རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། བློ་གྲོས་རབ་བརྟན།
——དགུང་གྲངས་དགུ་བཅུར་ཕེབས་པར་ཆེད་དུ་བྲིས།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་གནང་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས།
བོད་མི་རིགས་ཟེར་བ་འདི་མེད་པ་ནས་ཡོད་པ། འཆི་ས་ནས་འཚོ་བ། འཐོར་བ་ནས་གཅིག་ཏུ་བསྒྲིལ་ཏེ། དེང་སང་མིག་གིས་མཐོང་རྒྱུ་ཡོད་པ། རྣ་བས་གོ་རྒྱུ་ཡོད་པ། ད་དུང་མི་རིགས་འདིའི་མ་འོངས་པའི་ཆེད་དུ་སྒྲིག་འཛུགས་ཡོད་པ། རང་གི་ངོ་བོ་ཉར་ཚགས་ཐུབ་ཡོད་པ། མི་མང་ལ་རང་གི་འདུ་ཤེས་དང་ལ་རྒྱ་ཡོད་པ། རྒྱལ་སྤྱིའི་ཁྲོད་ན་མཐོང་ཡོད་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་ཡོད་པ། འདི་དག་ཇི་ལྟར་བྱུང་བ་རེད།
དེ་བཞིན། མི་རིགས་འདིའི་ནང་བསྟན་གྱིས་གཙོས་རིག་གཞུང་གིས་རྒྱལ་སྤྱིའི་ཤེས་རིག་གི་ཁྱབ་ཁོངས་ནས། ཚན་རིག་དང་མཉམ་དུའམ། ཡང་ན་ཕྱོགས་གཞན་ཞིག་ནས། ཚན་རིག་ལ་སྣེ་ཁྲིད་ཀྱིན་པ་འདི་དག་ཚང་མ་མི་གཅིག་གི་རྣམ་དཔྱོད་དང་ཤེས་རབ། འགྲན་ཟླ་བྲལ་བའི་གཟིགས་རྒྱང་ཁོ་ན་ལ་བརྟེན་ནས་བྱུང་ཡོད།
མི་སྒེར་བ་ཞིག་ལ་མཚོན་ནའང་། ས་གང་དུ་བསྡད་ཅིང་། གནས་གང་ཞིག་འགྲིམ་ཅིང་། ལས་ཅི་ཞིག་བྱས་ནའང་། ཉིད་ཀྱི་ཤུགས་རྐྱེན་དང་། མཚན་སྙན། ནུས་པས་ཞོགས་འདེགས་བྱེད་བཞིན་ཡོད། ཐ་ན། མི་ངོ་ས་ངོ་མི་འཕྲོད་པའི་སྐབས་ལའང་། ཁྱེད་ཀྱི་མཚན་ནས་བཟུང་ན། གོ་བརྡ་འཕྲོད་ཅིང་ད་དུང་དགའ་བའི་རྣམ་འགྱུར་སྟོན།
སྐུ་ཉིད་ས་འདིའི་སྟེང་ན། ཕྱི་གསལ་ནང་གསལ། དྲང་པོ་དྲང་བཞག འདྲ་མཉམ་གཉིས་ཕན། མཐོ་དམན་དྲག་ཞན་མེད་པར་འདྲ་མཉམ་དུ་ལྟ་ཐུབ་མཁན་གཅིག་བུ་དེར་གྱུར་ཡོད་པས། མིའི་སེམས་ལ་གཞན་སུས་ཀྱང་བསྐྲུན་དུ་མེད་པའི་བག་ཆགས་བཞག་ཡོད།
བག་ཆགས་དེའི་དབང་གིས་བོད་མི་རིགས་འདི་ཡང་གཤིས་འཇམ་དང་གཞུང་དྲང་། བྱམས་བརྩེ་ཅན་གྱི་མི་རིགས་ཤིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། གཞན་གྱི་ཡིད་ཆེས་དེས་བོད་མི་སྒེར་བ་ཞིག་ལ་མཚོན་ནའང་། མི་གཞན་ལ་འབྲེལ་བ་བྱེད་པ་དང་། གཞན་དང་མཉམ་དུ་ལས་དོན་སྒྲུབ་པ། གཞན་ནས་ཡིད་ཆེས་བྱེད་པ། ལས་ཀ་སྤྲོད་པ་སོགས་ཉིན་རེའི་བོད་མི་ཚོའི་ཕོར་བའི་ཁ་ན། ཉིད་ཀྱི་མཛད་འཕྲིན་སླེབས་ཀྱིན་ཡོད། མཛད་འཕྲིན་དེས་འཚོ་བར་སྤྲོ་སྣང་དང་བདེ་སྐྱིད་བསུ་བཞིན་ཡོད།
