གཞུང་པ་ཚེ་དབང་བསོད་ནམས།
མི་ཡི་སྤྱི་ཚོགས་ནང་རོགས་དངུལ་དང་རོགས་སྐྱོར་ཟེར་བའི་ཐ་སྙད་དང་ལམ་ལུགས་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དར་བ་ཞིག་ཡིན་པ་དང་། ལྟ་བའི་འགལ་ཟླའི་འོག་ནས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྒྲུབ་འབྲས་བརྒྱུད་ནས་ཕམ་ཉེས་དང་། གཏོར་བཤིགས། གྱོང་གུན། བསད་རྨས་སོགས་བྱུང་བའི་གྱོང་གུན་དེ་དག་སླར་གསོ་དང་འཛུགས་བསྐྲུན་ཆེད་རོགས་དངུལ་དང་། ཟས་གོས་སོགས་ཀྱིས་རོགས་ཕན་བྱ་རྒྱུའི་ལམ་ལུགས་དེ་ནས་དར་བ་དང་། ང་ཚོ་བོད་མི་ཚོ་རྒྱ་མིའི་བཙན་གནོན་འོག་ནས་རྒྱ་བལ་འབྲུག་གསུམ་ནང་ངོ་ཤེས་པ་ས་གནམ་གཉིས་ལས་མེད་པའི་དུས་སྐབས་སུ་༧ གོང་ས་མཆོག་གིས་རླབས་ཆེན་མཛད་འཕྲིན་འོག་འཛམ་གླིང་རྒྱལ་སྤྱིའི་ང་ཚོར་རོགས་རམ་ཟས་གོས་དང་། གནས་ཡུལ་རྒྱ་གར་གཞུང་ནས་ང་ཚོར་སྡོད་གནས་བཟོ་གཞིས་འཛུགས་བསྐྲུན་ཆེད་ས་ཁང་གིས་རོགས་རམ་དང་། དེང་སྐབས་ཨ་རིའི་རོགས་དངུལ། ༼ USAID ༽ བརྒྱུད་ནས་བཙན་བྱོལ་བོད་མིའི་དབུས་སའི་སྒྲིག་འཛུགས་ལ་རོགས་དངུལ་དབྱར་གྱི་ཆར་པ་ལྟར་བབས་བཞིན་པ་ལ་ང་ཚོའི་ངོས་ནས་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་དགོས་པ་དང་། ཨ་རིས་མཚོན་པའི་ནུབ་ཕྱོགས་འབྱོར་ལྡན་གྱིས་ལུང་པ་མང་པོའི་ང་ཚོ་བོད་མི་བཙན་བྱོལ་བ་ཚོའི་དཀའ་སྡུག་ལ་དགོངས་བཞེས་གནང་ནས་འདས་པའི་མི་ལོ་དྲུག་ཅུ་ལྷག་ཙམ་རིང་ང་ཚོ་ཁོང་ཚོའི་གསོས་ཕྲུག་ནང་བཞིན་བྱས་ནས་སྐྱིད་ཉལ་རྒྱབ་ནས་བསྡད་པ་དེ་དག་ད་ཆ་གཞི་ནས་གཉིད་སད་པའི་དུས་ལ་སླེབ་པ་ནི་ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པའི་བསྒྲགས་གཏམ་ནང་ཕྱི་ཁག་ལ་ཨ་རིའི་རོགས་དངུལ། ༼ USAID ༽ དང་། ༼ DRL ༽ དང་། ༼ PRM ༽ བཅས་ལ་བསྐྱར་ཞིབ་བྱ་རྒྱུའི་ཆེད་གནས་སྐབས་ཟླ་གསུམ་རིང་བཀག་རྒྱུའི་ལས་འཆར་འགྲོ་བཞིན་པ་ནས་ང་ཚོའི་རང་འགན་རང་གིས་འཁུར་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནམ་གནས་བར་ཕྱི་ལ་ལག་པ་བཟེད་མ་དགོས་པ་བཟོ་རྒྱུ་དེ་ང་ཚོ་བོད་མི་ཚོའི་ལས་འགན་ཡིན་པ་ནས་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ལ་ཕན་པའི་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསེས་བཞི་པ་དང་ལྔ་པའི་འོག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་གཏན་འབེབས་བརྒྱུད་ནས་དཔྱ་ཁྲལ་སྤར་ཆ་གནང་ནས་དཔལ་འབྱོར་ལྷན་ཁང་གི་དཔྱ་ཁྲལ་ཚན་པ་སྡེ་ཚན་ནས་དཔྱ་དངུལ་ཆད་ལྷག་མེད་པ་དུས་ཐོག་བསྡུ་དགོས་པ་དང་། ནང་ཤེས་འཕྲོད་གསུམ་ནང་ཡོད་པའི་ཁྱིམ་ཚང་ཉམས་ཐག་ཨང་ཐོབ་ཡོད་པ་ཁག་དང་ཛ་དྲག་དཀའ་ངལ་འཕྲད་པའི་རིགས་ལ་ཆག་ཡང་གཏོང་རྒྱུའི་ལམ་ཁ་བཟོ་དགོས་པ་དང་། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པའི་ནང་ཡོད་པའི་བོད་མི་ཚོང་ལས་གཉེར་མཁན་ཚོའི་ཚོང་ཕུད་ཞལ་འདེབས་སམ་ཡོང་འབབ་ཁྲལ་བརྒྱ་ཆ་གཏན་འབེབས་ཀྱིས་བསྡུ་འབུལ་དགོས་པ་དང་། ལྷན་ཁང་ཁག་གི་ལས་འཆར་བཀོད་སྒྲིག་ལ་སྐྱར་ཞིབ་གནང་ནས་དགོས་གལ་ཆུང་བའི་ལས་གཞི་ཁག་གནས་སྐབས་མཚམས་བཞག་ནས་ཁ་ཚ་དགོས་གཏུགས་ཀྱིས་ལས་གཞི་ཁག་ལག་ལྟར་དགོས་པ་དང་། སྤྱི་ལོ་ ༢༠༡༤ ལོའི་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་ཡིག་ཆ། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོོགས་ཀྱི་སྲིད་བྱུས་། ༢༠༡༤ ༽ ༼ THE TIBETAN REHABILITATION POLICY. 2014 ༽ ཟེར་བའི་ཡིག་ཆ་འདིའི་བརྒྱུད་ནས་བཙན་བྱོལ་བོད་མི་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་གཞིས་ཆགས་པ་ཁག་ལ་རྒྱ་གར་གྱི་ཡུལ་མི་སྤྱི་མཚུངས་ལྟར་གྱི་དགོས་མཁོའི་རིགས་ཆ་ཚང་དུས་ཐོག་ཐོབ་པའི་ཆེད་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་ས་གནས་སོ་སོའི་ས་གནས་འགོ་འཛིན་དང་མི་སྤྱི་མཉམ་འབྲེལ་བཅས་ནས་འབྲེལ་ཡོད་རྒྱ་གར་གྱི་དབུས་ས་གཉིས་ཀྱི་དཔོན་རིགས་ཁག་ལ་ཡང་ནས་ཡང་དུ་ཞུ་སྙན་དང་ངོ་མཇལ་བརྒྱུད་ནས་ཡུལ་མི་སྤྱི་མཚུངས་ཀྱི་ཐོབ་ཐང་དེ་ང་ཚོ་བོད་མི་བཙན་བྱོལ་བ་ཚོར་གནང་སྐྱོང་ཡོང་བའི་འབོད་བསྐུལ་སྙན་སེང་ཞུ་དགོས་པ་ནི་ནུབ་ཕྱོགས་ལུང་པའི་རོགས་དངུལ་ལ་ངེས་བརྟན་མེད་པའི་ཆབ་སྲིད་འཕོ་འགྱུར་འོག་ང་ཚོ་འཚོ་བཞིན་པ་དེ་བོད་མི་ཚང་མས་གསལ་པོ་མཁྱེན་པ་ཤེས་པ་གནང་ནས་རང་མི་རང་ལས་དང་། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱ་དགོས་པའི་དུས་ལ་བབས་མི་འདུག་གམ།