གཞུང་པ་ཚེ་དབང་བསོད་ནམས།
དང་པོ། ༽ བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ནང་འདྲ་མཉམ་མེད་པ་སྡེ་ཚན་འགའ་ཤས་ལ་རང་གི་སྐུ་ཚབ་སྤྱི་འཐུས་བཅུ་གཉིས་འདེམས་བཞིན་པ་དང་། སྡེ་ཚན་འགའ་ཤས་ལ་རང་གི་སྐུ་ཚབ་སྤྱི་འཐུས་བཅུ་རེ་འདེམས་བཞིན་པ་དང་། ས་ཁུངས་འགའ་ཤས་ལ་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་རང་གི་སྐུ་ཚབ་སྤྱི་འཐུས་གཉིས་རེ་འདེམས་བཞིན་པ་དང་། ས་ཁུངས་འགའ་ཤས་ལ་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་རང་གི་སྐུ་ཚབ་སྤྱི་འཐུས་གཅིག་རེ་འདེམས་བཞིན་པ་བཅས་། ད་ལྟའི་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་སྟངས་དེ་ཆ་སྙོམས་སམ་འདྲ་མཉམ་མེད་པ་ནི་མང་གཙོ་དང་། དྲང་བདེན་། འདྲ་མཉམ་། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་དང་མ་མཐུན་པ་ནས་བོད་ཀྱི་ཡུལ་མི་ཚང་མར་འདྲ་མཉམ་གྱི་འོས་ཤོག་༼ Right of equal Vote ༽ འཕེན་ཆོག་པའི་ཐོབ་ཐང་བཟོ་དགོས་།
གཉིས་པ་ ༽ ད་ལྟའི་སྤྱི་འཐུས་ཀྱི་ཡོང་ཁུངས་སམ་གྲུབ་ཆ་ཆོས་ལུགས་ལྔ་དང་ཆོལ་ཁ་གསུམ་བཅས་སྡེ་ཚན་བརྒྱད་དེ་བོད་མི་རིགས་གསོན་གནས་ཐུབ་པའི་བླ་སྲོག་ལ་སོང་ཇི་སྲིད་བོད་མི་རིགས་ནམ་གནས་བར་དེ་སྲིད་དུ་ཆོས་ལུགས་ལྔ་དང་ཆོལ་ཁ་གསུམ་བཅས་གྲངས་ཀ་མང་ཉུང་ལ་མ་ལྟོས་པར་སྤྱི་འཐུས་གྲོས་ཚོགས་ཀྱི་གྲུབ་ཆར་གནས་དགོས་པ་ནས་བཅའ་ཁྲིམས་དོན་ཚན་སོ་བདུན་པ་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་། ནང་གསེས་གསུམ་པའི་ནང་། ༼ སྤྱི་འཐུས་ལྷན་ཚོགས་ཀྱི་དགོས་གལ་གཟིགས་མཚམས་ས་ཁུལ་སྤྱི་འཐུས་ཀྱི་ས་ཁུངས་གྲངས་ཚད་སྤར་རྒྱུ་ ༽ གསལ་བ་ལ་འགན་འཁུར་ནས་དེ་སྔོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་མ་ཐོན་གོང་གི་ལམ་ལུགས་ལྟར་ཆོས་ལུགས་རེ་ནས་སྤྱི་འཐུས་གཅིག་རེ་དང་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་བཅས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པ་ཁག་ནང་ཡོད་པའི་བོད་མི་བཙན་བྱོལ་བ་གནས་སྡོད་ས་ཆ་ཚང་མ་ནས་སོ་སོའི་ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་འོས་བསྡུའི་ལམ་ནས་བསྐོ་དགོས་པ་དང་། ཆོས་ལུགས་སྤྱི་འཐུས་ནང་གྲ་བཙུན་ལས་མི་སྐྱ་ཕོ་མོ་ཕེབས་མི་ཆོག་པ་བཟོ་དགོས་པ་དང་། ཆོལ་ཁའི་སྤྱི་འཐུས་ནང་མི་སྐྱ་ཕོ་མོ་ལས་གྲ་བཙུན་ཕེབས་མི་ཆོག་པ་བཟོ་དགོས་པ་དང་། དེ་འཕྲོས་སྤྱི་འཐུས་ཇི་དགོས་རྣམས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པ་ཁག་ནང་ཡོད་པའི་བོད་མི་བཙན་བྱོལ་བའི་འདུས་སྡོད་གཞིས་ཆགས་སམ་སྡོད་གནས་ས་ཁུལ་ ༼ Constituency ༽ མི་འབོར་ཆ་བགོས་ལ་གཞི་བཅོལ་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པར་ས་གནས་མི་མང་ནས་འོས་བསྡུའི་ལམ་ནས་རང་གི་སྐུ་ཚབ་ས་ཁུངས་གྲོས་ཚོགས་འཐུས་མི་འདེམས་དགོས་པ་དང་། གོང་གི་ཆོས་ལུགས་རེ་ནས་སྤྱི་འཐུས་གཅིག་རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་བཅས་བསྡོམས་སྤྱི་འཐུས་བཅུ་གཅིག་དེ་རྒྱུན་ལས་གནང་ནས་རྡ་སར་གཏན་འཇགས་བཞུགས་དགོས་པ་དང་དེ་མིན་སྤྱི་འཐུས་རྣམས་རང་རང་ས་གནས་སུ་བཞུགས་ནས་ས་གནས་མི་མང་གི་འཚོ་བའི་ལས་གཞི་དང་འབྲེལ་བའི་བདེ་སྡུག་གནས་སྟངས་ལ་གཟིགས་རྟོགས་དང་རྒྱུས་ལོན་གནང་དགོས་པ་དང་། ལོ་རེའི་ནང་ཚོགས་དུས་གསུམ་ཚོགས་དགོས་པ་དང་། སྤྱི་ཟླ་གསུམ་པའི་ནང་ལོ་འཁོར་སྔོན་རྩིས་ ༼ Budget Session ༽ ཚོགས་དགོས་པ་དང་། སྤྱི་ཟླ་བདུན་པའི་ནང་ཆར་དུས་ ༼ Rainy Session ༽ ཚོགས་དགོས་པ་དང་། སྤྱི་ཟླ་བཅུ་གཅིག་ནང་དགུན་ཚོགས། ༼ Winter Session ༽ ཚོགས་དགོས་པ་བཅས་ཚོགས་དུས་རེའི་བར་ལ་ཟླ་བ་གསུམ་རེ་འཇོག་དགོས་པ་དང་། སྤྱི་འཐུས་ཚོ་ད་མུས་བཞིན་ཕྱོགས་བསྐྱོད་འཚམས་གཟིགས་ལ་ས་བགོས་རྒྱབ་ནས་ཕེབས་མ་དགོས་པ་ས་གནས་སོ་སོའི་ཕྱོགས་བཞུགས་སྤྱི་འཐུས་དང་ས་གནས་འཐུས་མིའི་འཐུས་པ་གནང་ནས་གཞུང་གྲོན་བསྲི་ཚགས་ལ་དགོང་པ་བཞེས་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་།
གསུམ་པ་༽ བཅའ་ཁྲིམས་ལེའུ་བདུན་པ་། དོན་ཚན་དོན་བརྒྱད་ནང་གསལ་བའི་ས་གནས་འཐུས་མིའི་ཚོགས་འདུའིི་སྒྲིག་འཛུགས་དེ་དག་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པ་ཁག་བཙན་བྱོལ་བོད་མིའི་གཞིས་ཆགས་སམ་སྡོད་སྒར་ཚང་མའི་ནང་འཛུགས་དགོས་པ་ནི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ལ་འགན་འཁུར་ནས་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དང་། ཕྱོགས་བཞུགས་སྤྱི་འཐུས་ཚོར་ཆེ་མཐོང་གི་དོད་ཟླ་རེར་གསོལ་ཕོགས་སྣེ་སེལ་མིང་ཙམ་ཡོད་པ་བཞིན་ས་གནས་འཐུས་མིའི་ཚོགས་མི་ཚོ་ལའང་མང་ཉུང་ལ་མ་ལྟོས་པའི་ཆེ་མཐོང་གི་དོད་གསོལ་ཕོགས་གནང་དགོས་པ་ནི་ལས་འགན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་གྱི་སྲིད་བྱུས་འཛིན་དགོས་པ་ནི་དྲང་བདེན་དང་། དྲ་མཉམ་། ཕྱི་གསལ་ནང་གསལ་། མང་གཙོ་། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ཡང་དེ་ཡིན་པ་དང་།
