གཞུང་པ་ཚེ་དབང་བསོད་ནམས།
དུས་རབས་བཅོ་བརྒྱད་ཤར་ནས་འཛམ་གླིང་གི་ལུང་པ་མང་པོ་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་དེ་སྔའི་རྒྱལ་པོའི་ལམ་ལུགས་དང་། དཔོན་ངན་ཕྱོགས་གཏོགས་ལམ་ལུགས། སྐུ་དྲག་མི་བརྒྱུད་ལམ་ལུགས། གྲལ་རིམ་འགོ་འདྲེན་ལམ་ལུགས། ཆོས་དཔོན་བཤུ་གཞོག་ལམ་ལུགས། ཞིང་འདྲེན་དཔལ་འབྱོར་ལམ་ལུགས་སོགས་རིམ་པས་ཉམས་ནས་མི་མང་མང་གཙོའི་ལམ་དུ་ཁ་ཕྱོགས་ནས་མི་མང་གི་འདམས་པའི་འཐུས་མིའི་སྒྲིག་འཛུགས་ནས་ལུང་པའི་རྩ་ཁྲིམས་གཏན་འབེབས་བརྒྱུད་ནས་མང་གཙོ་གཅིག་སྒྲིལ། ༼ Unitary ༽ དང་། མང་གཙོ་མཉམ་འབྲེལ། ༼ Federation ༽ དང་། སྲིད་འཛིན་ལམ་ལུགས། ༼ Presidential System ༽ དང་། གྲོས་ཚོགས་ལམ་ལུགས། ༼ Parliamentary System ༽ བཅས་ལམ་ལུགས་མི་འདྲ་བ་འདི་དག་བརྒྱུད་ནས་གཞུང་སྲིད་སྐྱོང་མཁན་གྱིས་སྒྲིག་འཛུགས་གསུམ། ༡ ཁྲིམས་བཟོ་སྡེ་ཚན། Legislature ༢ འཛིན་སྐྱོང་སྡེ་ཚན། Executive. ༣ ཁྲིམས་ལུགས་དབང་འཛིན། Judiciary བཅས་སྡེ་ཚན་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ། ༼ Check and Balance System ༽ དང་། གཅིག་གི་གཅིག་ལ་འགན་བསྐུར་དགོས་པ་དང་། ལན་རྒྱག་དགོས་པ། ༼ Responsible and Answerable ༽ ནས་ཨ་རི་ལྟབུ་མང་གཙོ་གཅིག་སྒྲིལ་གྱི་རྒྱལ་ཁབ། ༼ Unitary Government ༽ དང་། རྒྱ་གར་ལྟབུ་མང་གཙོ་མཉམ་འབྲེལ་གྱི་རྒྱལ་ཁབ། ༼ Federation Government ༽ བཅས་ལམ་ལུགས་འདི་དག་བརྒྱུད་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགན་འཁུར་ནས་རྒྱལ་ཁབ་དང་སྲིད་གཞུང་མི་མང་དང་བཅས་པའི་ལས་དོན་ཡོངས་རྫོགས་རྒྱལ་ཁབ་ཀྱིས་རྩ་ཁྲིམས་འོག་ནས་སྒྲུབ་དགོས་པའི་ལམ་ལུགས་ལ་ཁྲིམས་ཀྱི་དབང་བསྒྱུར། ༼ Rule of Law ༽ ཟེར་བ་དང་། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ལོ་ ༡༩༦༠ ཐམ་པའི་སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་འོག་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་ལས་སྒྲུབ་པའི་མི་མང་གི་འཐུས་མི་བསྐོ་བཞག་དང་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ནས་ཉམས་མྱོང་བསགས་རིམ་བཞིན་ཡར་རྒྱས་ལ་ཁ་ཕྱོགས་ནས་སྤྱི་ལོ་ ༡༩༩༠ ་ཐམ་པའི་ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་༧གོང་ས་མཆོག་ནས་ཟུར་འཛུགས་གནང་ནས་ཚོགས་ཆུང་ནས་ཟིན་བྲིས་གནང་བའི་བཅའ་ཁྲིམས་དོན་ཚན་ ༡༡༥ ཡོད་པ་དེ་དག་བཙན་བྱོལ་སྤྱི་ཚོགས་ནང་བཀྲམས་ནས་མི་མང་གི་ངོས་ནས་སྣོན་འཕྲི་སྤོར་གཅོག་གི་བསམ་ཚུལ་བསྡུ་ལེན་ཆེད་ཟླ་བ་གསུམ་གྱིས་དུས་ཚོད་བཞག་ནས་མཐར་སྤྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའོ་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་འབེབས་གནང་ནས་༧ གོང་ས་མཆོག་གི་ཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ ཟླ་བ་ ༦ པའི་ཚེས་ ༢༨ ཉིན་དངོས་སུ་ཕེབས་པའི་དུས་ཚེས་དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་ཁྲིམས་བཟོ་སྡེ་ཚན་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་སྡེ་ཚན་བཀའ་ཤག་ལྷན་རྒྱས། ཁྲིམས་ལུགས་དབང་འཛིན་སྡེ་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་ཀ་བ་གསུམ་གྱིས་འགན་དབང་འོག་བཙན་བྱོལ་བོད་མིའི་ལས་དོན་ཡོངས་རྫོགས་ཁྲིམས་ཀྱིས་དབང་བསྒྱུར་འོག་འགྲོ་བཞིན་པའི་སྐལ་བཟང་དུས་བཟང་གིས་སྐབས་སུ་སྤྱི་འཐུས་སྐབས་བཅུ་དྲུག་དང་། བཀའ་ཤག་སྐབས་བཅོ་ལྔ་གཉིས་ཀྱིས་ལས་དུས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་ནས་འཕོ་འགྱུར་བཏང་བའི་འཇུག་འབྲས་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་མང་པོ་བཟོས་པ་དང་། བོད་མི་ནང་ཁུལ་གྱིས་མཐུན་འབྲེལ་ལ་གས་ཆགས་བཏང་བ་དང་། གཞི་རིམ་མི་མང་གིས་ལས་འགུལ་སྤེལ་རྒྱུ་དང་། ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་ཁྲིམས་ཞིབ་པ་དུས་ཐོག་བསྐོ་མ་ཐུབ་པ་དང་། ཉེ་ལམ་སྤྱི་ཟླ་དང་པོའི་ཚེས་བཅུ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་སྟོང་པ་བཞག་པ་འདི་དག་ནི་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ལ་ངོས་འཛིན་དགོས་པ་རེད་དམ་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ངོས་འཛིན་དགོས་པ་རེད་ཟུར་གནས་རྒྱ་ཆེ་མང་ཚོགས་ནས་ཐུགས་ཐག་གཅོད་དགོས་པའི་དུས་ལ་བབས་མི་འདུག་གམ།