མི་རིགས་འདྲ་མིན་ཁྲོད་ན། མགོ་བོ་བཏེགས་ཏེ་བོད་པ་ཡིན་ཞེས་འདྲ་མཚུངས་ངང་ལངས་ཐུབ་ཀྱིན་ཡོད། དེ་གང་གིས་རེད། ང་ལ་གཟུགས་སྟོབས་ཆེན་པོ་ནི་མེད། རྒྱུ་འབྱོར་འབོར་ཆེན་ནི་མེད། ཁྱད་འཕགས་ཀྱི་ཡོན་ཏན་དང་། ཐ་ན་རང་ལ་དབང་བའི་ས་སྤར་བ་གང་ཡང་མེད་མཁན་ཞིག་ལ། དེ་འདྲའི་སྤོབས་སེམས་དེ་གང་ནས་བྱུང་བ་རེད། མི་གཅིག་རང་གཅིག་ལས་འབྱུང་གིན་ཡོད། མི་འབོར་ས་ཡ་མང་པོར་བྱམས་པ་དང་སྙིང་རྗེ། རང་ལས་གཞན་གཅེས། ཞི་བདེ་དང་བདེ་གནས། བཟང་སྤྱོད་དར་སྤེལ་གྱི་སྟོན་པ་ཆེན་པོ། བོད་མིའི་ཤ་ཁྲག་ཏུ་འཁྲུངས་པས་རེད། དེ་འདྲའི་དོན་ལ་གནས་པའི་སྐྱེས་བུ་རླབས་ཆེན་ཞིག་ང་དང་རིགས་རྒྱུད་གཅིག་པ་ཡིན་པ། ངོམ་རྒྱུ་དང་སྟོན་རྒྱུ་ཡོད་པས་རེད།
བོད་དོན་ནམ། བོད་མི་རིགས་ཀྱི་མ་འོངས་པར་བསམས་ན། ད་ལྟའི་གནས་བབ་ལ་གཞིགས་ན། རེ་བ་མེད་པ་གསལ་བོ་རེད། རང་ས་རང་ཡུལ་ན་བོད་མི་རིགས་འདི་གྲངས་ཉུང་ཆགས་བཞིན་པ། བཙན་བྱོལ་དུའང་བོད་མི་ཚོ་རང་དོན་ཆེད་དུ། ཁ་འཐོར་གྱི་གནས་བབ་ཆེ་ནས་ཆེ་རུ་འགྲོ་བཞིན་པ། རྒྱལ་སྤྱིའི་ཁྲོད་དུ་རྒྱ་ནག་གི་འབྱོར་བ་ཆེ་རུ་ཕྱིན་པ་དང་བསྟུན། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩ་ཆེན་འཛིན་པའི་རྒྱལ་ཁབ་དག་གིས་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལས་དཔལ་འབྱོར་འདེམས་ཀྱིན་པའི་སྐབས་འདིར། ཕྱི་ནང་གི་གནས་བབ་མཐའ་དག་ཐུགས་སུ་ཆུད་ཅིང་། མཁས་ཤིང་མཛངས་པའི་རྣམ་དཔྱོད་དང་། ཐབས་མཁས་བསྟུན་མཁས་ཀྱིས། བོད་མི་རིགས་འདི་འཆི་མི་དགོས་པར་གསོན་ཐབས་གཙོ་བོར་བཟུང་སྟེ། གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་དང་། བོད་དོན་ཐད་ནས་དགོངས་བཞེས་གནང་སྟངས་དག་མཐོང་ཡོང་ན། རང་བཞིན་གྱིས་བོད་མི་རིགས་འདིའི་མ་འོངས་པའང་རེ་བ་མེད་པ་ཞིག་རེད་མི་འདུག་ཨང་། བསམ་པ་ཞིག་ཡིད་ལ་འཁོར་ཞིང་། རེ་བ་དེའང་། སྐུ་ཉིད་ཀྱི་རྣམ་དཔྱོད་དང་དཔའ་མཛངས་ཁོ་ན་ནས་འབྱུང་གིན་ཡོད།
གྲྭ་བ་གྲྭ་རྐྱང་ཞིག་མེ་མདའི་སོ་ཁ་ནས་ཐར་ཏེ། ཅི་ཡང་མེད་ས་ཞིག་ནས་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོའི་ལྟོ་གོས་གནས་མལ་ནས། དེང་གི་ཤེས་ཡོན་ཅན་བར་དུ་བསྐྱལ་ཞིང་། བོད་མིའི་སྒྲིག་འཛུགས་ནས། བོད་དོན་འདི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བསྐྲུན་ཏེ། བོད་དོན་འཐབ་རྩོད་ཀྱི་སྲོག་ཤིང་དུ་བཞེངས་ཤིང་། རྒྱལ་སྤྱིའི་དཀའ་ངལ་སེལ་བའི་ལམ་སྟོན་པར་གྱུར་བའི་བརྒྱུད་རིམ་འདི་བསམས་ན། སྐུ་ཉིད་ལ་གཞན་སུ་ལའང་མེད་པའི་སེམས་ཀྱི་ནུས་པ་ཁྱད་པར་བ་ཞིག་དང་། རང་ཉིད་ཡོངས་སུ་བློས་བཏང་བྱས་ཏེ། ལྷག་བསམ་རྣམ་དག་དང་། དྲང་བོ་དྲང་བཞག་གིས། གཞན་དོན་ཁོ་ན་ཁུལ་དུ་འཁྱེར་ཐུབ་པ་འདི་འདྲ་ཞིག། ས་རྡོག་རྡོག་འདིའི་སྟེང་ན། ཁྱེད་ཉིད་གཅིག་བུ་དེར་ངེས་པས། ཁྱོད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། ཉིད་ཀྱི་རྗེས་སུ་མི་འབྲང་བའི་རང་དབང་ཞིག་སུ་ལ་ཡོད་དམ།
རང་ས་གཞན་ལག་ཏུ་ཤོར་ཏེ། སྐྱབས་བཅོལ་ནས་སྐྱབས་བཅོལ་སྙེག་བཞིན་པར་བསམས་ན། སེམས་སྐྱོ་བ་དང་ཧ་ཅང་གི་དཀའ་ཚེགས་ཆེ་བའི་གནས་སྟངས་ཤིག་རེད་དེ། སྐུ་ཉིད་མཇལ་རྒྱུ་ཡོད་པ་དང་། གསུང་ཉན་རྒྱུ་ཡོད་པའི་སྐལ་བཟང་འདི་ལ་བསམས་ན། ལས་ངན་ནང་གི་ལས་ཅན་ཞིག་ཀྱང་ཡིན་པས། གོ་སྐབས་འདི་དམ་པོར་བཟུང་སྟེ། རང་གི་མི་ཚེ་འདི་གང་གི་བཀའ་དགོངས་ལྟར་བསྐྱོད་ཐུབ་པར་སྔར་ལྷག་ཧུར་གྱིས་འབད་རྒྱུ་ཡིན།
ངའི་བླ་མ། བསྟན་འཛིན་རྒྱ་མཚོ།
དགུང་གྲངས་དགུ་བཅུར་ཕེབས་པར་ཆེད་དུ་བྲིས།
རྒྱལ་ཁབ་འདི་དང་བོད་མི་རིགས་འདི་དར་གུད་མང་པོའི་མཐའ་མ་རུ་རྒྱ་དམར་གྱི་ཁ་སྒོར་ལྷུང་སྐབས། ཁྱོད་ནི་ལོ་ཆུང་ལ་ཉམས་མྱོང་ཅི་ཡང་མེད་ཀྱང་བོད་མི་རིགས་འདི་ཁྱོད་ཀྱི་འཕྲག་སྟེང་དུ་བཞག དེ་ལྟའི་ཁུར་བོ་ལྕི་མོ་ཞིག་ཁུར་ཏེ་རྒྱ་དམར་གྱི་དཔོན་རིགས་ཚོའི་མདུན་ནས་བོད་ལ་བདེ་སྐྱིད་ཅིག་ཡོང་ཐབས་སུ་འབད་པའི་སྣེ་མོར་འབད་པ་མཐུད་ཀྱང་། རྒྱ་དཔོན་ཚོའི་གམ་ནས་མགོ་སྐོར་དང་གཡོ་སྒྱུ་ཞིག་ལས་ཅི་ཡང་མ་རྙེད།
