའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་འཆར་གཞི་དེ་འདོན་སྤེལ་བྱས་པར། རྒྱ་ནག་གཞུང་ནས་དེ་མ་ཐག་དེ་ལ་སྐྱོན་བརྗོད་བྱས་སྟབས། ༡༩༨༧ ལོའི་ཟླ་དགུ་བ་ནས་བཟུང་ལོ་ཤས་རིང་བསྟུད་མར་ལྷ་ས་གཙོ་བྱས་པའི་བོད་ཀྱི་ས་གནས་དུ་མར་ཞི་བའི་ངོ་རྒོལ་བྱུང་བར་རྒྱ་ནག་དམར་པོའི་གཞུང་གིས་དྲག་གནོན་བྱས། སྐབས་དེའི་གནས་ཚུལ་རྒྱལ་སྤྱིར་ཁྱབ་པ་དང་། ཡང་སྒོས་ཕྱི་ལོ་ ༡༩༨༩ ལོའི་ཟླ ༡༢ ཚེས་ ༡༠ ཉིན་༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་གསོལ་བྱུང་བ་བཅས་སྐབས་དེའི་རྒྱ་མཚོའི་རྦ་རླབས་བཞིན་གཅིག་འཇགས་གཉིས་ལངས་ཀྱི་བོད་འབྲེལ་གྱི་གནས་ཚུལ་དེའི་ཤུགས་རྐྱེན་ལས་འཛམ་གླིང་ནང་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་དོན་ཐོག་སྔར་ལྷག་དོ་སྣང་དང་རྒྱབ་སྐྱོར་ཚད་མཐོ་བོ་བྱུང་ལ། རྒྱབ་སྐྱོར་དང་དོ་སྣང་དེ་སྔར་ལྷག་སྲ་བརྟན་དང་རྒྱུན་གནས་ཡོང་ཐབས་སུ་༧ གོང་ས་མཆོག་རང་གི་ཞལ་ནས་སྐུ་ཚེའི་ལོ་རྒྱུས་དང་།བོད་དོན་ཐོག་འགྲེལ་བརྗོད་རྒྱས་པ་ཞིག་ཡོང་ན་དགེ་མཚན་ཆེ་བར་གཟིགས་ཏེ་གཙོ་བོར་ཕྱི་རྒྱལ་བར་དམིགས་ནས་དེབ་འདི་ལྗགས་རྩོམ་གནང་བ་ཞིག་རེད། དེ་ཡང་ཕྱག་དེབ་འདི་ནི་ཕྱི་རྒྱལ་བ་ Alexander Norman ཞེས་པས་དབྱིན་ཡིག་ཏུ་ཡིག་འབེབས་བྱས་ཤིང་། ཁོ་དེ་སྔོན་བརྒྱད་ཅུ་གྱ་གྲངས་ནང་བོད་དུ་ཕེབས་སྐབས་བོད་ནང་གི་གནས་སྟངས་དངོས་གཟིགས་པའི་རྐྱེན་བྱས་ཏེ། ཕྱག་དེབ་འདི་འདྲ་ཞིག་རྩོམ་དགོས་པར་གལ་ཆེ་བར་གཟིགས་ནས་༧ གོང་ས་མཆོག་ལ་སྙན་གསོལ་ཞུས་པར་ཞལ་བཞེས་ཐོབ་པ་ཞིག་རེད། ཕྱག་དེབ་འདི་རྩོམ་པའི་གསུང་ཞབས་སུ་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་དང་། སྐུ་སྒེར་དྲུང་ཟུར་བསྟན་འཛིན་དགེ་བྱེད་གཉིས་དང་། ཕྱིས་དབྱིན་ཡུལ་དུ་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་། བསྟན་འཛིན་དགེ་བྱེད། Alexander Norman བཅས་ཀྱིས་པར་ཟིན་ཞུ་དག་བྱས་ཏེ་དུས་ཐུང་ཛ་དྲག་ངང་དབྱིན་ཡིག་དང་། ཉི་ཧོང་། ཧྥི་རན་སི། འཇར་མན། ཨི་ཀྲ་ལི་བཅས་སྐད་ཡིག་གྲགས་ཆེ་བ་ལྔའི་ནང་དུས་གཅིག་ཏུ་འདོན་སྤེལ་བྱས་པ་ཞིག་ཡིན་པར་དེབ་འདི་སྒྱུར་བ་བོ་བསྟན་འཛིན་ཤེས་རབ་ཀྱིས་ཕྱག་དེབ་འདི་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་གསུངས། ད་ལྟའི་ཆར་དཔེ་དེབ་འདི་ཉིད་སྐད་ཡིག་མི་འདྲ་བ་སུམ་ཅུ་སོ་ལྔ་ཡས་མས་སུ་བསྒྱུར་ཡོད་པར་བཤད། དེར་མ་ཟད་ཨ་མི་རི་ཀའི་ཧོ་ལི་ཝུགྲ་ (Hollywood) གློག་བརྙན་བཟོ་སྐྲུན་ཁང་ནས་ཀྱང་མཛད་དེབ་འདིས་ཡིད་དབང་འཕྲོག་སྟེ། འདི་ཉིད་དང་བོད་ནང་ལོ་བདུན་ཞེས་པའི་དེབ་གཉིས་གཞི་མར་བྱས་པའི་སྟེང་ནས་༸རྒྱལ་བའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་སྐུ་མདུན་ (Kundun) ཞེས་པ་ཞིག་དང༌། བོད་ནང་ལོ་བདུན་ (Seven Years in Tibet) ཞེས་པ་ཞིག་བཅས་ཁག་གཉིས་བཟོ་སྐྲུན་བྱས་ཡོད། དེའི་རྗེས་སུ་ཡང་བསྐྱར་སངས་རྒྱས་ཆུང་ཆུང་ (Little Buddha) ཞེས་པའི་གློག་བརྙན་སྐད་གྲགས་ཅན་གཞན་ཞིག་ཐོན་ཡོད་པ་དེ་མཛད་རྣམ་འདིའི་རླབས་ཤུགས་ཀྱི་ཀུན་སློང་ལས་བྱུང་བ་ཞིག་རེད་ཅེས་བརྗོད་ནའང་མི་འགྲིག་པ་མེད། དེ་དག་ལ་བརྟེན་ནས་ཀྱང་༸རྒྱལ་བའི་མཚན་སྙན་དེ་བས་བླ་ནས་བླར་འཕེལ་བ་བྱུང་ཞིང་། དེར་བརྟེན་བོད་དོན་དྲིལ་བསྒྲགས་དང་བོད་དོན་རྒྱབ་སྐྱོར་ཐད་དེབ་འདིའི་སྒུལ་ཤུགས་འདྲ་བ་ཞིག་བྱུང་མྱོང་མེད་པར་བཤད་དོ།།
གསུམ་པ། བཀླགས་ཚོར།
ཕྱག་དཔེ་འདིར་སྤྱིར་ཚན་པ་བཅུ་དྲུག་ཡོད་ཅིང་། དེ་དག་ལས་ང་རང་ལ་བག་ཆགས་ཆེས་ཟབ་ཤོས་ནི་༧ གོང་ས་མཆོག་སྐུ་ན་ཆུང་ངུའི་དུས་སྐབས་ཀྱི་རྣམ་ཐར་གྱི་ཚན་པ་དེ་དག་ཡིན། དེ་ནི་བཙན་འཛུལ་གྱི་རླུང་འཚུབ་མ་ལངས་གོང་གི་དུས་ཚོད་དེ་ཡིན་ཞིང་། དེར་པད་དཀར་འཆང་བ་དང་སེང་གེའི་ཁྲི་ཞེས་པའི་རྣམ་ཐར་གྱི་ཚན་པ་གཉིས་ཡོད། སེང་གེའི་ཁྲིར་ཞེས་པའི་ཚན་པ་དེར་༧གོང་ས་མཆོག་དགུང་ལོ་བརྒྱད་ལ་