གཞུང་པ་ཚེ་དབང་བསོད་ནམས།
བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱིས་རྩིས་ལོ་ ༢༤/༢༥ ལོའི་སྔོན་རྩིས་བསྐྱར་བཅོས་བཀའ་ཁྲོལ་ཞུ་རྒྱུ་དང་། རྩིས་ལོ་ ༢༥/༢༦ ལོའི་སྔོན་རྩིས་གསར་པ་བཀའ་ཁྲོལ་གཏན་འབེབས་ཞུ་རྒྱུའི་ཆེད་དགུན་ཚོགས་དེ་ཉིན་གྲངས་བཅུ་གསུམ་རིང་བསྐོང་ཚོགས་གནང་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གྲོས་ཆོད་དང་། མྱ་ངན་གུས་བཏུད་ཀྱི་གྲོས་འཆར་གྲོས་ཆོད་སོགས་ནམ་རྒྱུན་ལྟར་ཆོ་ག་ཕྱག་ལེན་ལྟ་བུའི་བརྒྱུད་ནས་སྤྱི་མོས་དང་མང་མོས་ཐོག་ནས་གྲོས་ཆོད་གཏན་འབེབས་གནང་བ་དང་། བསྐྱར་བཅོས་སྔོན་རྩིས་དང་། ལོ་གསར་པའི་སྔོན་རྩིས་བཅས་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཡོད་ན་ཡང་གལ་ཆེ་ཤོས་དེ་ཨ་རིའི་རོགས་དངུལ་བཀག་པ་ནས་མ་འོངས་ང་ཚོ་རང་ཁ་རང་གསོ་བྱ་རྒྱུའི་སྐོར་ལ་གྲོས་ཆོད་ཕར་བཞག་བགྲོ་གླེང་ཙམ་ཡང་མེད་པར་རོགས་དངུལ་རགས་ཐབས་ལ་སྐྱབས་བཅོལ་ནས་མི་ལོ་དྲུག་ཅུ་རེ་ལྔ་ལྷག་ང་ཚོའི་ཨ་རིས་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཀོར་ཟས་ནས་མི་ཡུལ་དུ་མི་ཚེ་བསྐྱལ་ནས་བསྡད་ཡོད་པ་ནས་ད་དུང་དཀོར་ལ་བརྔམས་ནས་རོགས་དངུལ་བཀག་པ་དེ་འཛིན་སྐྱོང་བཀའ་ཤག་ལ་ལེན་པ་ཡོད་འདོག་འདོག་གིས་བསམ་ཚུལ་གྲོས་ཚོགས་ནང་གླེང་མཁན་ཡོད་པ་ནི་བོད་མི་རིགས་འདི་མི་ཐོག་ནས་མི་ཐོག་བརྒྱུད་ཕྱིའི་རོགས་དངུལ་འོག་འཚོ་རྒྱུའི་ཀུན་སློང་ངན་པ་ཙམ་ལས་རང་ཁ་རང་གསོ་དང་། རང་མི་རང་ལས། རང་དོན་རང་གཅེས། རང་འགན་རང་གི་འཁུར་རྒྱུའི་བསམ་བློ་སྤྱི་འཐུས་ཚོའི་བློའི་ཟུར་ཙམ་ལ་ཡང་མེད་པ་ནི་བློ་ཕམ་གྱིས་གནས་སུ་ལྷག་པ་དང་། དངོས་འབྲེལ་བྱས་ན་མི་མང་གི་འཐུས་མི་སྤྱི་འཐུས་གྲོས་ཚོགས་ནས་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་འདི་རང་ཁ་རང་གསོ་བྱེད་ཐུབ་པའི་ལམ་ཁ་སྟོན་དགོས་པ་ནི་མི་མང་གིས་འཐུས་མིའི་ལས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།
གཉིས་པ། ༽ འཛིན་སྐྱོང་བཀའ་ཤག་ནས་རྒྱལ་སྤྱིའི་ཆབ་སྲིད་འཕེལ་རིམ་དང་གནས་ཡུལ་ལུང་པའི་ཆབ་སྲིད་འགྱུར་འགྲོས་སོགས་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་དྲུག་པའི་འོག་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ཁྲིམས་འཆར་ལ་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་བརྒྱུད་ནས་བཀའ་སྤྱི་མཐུན་མོང་གི་ཚོགས་ཆུང་འཛུགས་རྒྱུར་མང་མོས་ཀྱིས་གྲོས་ཆོད་བཞག་པ་ནི་སྤྱི་འཐུས་གྲོས་ཚོགས་ནས་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་བོད་མི་བཙན་བྱོལ་བའི་ཕུགས་རྒྱང་རིང་པོའི་གནས་བབས་མ་རྟོགས་པ་འམ་ཡང་ན་ཆེད་དུ་དམིགས་ནས་འཛིན་སྐྱོང་བཀའ་ཤག་ལ་ཀྱག་ཀྱག་ཡིན་ན་ལས་དེ་མིན་མི་མང་གི་འཐུས་མིའི་སྤུས་ཚད་དམ་གནས་ཚད་བསྟན་པ་མ་རེད་དམ། འདས་པའི་ཉམས་མྱོང་ལ་ཕྱི་མིག་ལྟ་མཁན་ཡོད་ན་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་བཀའ་སྤྱི་གཉིས་ཀྱིས་ལས་དུས་སྐབས་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཨང་ ༣༩ དང་འབྲེལ་བའི་ཐོག་ཚོགས་གཙོ་ཚོགས་གཞོན་སྔ་རྗེས་བྱས་ནས་དགོངས་པ་ཞུས་པ་དང་སྤྱི་འཐུས་རྒྱུན་ལས་ཚོ་ཡང་མུ་མཐུད་ནས་དགོངས་པ་ཞུས་པའི་གནས་སྟངས་འོག་ནས་སྤྱི་འཐུས་རྒྱུན་ལས་མེད་པར་ཟླ་གྲངས་མང་པོ་ཚོགས་དྲུང་གིས་འགན་འཁུར་འོག་སྤྱི་འཐུས་ལྷན་ཁང་སྒོ་རྒྱབ་མ་དགོས་ཙམ་བྱུང་བ་ང་ཚོ་ཚང་མས་བརྗེད་ཚར་པ་ཡིན་ནམ། ང་ཚོ་མིའི་ལུང་པར་བསྡད་ཡོད་པ་དང་སྡོད་སྟངས་དེ་སྐྱབས་བཅོལ་ནས་བསྡད་ཡོད་པ་འདི་ཡང་གསལ་པོ་བྱས་ནས་བཤད་ན་༧ གོང་ས་མཆོག་གིས་མཚན་སྙན་འོག་ཏུ་ང་ཚོ་མི་ཡུལ་དུ་སྐྱིད་པོ་བཏང་ནས་བསྡད་ཡོད་པ་དེ་བོད་མི་ཚང་མས་ཤེས་དགོས་པ་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ༧གོང་ས་མཆོག་གི་དགུང་ལོ་དང་། གནས་ཡུལ་ལུང་པའི་ཆབ་སྲིད་ཀྱིས་འཕོ་འགྱུར་སོགས་ལ་ང་ཚོའི་འགན་འཁུར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་པའི་འོག་བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པ་ནི་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ནས་ཡོད།
གསུམ་པ། ༽ མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལམ་ལུགས་ལ་བལྟས་པ་ཡིན་ན་ཁྲིམས་ཁང་གི་ལས་དོན་ཡོངས་རྫོགས་ཁྲིམས་ཁང་རང་ནས་ཐག་གཅོད་རྒྱུའི་དབང་ཚད་ཆ་ཚང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གཏན་འབེབས་གནང་ནས་ཁྲིམས་ཁང་ལ་འགན་དབང་བཀུར་ཡོད་པ་བཞིན་ང་ཚོའི་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་བདུན་པའི་ནང་འདི་ལྟར་གསལ་ཡོད་པ། ༼དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི། བཅའ་ཁྲིམས་འདི་དང་། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ། ༽ ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས་སྒྲིག་གཞི་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་རང་ནས་བཟོ་ཆོག་པ་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་བདུན་ནས་ངོ་སྤྲད་འདུག་ན་སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོ གས་དུས་དགུ་པའི་ཐོག་ཁྲིམས་ཀྱི་ངོས་བཞེས་ ༼ Suo Motu ༽ ཟེར་བ་དེ་མེད་པ་བཟོས་པ་ནི་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ལ་སྤྱི་འཐུས་གྲོས་ཚོགས་ནས་ལག་པ་འཆང་བ་མ་རེད་དམ། ཁྲིམས་ཀྱི་ངོས་བཞེས་ ༼ Suo Motu ༽ ཟེར་བའི་ཆ་རྐྱེན་དེའི་འོག་ནས་མི་མང་ཉམས་ཆུང་འབྱོར་མེད་གྲལ་རིམ་ཁྲིམས་ཁང་ལ་ཞུ་གཏུགས་མི་ཐུབ་མཁན་ཚོར་འཕྲད་པའི་དཀའ་ངལ་དུས་ཐོག་ཁྲིམས་ཁང་ནས་སྲུང་སྐྱོབས་ཐུབ་པའི་ཁྲིམས་ཡིག་གི་ཆ་རྐྱེན་བླ་ན་མེད་པ་དེ་ཡིན་པ་ནས་མང་གཙོའི་རྒྱལ་ཁབ་ཚོའི་ཁྲིམས་ཡིག་ནང་གསལ་ཡོད་པ་དང་། ༼ Suo motu ༽ ཁྲིམས་ཀྱི་ངོས་བཞེས་ཟེར་བའི་གོ་དོན་ཡང་འདི་ལྟར། ༼ SUO MOTU ༽ is a Latin term that means , on its own motion or. On its own accord in a legal context , it refers to situation where a court or authority takes action on its own without a formal complaint or request from any party. EXAMPLE: A Supreme Court or high court may take SUO ~ MOTU cognizance of a case involving public interest , human rights violations or major Constitutional issues etc. གོང་གི་ཁྲིམས་ཀྱིས་ངོས་བཞེས། Suo Motu མེད་པའི་ཁྲིམས་ཁང་དེ་མང་གཙོ་ཡང་དག་པའི་ཁྲིམས་ཁང་ལ་དུས་ནམ་ཡང་ངོས་འཛིན་བྱེད་མི་ཐུབ་པ་ནི་གཞི་རིམ་མི་མང་ཉམས་ཆུང་འབྱོར་མེད་གྲལ་རིམ་ལ་ཁྲིམས་ཁང་ནས་སྲུང་སྐྱོབས་ཐུབ་པའི་ལམ་ཁ་མེད་པ་བཟོས་པ་གསལ་པོ་ཆགས་པ་མ་རེད་དམ། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་ཀྱིས་ངོས་བཞེས། ༼ Suo Motu ༽ མེད་པ་བཟོས་པ་ནི་མི་མང་ཉམས་ཆུང་འབྱོར་མེད་གྲལ་རིམ་གྱི་མགོ་ལ་སྟ་རེ་ཞུས་པ་མ་རེད་དམ།