བོད་མི་རིགས་འདིའི་ཐག་རིང་ཞིག་ལ་བསམ་བློ་བཏང་སྟེ་སྐུ་ཉིད་སྐྱབས་བཅོལ་ལ་འབྱོར། ཁྱོད་ཀྱི་རྗེས་སུ་བོད་མི་ཁྱུ་དང་ཁྱུ་བྱས་ནས་འབྱོར། དེ་དག་གི་ཆེད་དུ་ཐར་སྦྱར་ཞལ་འཛུམ་གྱིས་མི་གདོང་ནས་རེ་བ་བཙལ། ཁྱོད་ཀྱི་འཇོན་ནུས་ཁོ་ནས་མི་དེ་དག་ལ་སྡོད་སའི་གནས་བརྙེད་ཅིང་། དུས་དང་མཐུན་པའི་སློབ་སྦྱོང་སྤྲད་དེ་འཛམ་གླིང་འདི་མཐོང་བཅུག
རིམ་པས་སྐུ་ཉིད་འཛམ་གླིང་གི་ཡུལ་གྲུ་ཁག་ལ་ཕེབས་ཏེ། བོད་དང་བོད་མི་རིགས་ཟེར་བ་དེ་ཤེས་སུ་བཅུག་ཅིང་། ཉིད་ཀྱི་རྣམ་དཔྱོད་དང་སྐུ་གཤིས་དེས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག དེའི་དབང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་ཤ་ཚ་ཞིག་བསླེབས་ཤིང་། བོད་མི་རིགས་ཟེར་བ་དེ་མི་རྣམས་ཀྱིས་དགའ་བོ་བྱེད་ཡུལ་ཞིག་དང་ཡ་རབས་ཀྱི་མི་རིགས་ཞིག་ཡིན་པའི་བག་ཆགས་མི་སེམས་ལ་བཞག
ཉིད་ཀྱིས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་ཆེད་དུ་ཐབས་ལམ་གསར་གཏོན་དང་། ཐབས་མཁས་ཀྱི་བཀའ་མོལ་དག་གིས་ཡོ་རོབ་དང་ཨ་རིའི་གཙོས་སྲིད་འཛིན་དག་གི་མདུན་ལྕོག་སྟེང་བོད་དོན་བསླེབས་པ་མ་ཟད། ཁོང་ཚོའི་རྒྱལ་འབྲེལ་འདྲ་མིན་གྱིས་རྒྱ་དམར་གྱི་དཔོན་རིགས་ཚོའི་གམ་དུའང་བོད་དོན་བསྐྱལ། མི་འདོད་བཞིན་དུ་བོད་དོན་ཆེད་དུ་རྒྱ་དཔོན་ཚོས་སྐད་ཆ་བཤད་དགོས་ལ་འགན་ཞིག་ཁུར་དགོས་པ་བཟོས།
འཛམ་གླིང་འདིས་ཕྱོགས་མཐའ་ཀུན་ནས་སྐུ་ཉིད་ཡར་འདེགས་པ་དང་། མཉམ་དུ་གླིང་འདིའི་དཀའ་ངལ་མང་པོས་སྐུ་ཉིད་ལ་འགན་འཁྲི་མང་པོ་བསྐྲུན། གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ། མིའི་བཟང་སྤྱོད་སླར་གསོ་དང་ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་ཕྱིར་རྣམ་དཔྱོད་ཀྱིས་ཐབས་ལམ་བཏོན་དེ། དངོས་སུ་དེའི་ཆེད་དུ་འབད་པ་བྱས་པའི་འབྲས་བུར། ལས་རིགས་འདྲ་མིན་གྱི་དཔོན་རིགས་ནས་དམངས་དཀྱུས་མའི་བར་དུ་བསམ་བློའི་འཁོར་ཕྱོགས་ལ་འགྱུར་བ་ཐེབས།
ཟབ་ཅིང་རྒྱ་ཆེ་བའི་ནང་བསྟན་འདི་ཉིད་སྐུ་ཉིད་ཀྱི་རྣམ་དཔྱོད་ཀྱིས་བརྡ་འཕྲིན་དུས་རབས་ཀྱི་ཚན་རིག་དང་མཉམ་དུ་བསྒྲེངས། ད་དུང་ཕྱོགས་གཞན་ནས་ཚན་རིག་གི་མདུན་དུ་བརྫིངས་ཏེ་ཚན་རིག་པར་ལམ་ཁ་བསྟན་ཅིང་། ཉམས་དམས་དང་ཁུག་དཀྱོག་ཏུ་ལུས་པའི་ནང་བསྟན་འདི་སྐུ་ཉིད་ཀྱིས་འཛམ་གླིང་གི་མཁྱེན་ཡོན་ཆེས་མཐོ་བའི་སྐྱེས་བུ་ཚོའི་རྣམ་དཔྱོད་ཀྱི་ཡོལ་གོར་བསྐྱེལ་བས། རྒྱལ་སྤྱིའི་རྣམ་པའི་དོ་སྣང་བྱེད་ཡུལ་ཞིག་དང་། མིའི་རིགས་ཀྱི་བཟང་སྤྱོད་གོང་འཕེལ་ལ་སྣེ་ཁྲིད་དུ་བསྐོས་པ་མ་ཚད། སེམས་ཁམས་འཕྲོད་བསྟེན་གྱི་གཞུང་ལུགས་ཀྱི་མ་རྩར་བཞག་སོང་།