སོན་པའི་ལོ་དེར་ཁོང་དང་མཉམ་དུ་འཚར་བའི་སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས་སྒེར་གྱི་སློབ་གྲྭ་ཞིག་ལ་བཏང་བ་དང་། དེས་དགུང་ལོ་བརྒྱད་ལས་སོན་མེད་པའི་བྱིས་པ་ཆུང་ཆུང་དེས་རྩེད་རོགས་འདང་ཆེན་ཞིག་བརླག་ཅིང་ཐུགས་སེམས་སྐྱོ་བོ་བྱུང་བར་བྲིས་ཡོད། སྐབས་དེར་༧གོང་ས་མཆོག་དང་ནང་མིའིི་བར་འབྲེལ་བ་མཐུད་མཁན་གྱི་བརྒྱུད་ལམ་གཅིག་ཡོད་པ་ནི་བློ་བཟང་བསམ་གཏན་ཁོ་ན་ཡིན་ལ། སློབ་གྲྭར་སོང་རྗེས་ཟླ་རེའི་ནང་ཁོང་དང་ཚར་གཅིག་མ་གཏོགས་ཐུག་ཐུབ་ཀྱི་མེད་པ། དེ་བཞིན་ཁོང་ཕྱིར་སློབ་གྲྭར་ལོག་སྐབས་༧གོང་ས་མཆོག་ཐུགས་སྐྱོ་སྐྱོའི་ངང་ཁོ་གཟིགས་ལམ་ལས་མ་ཡལ་བར་སྒེའུ་ཁུང་བརྒྱུད་སྤྱན་སྐྱེལ་ཞུ་བཞིན་ཡོད་པ། ཡང་སྐབས་སྐབས་སུ་རྒྱལ་ཡུམ་ལགས་དང་གཅེན་མོ་ཚེ་རིང་སྒྲོལ་མ་གཉིས་ཀྱིས་ཨ་མདོའི་གོ་རེ་དང་ཁ་ལག་རིགས་འདྲ་མིན་བཟོས་ནས་ཁོང་ལ་ལྟ་བར་ཕེབས་ཀྱིན་པར་རེ་སྒུག་བྱས་ནས་སྡོད་པ་སོགས་ཀྱི་མཛད་རྣམ་དེས་ཁོ་བོའི་བྱིས་དུས་ཀྱི་ལོ་ཟླ་དག་དྲན་པར་བྱས། ཁོ་བོ་ཆུང་དུས་དགོན་པར་དཔེ་ཆ་བློ་འཛིན་བྱེད་སྐབས་སྐབས་སྐབས་སུ་ དོན་དག་ཙག་ཙིག་ཆེད་ རྒན་ལགས་ཀྱིས་་ནང་དུ་མངགས་རྒྱུར་རེ་སྒུག་བྱས་པ་དང་། ཡང་ལན་རེར་ཁྱིམ་མི་རེ་དགོན་པར་ལྟ་བར་ཡོང་སྐབས་རྗེས་བསྙེགས་ནས་ནང་དུ་འགྲོ་འདོད་དེ་ཐག་རིང་བར་མིག་སྐྱེལ་བྱས་མཐར་སེམས་པ་སྟོང་བར་ཕྱིར་ལོག་བྱས་པའི་གནས་ཚུལ་དེ་དག་དྲན་དུ་བཅུག ཡང་སྐུ་ན་གཞོན་པའི་༧གོང་ས་མཆོག་སྐུ་མཚམས་སུ་བཞུགས་སྐབས་ཤིག་ལ་ཁ་ཁུ་སིམ་པོར་གཟུངས་སྔགས་བགྲང་བཞིན་བཞུགས་ཡོད་པའི་སྐབས། པོ་ཏཱ་ལའི་ཞོལ་གྱི་ལྷ་སའི་ཉེ་འཁོར་གྱི་རྩྭ་ས་རྣམས་ནས་ཕྲུ་གུ་ཚོའི་གཞས་གཏོང་གིན་ཚུར་ཡོང་གིན་པ་གསན་སྐབས་དང་། ཡང་སྨོན་ལམ་སྐབས་སྒེའུ་ཡོལ་གསེབ་ནས་ལྐོག་ལྟའི་ངང་གྲྭ་ཆུང་འཚུབ་པོ་རྣམས་རྩེད་མོར་གཡེང་བའི་རྣམ་པ་གཟིགས་སྐབས་ཁོང་ལའང་ཁོ་ཚོ་ནང་བཞིན་བྱེད་རྒྱུའི་གོ་སྐབས་དང