གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་གངས་ཅན་མགོན་པོ་དུས་རབས་ཉེར་གཅིག་ཞི་བདེའི་མགོན།
ཁ་བའི་ལྗོངས་སུ་ཀླ་ཀློའི་བཙན་འཛུལ་བོད་མིའི་ངོ་བོ་འཇིག་པའི་ཉེན།
ག་ས་ག་ལ་ཀླ་ཀློའི་བཙན་འཛུལ་བོད་འབངས་བདེ་སྐྱིད་ཉི་ནུབ་མཚམས།
ང་ཚོ་བོད་མིའི་ལས་སྨོན་བཟང་པོས་མགོན་པོ་གང་ཉིད་འཕགས་ཡུལ་འཁོད།
ཅ་ཅོ་མང་བའི་ཆོས་མེད་ཀླ་ཀློའི་བོད་ཀྱི་མངའ་དབང་བཙན་གྱིས་ཕྲོག
ཆ་རྒྱུས་མེད་པའི་ཀླ་ཀློའི་ལམ་ལུགས་ནང་ཆོས་དམར་པོར་རྒྱུར་བའི་ཐབས།
ཇ་ཆང་ཟས་ཀྱི་མིང་ཙམ་འོག་ཏུ་བོད་མིའི་འཚོ་བར་གྱོང་གུན་སྤྲད།
ཉ་ཤ་ཕག་ཤ་སྡིག་ཟས་སྤྱོད་ལ་ཆོས་མེད་ཀླ་ཀློ་བདུད་དང་འདྲ།
ཏ་ལའི་བླ་མས་དུས་གསུམ་གསལ་གཟིགས་བོད་མིའི་མདུན་ལམ་མང་གཙོ་བསྟན།
ཐ་དད་ཆོས་ལུགས་འཆམ་མཐུན་འོག་ཏུ་ལྟ་གྲུབ་གང་ཡིན་རང་གི་སྲུང།
ད་ལྟའི་དུས་རབས་ཉེར་གཅིག་འདི་ལ་འཛམ་གླིང་ཀུ་ལ་ནང་ཆོས་དར།
ན་ལན་ཌ་ཡིས་མཁས་པའི་བཞེད་གཞུང་སངས་རྒྱས་བསྟན་པའི་མེ་རོ་འདྲ།
པན་གྲུབ་བཅུ་བདུན་དུས་རབས་འདི་ལ་བསྟན་པ་འཛིན་པའི་ཀ་གདུང་འདྲ།
ཕ་ལམ་འདྲ་བའི་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་ལ་དགེ་འདུན་སྡེ།
མ་གྱུར་སེམས་ཅན་ཕ་མ་མ་བྱས་ལུས་ཅན་གཅིག་ཀྱང་གླིང་འདིར་མེད།
ཙ་ཆུ་འཛོམས་པའི་བོད་ཡུལ་བྱང་འབྲོག་གུང་ཁྲན་ཇག་པས་བཙན་གྱིས་སྤོས།
ཚ་ཁའི་ཁྱི་རོ་མཐའ་མ་ཚ་འགྱུར་རྒྱ་མིའི་བོད་ཀྱི་ས་བཅུད་བཅོམ།
ཛ་དྲག་འོག་ཏུ་བོད་ཀྱི་གནས་སྟངས་རྒྱལ་སྤྱིའི་བདེན་རྒྱབ་དུས་ལ་བབས།
ཝ་ལེ་སོམ་དང་བོད་མིའི་ལས་དབང་ནང་བརྩོད་བཞག་ནས་དགྲ་ལ་བརྩོད།
ཞ་དཔེ་ལྷམ་འགེབས་ཕར་ལ་བཞག་ནས་ཕ་ཡུལ་ཕྱོགས་ལ་གློ་སྙིང་ཉེ།
ཟ་འཐུང་ལོངས་སྤྱོད་ཕུན་སུམ་ཚོགས་ནས་བོད་དོན་ནམ་ཡང་བརྗེད་མི་ཉན།
འ་ཆད་འུ་ཐུག་གཞིས་བཞུགས་བོད་མིའི་རང་ཡུལ་དོན་དུ་རང་ལུས་བསྲེགས།
ཡ་རབས་བཟང་སྤྱོད་བོད་མིའི་རིག་གཞུང་མ་རླག་རྒྱུན་དུ་སྲུང་ན་དགའ།
ར་བ་གངས་རིའི་ལྗོངས་སུ་བོད་ཀྱི་ཞིང་འབྲོག་འཚོ་བ་རྒྱ་མིའི་བཅོམ།
ལ་ལུང་ས་མཐར་གནས་པའི་བོད་མིའི་ལས་དབང་བྱ་སྤུ་རི་འཐོར་འདྲ།
ཤ་ཚའི་གཏམ་དང་ངན་པའི་བསླབ་བྱ་མ་ནོར་སེམས་ལ་ངེས་པ་བགྱིས།
ས་ཕྱོགས་འདི་ནི་མི་ཡུལ་ཡིན་པ་མ་བརྗེད་གངས་ལྗོངས་དྲན་པ་བགྱིས།
ཧ་སང་ཧོན་ཐོར་མ་བྱེད་རང་ཡུལ་རང་བདག་དོན་ལ་རང་འགན་འཁུར།
ཨ་རོགས་ཆོལ་གསུམ་བོད་རིགས་སྤུན་ཟླ་ཁ་དམག་བཞག་ནས་དོན་ལ་སྒྲིལ།