གཞིས་ལུས་བོད་མིས་སྐུ་ཉིད་བསྒུགས་ཏེ་ལོ་༥༥ ཕྱིན་སོང་། བཙན་བྱོལ་བོད་མི་ཚོར་ཉིད་ཀྱིས་གཡོག་ལས་བྱས་ཏེ་ལོ་༥༥ རེད། བོད་མི་ཚོར་བོད་དོན་འཐབ་རྩོད་ལ་ལམ་ཁ་བསྟན་ཅིང་། ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཡན་ལ་ལམ་སྟོན་མཐའ་མེད་གནང་ཟིན་སོང་། ཡིན་ནའང་བོད་མི་ཚོས་སྐུ་ཉིད་ཟ་ཤེས་ལ་གོན་ཡང་ཤེས་པ་ལས། ལམ་སྟོན་དག་ལག་བསྟར་གྱི་ཚབ་དུ་སྐུ་ཉིད་ཁ་ལ་འཁྱེར་ཏེ་རང་ཉིད་ཀྱི་ཆེད་དུ་འབད་མཁན་ཡང་མེད་པ་མིན།
དགུང་ལོ་དགུ་བཅུར་བརྙབས་སོང་། བོད་མི་ཚོར་འདི་ལས་ལྷག་གི་གཡོག་ལས་ཤིག་བྱེད་རྒྱུ་ཅི་ཡང་མེད། ཁྱོད་ཀྱིས་བོད་མིའི་ཆེད་དུ་དཀའ་ལས་ཅི་ཙམ་བརྒྱབ་པ་བཞག་སྟེ། ཕྱོགས་གཞན་ཞིག་ནས་མ་རངས་པའི་སྐད་རྒྱག་མཁན་ཡང་ཡོང་གིན་འདུག ད་དུང་ཉིད་ཀྱི་ལམ་སྟོན་ལ་ཟ་ཟུར་ནས་འཁང་ར་བྱེད་མཁན་ཡང་ཡོད།
ད་ནི་བོད་མི་ཚོས་བོད་དོན་འཐབ་རྩོད་འདི་རྒྱུན་བསྐྱང་ཐུབ་ཀྱི་ཡོད་ནའང་རེད་མེད་ནའང་རེད། རང་གི་ངོ་བོ་རྒྱུད་འཛིན་བྱེད་ཐུབ་ཀྱི་ཡོད་ནའང་རེད་མེད་ནའང་རེད། ཉིད་ཀྱིས་བོད་མི་རིགས་འདིའི་ཆེད་དུ་བྱེད་དགོས་པ་ཆ་ཚང་བྱས་ཚར་སོང་། མ་འོངས་པར་ཅི་ཞིག་བྱུང་ན་ཡང་དེའི་འགན་ཚང་མ་བོད་མི་ཚོར་ཡོད། འགན་དེ་ག་འདྲ་ཁུར་མིན་ནི་བོད་མི་ཚོ་རང་ལ་རག་ལས་ཡོད།
སྐུ་ཉིད་ཀྱི་དགའ་མོས་བཞིན་སྐུའི་ཚེ་མཇུག་འདིར་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་སྟོང་པ་ཉིད་ལ་མཉམ་པར་བཞག་སྟེ། ཆོས་དབྱིངས་ཀྱི་བདེ་བ་ལ་རོལ་རོགས། རི་འགོའི་ཁང་ཆུང་དེར་ལྷོད་དལ་གྱིས་བཞུགས་རོགས། མཚམས་རེ་ལ་སྐུ་ཉིད་ཀྱི་བློས་ཐུབ་གྲོགས་པོ་ཚོར་མཇལ་འཕྲད་རེ་གནང་ནས་ནང་ཆོས་དང་ཚན་རིག་གི་གཏམ་གྱིས་མྱོས་བཞིན་བཞུགས་རོགས། གཞིས་ནས་འབྱོར་བའི་བོད་མི་ཚོར་ཞལ་མཇལ་རེ་གནང་རོགས། གཞིས་བྱེས་མཉམ་འཛོམས་ཡོང་བར་སྐྱབས་འཇུག་རེ་གནང་རོགས། ངའི་བླ་མ། བསྟན་འཛིན་རྒྱ་མཚོ།