་། ཡང་ཕྲུ་གུ་དེ་ཚོ་དང་ཕར་ཚུར་གནས་བབ་བརྗེ་བསྒྱུར་བྱེད་ཐུབ་ཡག་ཡོད་ནའང་སྙམ་པ་དེས་ཁོ་བོ་ཆུང་དུས་དགོན་པར་སྡོད་སྐབས། དགོང་ཁར་ཕྱུགས་རྫི་ཚོས་དགོན་པའི་མདུན་རིའི་ངོས་ཐལ་རྡུལ་ལང་ལོང་ཁྲོད་གླུ་སྐད་སང་སང་ངང་ལུག་ཁྱུ་ཁྱིམ་དུ་འདེད་བཞིན་པའི་རྣམ་པ་དེ་དྲན་ཞིང་། དེ་དུས་ངའང་ཁོ་ཚོ་དང་འདྲ་བར་ནང་དུ་ལོག་རྒྱུ་ཡོད་ནའང་སྙམ་དུ་དྲན་མྱོང་བ་དེ་ལ་ཕྱིར་དྲན་ཐེབས་སུ་བཅུག
ཡང་༧གོང་ས་མཆོག་སྐུ་ན་གཞོན་དུས་ཆུ་ལ་ཟགས་ནས་དྲན་པ་འཐོར་བ་དང་། རྩེད་མོའི་ཁྲོད་ཁོང་གིས་བློ་བཟང་བསམ་གཏན་ལ་རྨ་ཁ་བཟོས་པ། སྐུ་གོང་མའི་ཆིབས་འཁོར་བཟོ་བཅོས་བྱས་ཏེ་ཉིན་ཞིག་མི་གཞན་མེད་སར་དེ་བསྐོར་བར་སྟབས་མ་ལེགས་པར་ཆིབས་འཁོར་གྱི་མེ་ལོང་བཅག་པར་གཞན་གྱིས་མི་ཤེས་པའི་ཆེད་བཟོས་བཅོས་བྱས་ཏེ་སྐྲག་སྣང་ངང་བཞག་པ་སོགས་ཀློག་སྐབས་ཁོ་བོ་དང་ན་མཉམ་གྲྭ་ཕྲུག་ཚོའི་ཆུང་དུས་ཀྱི་འཚུབ་ཆ་ཁག་དྲན་དུ་བཅུག་སྟེ། ཆུང་དུས་སུ་བོང་བུར་ཞོན་ཏེ་བོང་རྒྱུགས་འགྲན་བསྡུར་བྱས་མཐར་ཨོང་ཤར་རྨ་བཟོས་པ། དགོན་པའི་རྒྱབ་རིའི་བྲག་ཕུག་ཏུ་སྐྱུང་ཀ་བཟུང་བ། བྱིའུ་ཚང་བསློགས་པ། གཙང་པ་ཁ་རལ་གྱི་རྐུབ་ནང་རྩྭའི་སྦུ་གུ་བཅུག་སྟེ་ཕུ་བརྒྱབས་པ། ཁྱིའི་རྔ་མར་རས་བསྡམས་དེ་ས་སྣུམ་བླུགས་ནས་མེ་སྒྲོན་པ་སོགས་ཆུང་དུས་ཀྱི་སྤྱོད་པ་འཚུབ་པོ་དེ་དག་དྲན་སོས་སུ་བཅུག ཡང་༧གོང་ས་མཆོག་ལ་རབ་བྱུང་སྒྲུབ་རྒྱུར་ཉེ་སྟབས་ཕག་ཤ་དང་སྒོ་ང་སོགས་བཞེས་མི་ཆོག་སྟབས། སྐབས་གཞན་ཞིག་ཏུ་རྒྱལ་ཡབ་ལགས་ཀྱིས་ཕག་ཤ་ཞིག་ཚེག་སྒྲ་དང་བཅས་ཏེ་བཞེས་བཞིན་ཡོད་པའི་སྐབས། ཁྱི་ཕྲུག་ཆུང་ཆུང་ཞིག་དང་འདྲ་བར་ཁོང་གི་འགྲམ་དུ་བསྡད་དེ་ཏོག་ཙམ་གནང་རོགས་བྱས་ན་བསམ་པའི་རེ་བས་ཁོང་ལ་བལྟས་ཏེ་བསྡད་པས་ཁོང་ནས་ཏོག་ཙམ་གནང་སོང་བས་ཧ་ཅང་ཞིམ་པོ་བྱུང༌ཞེས་ཆུང་དུས་ལ་ཕྱིར་དྲན་བྱས་འདུག དེར་མ་ཟད་ ༧གོང་ས་མཆོག་པེ་ཅིན་དུ་བཞུགས་སྐབས་ཁོང་ལ་མར་ཁེ་སིའི་རིང་ལུགས་དང་རྒྱ་ནག་གི་གསར་བརྗེའི་སྐོར་སློབ་སྦྱོང་སྤྲོད་མཁན་དུ་རྒྱ་ཁ་ཆེ་ཞིག་བསྐོས་ཡོད་པ་དེས་རྟག་ཏུ་ཕག་ཤ་ཟ་མྱོང་ངམ་ཞེས་༧གོང་ས་མཆོག་ལ་དྲིས་ཏེ་སྙད་རྐོ་གི་ཡོད་ཅེས་གསལ། ཕག་ཤ་ཟ་བར་དགའ་བའི་ཁོ་བོས་ཀྱང་༧གོང་ས་མཆོག་དང་འགྲོས་མཚུངས་པའི་ཆུང་དུས་ཀྱི་ལོ་ཟླ་ཞིག་བརྒྱུད་མྱོང་སྟབས། རྣམ་ཐར་གྱི་ཚན་པ་འདི་དག་ཀློག་སྐབས་མཚམས་རེར་ངུ་བྲོ་ཞིང་ལན་རེར་དགོད་ཤོར་ཏེ་གཅིག་བུས་མཚམས་རེར་མིག་ཆུ་དང་ལན་རེར་ཧབ་ཆ་ཐག་གེར་སྐུ་ན་གཞོན་དུས་ཀྱི་༧གོང་ས་མཆོག་ང་ཚོ་དང་འདྲ་བའི་མི་ཕལ་བ་ཞིག་ཏུ་མཇལ་ཞིང་། དེས་༧གོང་ས་མཆོག་དང་ཧ་ཅང་བློ་ཐག་ཉེ་བའི་ཚོར་བ་ཞིག་བསྐྲུན། དམ་དྲག་ཆེ་བའི་སློབ་སྦྱོང་གི་བརྒྱུད་རིམ་དེས་སྐུ་ན་ཕྲ་བའི་༧གོང་ས་མཆོག་ནི་པོ་ཏཱ་ལའི་བཙོན་པ་ལྟ་བུར་གྱུར་ཅིང་། དེས་ཁོ་བོ་གྲྭ་ཕྲུག་སྐབས་མཚམས་རེར་ཤག་གི་རྒན་ལ་གཡོལ་ཆེད་གསང་སྤྱོད་དུ་ལན་མང་འཛུལ་བ་དང་། འཛུལ་གྲངས་རེར་ཡུན་རིང་བསྡད་པའི་རྣམ་པ་དེ་དྲན་ཞིང་། དགོང་མའི་ཉལ་ཁང་དུ་སླེབས་སྐབས་ནི་བདེ་སྐྱིད་ཆེ་ཤོས་སུ་ཚོར་བའི་རྣམ་པ་དེ་དྲན་སོས་སུ་བཅུག མདོར་ན་མཛད་རྣམ་འདི་བཀླགས་པ་ལས་སྔོན་མའི་བོད་ཀྱི་སྐྱེས་ཆེན་དག་ལའང་དོན་བརྗོད་ཞིབ་ཅིང་། ཡིད་འགྱུར་ཟབ་ལ་གོ་སླ་བའི་ཚིག་སྦྱོར་ལ་བཅིངས་པའི་རང་རྣམ་འདི་འདྲ་རེ་ཡོད་ནའང་སྙམ་མོ།།
བཞི་བ། གཞེན་སྐུལ་དང་མཇུག་བསྡོམས།
གཞན་ཡང་ཕྱག་དེབ་འདིར་༧གོང་ས་མཆོག་སྐུ་སྒེར་གྱི་མཛད་རྣམ་ཙམ་དུ་མ་ཟད། ༧གོང་ས་མཆོག་རྒྱལ་དབང་བཅུ་གསུམ་པའི་སྐྱེ་སྤྲུལ་དུ་ངོས་འཛིན་བྱས་པའི་བརྒྱུད་རིམ་ནས་བཟུང་ཕྱག་དཔེ་འདི་བརྩམས་ཚུན་ཆད་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་ཐོག་མར་བོད་ནང་བཙན་འཛུལ་སླེབས་སྟངས་དང་། གྲོས་མཐུན་ལ་ཇི་ལྟར་མཚན་རྟགས་འགོད་དགོས་འཁེལ་བ། དེའི་རྗེས་ཀྱི་རྒྱ་བོད་མཉམ་གནས་ཡོང་ཐབས་གནང་བ། པེ་ཅིན་དུ་གཟིགས་ཕེབས་དང་རྒྱ་གར་དུ་སངས་རྒྱས་རྗེས་དྲན་དུ་ཕེབས་པའི་སྔ་ཕྱི། ནེ་རོས་བོད་ཐོག་བཟུང་བའི་ནོར་འཁྲུལ་གྱི་སྲིད་བྱུས་དང་དེར་༧གོང་ས་མཆོག་གི་གཟིགས་ཚུལ། ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་བརྒྱུད་རིམ། དེའི་ཕྱིས་ཀྱི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་སྐུ་ཚབ་སྔ་ཕྱི་བཏང་བའི་སྐོར། བཙན་བྱོལ་ནང་བོད་མིའི་སྤྱི་ཚོགས་གསར་འཛུགས་གནང་བ་དང་དེ་ཇི་ལྟར་ཚགས་ཆུད་དུ་ཕྱིན་པའི་སྐོར། བཙན་བྱོལ་གྱི་མྱོང་ཚོར་དང་ཐོག་མའི་ཆར་གྱི་དཀའ་ངལ། བཙན་བྱོལ་ནང་རྙེད་པའི་རང་དབང་གི་གོ་སྐབས་དང་བོད་མིའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ། འཛམ་གླིང་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་གནང་བའི་སྐོར། ཞི་བདེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་འཆར་སྤེལ་བ། འཛམ་གླིང་སྤྱིའི་བདེ་ཐབས་ཆེད་དགོངས་པ་བཞེས་ཕྱོགས། ནང་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་བསམ་གཞིགས་དང་ནང་ཆོས་ཀྱི་ལྟ་གྲུབ་དང་དེང་རབས་ཚན་རིག་དབར་གྱི་འབྲེལ་བ་སོགས་མདོར་ན་ཕྱག་དེབ་འདི་ནི་༧གོང་ས་མཆོག་སྐུ་སྒེར་གྱི་མཛད་རྣམ་ཙམ་མིན་པར་ཕྱི་ཚུལ་མཛད་རྣམ་ཙམ་དུ་མིང་བཏགས་པའི་བོད་རང་གི་ཉེ་རབས་ལོ་རྒྱུས་ཁ་གསལ་གོ་བདེ་ཞིག་ལོ་ཚིགས་དང་སྦྲགས་ཏེ་གོ་རིམ་བསྟར་ཆགས་སུ་བསྒྲིགས་པ་ཞིག་དང་། དེ་ཡང་མཛོ་མོའི་གནས་ཚུལ་མཛོ་བདག་ལ་གསལ་བའི་དཔེ་ལྟར་གནས་ཚུལ་དངོས་མྱོང་མཁན་གྱི་གནོད་འཚེ་ཕོག་མཁན་ཨང་དང་པོ་ first victim ཞིག་གི་ངོས་ནས་གནས་ཚུལ་གྱི་བྱུང་རིམ་རྣམས་མགོ་མཇུག་ཚང་བ། རྒྱབ་ལྗོངས་ལྡན་པ། ཁྱོན་ཡོངས་ཀྱི་གནས་ཚུལ་གཟིགས་པའི་ཐོག་ཞིབ་བཤད་བྱས་པའི་རྣམ་པར་བྲིས་ཡོད་པས། བཀླགས་བདེ་ལ་ངེས་པ་སྟེར་སླ་བའི་ཁྱད་ཆོས་ལྡན་སྟབས་༧གོང་ས་མཆོག་གི་མཛད་རྣམ་དང་ཉེ་རབས་བོད་ཀྱི་ལོ་རྒྱུས་ཤེས་པར་མ་བཀླགས་ཐབས་མེད་ཀྱི་དཔེ་དེབ་གལ་ཆེན་ཞིག་རེད་འདུག་སྙམ་མོ།།