བཞི་པ་ ༽ བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཚིག་བརྗོད་སྙིང་པ་༼ ཡུལ་མིའི་རྒྱལ་ཁབ་ ༽ Republic དེ་རང་འཇགས་བསྐྱར་བཅོས་དགོས་པ་ནི་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་ ༼ Democracy Theory ༽ དང་མཐུན་པ་ཞིག་དགོས་པ་ནི་ ༼ ཡུལ་མིའི་རྒྱལ་ཁབ་ ༽ Republic means Head of Nation and Head of state is being elected by people ༽ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་འགོ་ཁྲིད་དེ་མི་མང་གི་འདམས་པའི་མི་ཞིག་དགོས་པ་ལྟར་ལམ་ལུགས་དེ་ལ་ཡུལ་མིའི་རྒྱལ་ཁབ་། Republic ཟེར་བ་དང་། ༼ ཡུལ་མིའི་སྲིད་སྐྱོང་ ༽ ཟེར་བའི་ཐ་སྙད་དེ་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་མང་གཙོའི་ལྟ་གྲུབ་དང་མཐུན་མིན་ཐེ་ཚོམ་ཆེན་པོའི་ནང་ལྷག་པ་ནས་མང་གཙོའི་ལྟ་གྲུབ་༼ Democracy Theory ༽དང་མཐུན་པའི་འབྲེལ་བཤད་ག་འདྲ་ཞིག་གནང་གི་ཡོད་དེ་ཡང་གསལ་པོ་མ་ཤེས་པ་ནས་ཐེ་ཚོམ་ཆེན་པོའི་ནང་ལྷག་པ་ནས་ང་ཚོའི་མང་གཙོ་དེ་འཛམ་གླིང་གི་རྒྱལ་ཁབ་སྤྱིའི་མང་གཙོའི་ལྟ་གྲུབ་ ༼Democracy Theory ༽ དང་མཐུན་པ་ཞིག་དགོས་པ་ལས་མང་གཙོ་སྤྱིའི་ལྟ་སྒྲུབ་ ༼ Democracy Theory ༽ དང་མ་མཐུན་པའི་མང་གཙོའི་སྒྲིག་འཛུགས་ཞིག་ཟུར་དུ་གསོ་སྐྱོང་བྱས་ཚེ་ང་ཚོ་སླར་ཡང་དེ་སྔོན་ནང་བཞིན་གངས་རིའི་ཁྲོད་དུ་འཛམ་གླིང་དང་ཁ་བྲལ་ནས་ཟུར་འཚོ་བྱ་འདོད་པ་མ་རེད་དམ།
ལྔ་པ་༽ བཅའ་ཁྲིམས་དོན་ཚན་ལྔ་པ་དང་། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི། བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་གྱིས་ནང་གསེས་བཞི་པ་བཅས་ལ་གསལ་ཁ་སྟོད་ནས་མ་འོངས་གྲོས་ཚོགས་ལས་རིམ་ནང་ནོར་འཁྲུལ་དང་མགོ་ལོག་ཁྲིམས་འགལ་མི་ཡོང་བའི་གསལ་ཁ་སྟོད་དགོས་པ།
དྲུག་པ་ ༽ སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་རེ་མོས་བསྐོར་རྒྱུ་དེ་བཅའ་ཁྲིམས་ནང་གསལ་ཁ་མེད་པ་ཞིག་གྲོས་ཚོགས་ནས་ལག་ལྟར་བྱེད་བཞིན་པ་དེ་དག་ཁྲིམས་འགལ་རང་ལ་ངོས་འཛིན་དང་བཅས་བཅའ་ཁྲིམས་ནང་གསལ་ཁ་སྟོད་ནས་ཁྲིམས་མཐུན་བཟོ་དགོས་པ་དང་། དེ་སྔོན་སྤྱི་ལོ་ ༢༠༠༥ / ༢༠༡༩ བཅས་སོ་སོར་བཅའ་ཁྲིམས་དཔར་བསྐྲུན་གནང་བ་དེའི་དོན་ཚན་གསུམ་པའི་ནང་མང་གཙོ། Democracy ༼ ལས་མང་གཙོ་མཉམ་འབྲེལ། Federation ༽ འཁོད་མི་འདུག་ལ།
བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་ནང་། ༼ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར།
༼Parliament dissolve༽
གཏོང་རྒྱུ་དེ་འཁོད་མི་འདུག་ན་མ་འོངས་བཅའ་ཁྲིམས་དང་སྒྲིག་གཞི་སོགས་གལ་ཆེའི་ཡིག་ཆ་ཁག་དཔར་བསྐྲུན་གནང་སྐབས་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་འབོད་བསྐུལ་དང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་པའི་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་ང་ཚོའི་མང་གཙོའི་ལམ་ལུགས་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ།