གཞུང་པ་ཚེ་དབང་བསོད་ནམས།
བོད་ཀྱི་གཏམ་དཔེ་ལ། སྐྱེས་ཕོ་རབ་གྲགས་ན་ས་མཐའ་ནས་གྲགས། འབྲུག་སྤོ་རོང་གྲགས་ན་གནམ་མཐའ་ནས་གྲགས། ཟེར་བ་ལྟར་སྐུ་ངོ་རྒྱལ་ལོ་དོན་གྲུབ་དམ་པ་ཁོང་ནི་ང་ཚོ་བོད་པའི་སྤྱི་ཚོགས་ཙམ་མིན་པ་འཛམ་གླིང་ནང་མཚན་སྙན་ཡོད་པའི་དུས་རབས་ཉེར་གཅིག་གི་བོད་མི་རིགས་ཀྱི་ཕོ་རྒོད་དཔའ་བོ་བཙན་རྒོལ་རྒྱལ་སྐྱོབས་པ་དང་གསར་བརྗེའི་ལམ་སྟོན་པ་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ཁོང་གི་ལོ་རྒྱུས་དེབ། ༼ ཀ་སྦུག་ཐུག་བཟོ། THE NOODLE MAKER OF KALIMPONG ༽ ཟེར་བའི་དེབ་དེ་ཐེངས་ཁ་ཤས་ཀློག་རྒྱུའི་དུས་ཚོད་བཏང་བའི་བརྒྱུད་རིམ་དང་། ༼ ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་ཕྱོགས་སྒྲིག་གནང་བའི་བཙན་རྒོལ་རྒྱལ་སྐྱོབས། ༽ ཟེར་བའི་དེབ་ཕྲེང་ཁག་བཅས་བཀླགས་པའི་བརྒྱུད་ནས་ཁོང་གི་སྐུ་ཚེ་དེ་ཆབ་སྲིད་ཀྱི་རླུང་ཚུབ་ནང་ཀྱག་ཀྱོག་མང་བའི་བརྒྱུད་ལམ་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་གདུང་ཞེན་གྱིས་མེས་སྤོ་དམ་པའི་ཁྲག་རྩ་དེ་དུས་ནམ་ཡང་མ་ཆད་པར་དཀའ་ཚེགས་ཆེ་ལ། གཟི་བརྗིད་ཆེ་བའི་རླབས་ཆེན་གྱི་བྱ་གཞག་ཨ་རིའི་གསང་ལས་དང་འབྲེལ་བ་བཙུགས་ནས་ཨ་རིའིི་འདུམ་རར་མདོ་སྟོད་སྨད་དང་དབུས་གཙང་བཅས་ནས་ཕོ་གཞོན་སྟག་ཕྲུག་ངར་མ་འདྲ་བ་རྣམས་བསྡུ་རུབ་ཀྱིས་འཇབ་དམག་སློབ་སྦྱོང་དུ་བཏང་ནས་བོད་ཀྱི་ལྷོ་ཁ་ས་ཁུལ་གཙོས་པའི་མདོ་སྟོད་སྨད་དབུས་གཙང་དང་མངའ་རིས་སོགས་ལ་འཆར་གཞི་ལྡན་པའི་ཐོག་ནས་གློག་འཕྲིན་ཚོགས་ཆུང་ཨང་རིམ་བཟོས་ནས་མཁའ་ཐོག་ནས་མཚན་ལ་བོད་སར་བབས་པ་དང་། སྤྱི་ལོ་ ༡༩༥༧ ལོར་ལི་ཐང་ཨ་མཐར་ནོར་བུ་དང་ལི་ཐང་བློ་ཚེ་གཉིས་ནོར་གླིང་རི་རྩེར་མཁའ་ཐོག་ནས་མཚན་ལ་བབས་ནས་མགྲོན་གཉེར་ཆེན་པོ་སྐུ་ངོ་ཕ་ལྷ་མཆོག་དང་མཇལ་འཕྲད་ཞུས་པ་དང་། རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུའི་གཙོས་པའི་མཐོ་རིམ་མི་སྣ་ཁག་མཇལ་འཕྲད་ཀྱིས་དམག་སྡེ་ཨང་ ༢༢ བོད་མིའི་ཆེད་གསར་འཛུགས་གནང་བ་དང་། གློ་སྒྲིག་བསྟན་སྲུངས་དངས་དམག་ཆུ་བཞི་སྒང་དྲུག་འཇབ་དམག་ལ་ཟས་གོས་དང་གོ་མཚོན་སོགས་མཁའ་ཐོག་ནས་སར་དབྱུགས་ནས་འགྲེམས་སྤེལ་གནང་བ་དང་། རྒྱ་དཔོན་ཏིང་ལ་ངོ་ཐུག་གནང་ནས་གཞིས་བྱེས་བོད་མི་བར་གཉེན་སྤུན་ཐུག་འཕྲད་དང་ཕྲུ་གུ་སློབ་འཇུག་༧ གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་གནས་སྐོར་སོགས་ལ་ཕར་འགྲོ་ཚུར་ཡོང་གི་ལམ་ཁ་བཟོས་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་བཙན་བྱོལ་སྒྲིགས་འཛུགས་ཀྱིས་མཐོ་རིམ་མི་སྣའི་སྐུ་ཚབ་ཚོགས་ཆུང་རིམ་པ་བོད་ཀྱིས་ས་ཁུལ་ཁག་ལ་ཕེབས་ཐུབ་པ་དང་། བོད་རྒྱའི་དཀའ་རྙོགས་སེལ་ཐབས་སུ་བོད་རྒྱ་ཞི་འགྲིག་ཆེད་འབྲེལ་མཐུད་ཚོགས་ཆུང་རིམ་ཕེབས་ཐུབ་པའི་ལམ་ཁ་བཟོས་པ་སོགས་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གིས་མཛད་རྗེས་ནམ་མཁའི་སྐར་ཚོགས་ལྟབུ་ནས་ཆུ་ཐིག་ཙམ་ཞིག་འདིར་གལ་ཆེ་དོན་ཆེན་དུ་མཐོང་ནས་ཟུར་འདོན་ཞུས་ཡོད། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་མཁན་གྱི་དུས་རབས་ཉེར་གཅིག་གི་བོད་མི་རིགས་ཀྱི་ཕོ་རྒོད་དཔའ་བོ་ཁོང་འཇིག་རྟེན་འདི་ནས་ང་ཚོ་དང་ཁ་བྲལ་བར་མྱ་ངན་གུས་བཏུད་དང་ཁོང་གི་བུ་ཕྲུག་ནང་མི་གཉེན་ཉེ་དང་བཅས་ལ་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད་ལ་ཁོང་གིས་རླབས་ཆེན་གྱི་ཆབ་སྲིད་ཀྱིས་མཛད་རྗེས་ལ་རང་རེ་བོད་ཀྱི་མི་རབས་གསར་པ་ན་གཞོན་ཚོའི་སློབ་སྦྱོངས་བྱས་ནས་རང་ཡུལ་རང་བདག་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་ཐུབ་པའི་འགན་འཁུར་ལེན་དགོས་པ་དེ་སྔོན་འགྱེལ་རྗེས་ལངས་བྱས་ནས་བོད་མི་རིགས་གསོན་གནས་ཐུབ་པའི་དམ་བཅའ་བརྟན་པོ་འཇོག་དགོས་པའི་དུས་ལ་བབས་མི་འདུག་གམ།
བཀའ་བློན་ཁྲི་ཟུར་འདས་པོ་རྒྱ་ལོ་དོན་གྲུབ་ཀྱི་བྱས་རྗེས་རྣམས་ཟུར་འདོན་གྱིས་གདུང་སེམས་མཉམ་བསྐྱེད་ཀྱིས་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ཁོང་གིས་སྤྱི་ལོ་ ༡༩༥༠ ང་གྲངས་ནས་བོད་ནས་བསྣམས་ཡོང་བའི་གསེར་དངུལ་ཧ་ཅང་ཐོན་ཆེའི་རིགས་དང་། དེ་བཞིན་དངུལ་བཅས་གར་སོང་ཆ་མེད་དུ་གྱུར་པའི་རིགས་སྣེ་གཅིག་མ་བཤད་པ་དང་། ཕྱོགས་མཚུངས་ཁོང་གིས་སློབ་སྟོན་འོག་གཅིག་སྒྲིལ་ཚོགས་པ་ཟེར་བ་ཞིག་སྤྱི་ལོ་ ༡༩༦༡ ཙམ་ནས་བཙུགས་ཏེ་ཐོག་མར་བཀའ་བློན་གཡུ་ཟུར་རྣམ་གཉིས་གཙོས་སྔར་གྱི་སྐུ་དྲག་ཁག་ཅིག་དང་། དེ་བཞིན་ཆོས་བརྒྱུད་དགེ་ལྡན་པ་མ་ཡིན་པའི་གཞན་རྣམས་ཀྱི་དབུ་ཁྲིད་རྣམས་དང་། ཁམས་པའི་སྐུ་དྲག་རིགས་གཅིག་བཅས་ལ་རྒྱ་གར་གཞུང་ལ་ངན་བསྐུལ་གྱིས་བཞུགས་བཟོས་མ་བདེ་བ་བཟོས་ནས་ཁག་ཅིག་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ངན་ཡོལ་དུ་ཕེབས་དགོས་པ་བཟོས་དང་། རྒྱ་གར་ནང་ཡོད་པ་རྣམས་ལ་ངན་བྱུས་སྣ་ཚོགས་ཀྱིས་འཇིགས་བསྐུལ་ཚད་མེད་བཏང་བ་དང་། གློའི་དམག་སྒར་ནང་དུའང་དཀྲོག་གཏམ་སྣ་ཚོགས་ཀྱིས་ནང་ཁུལ་ཁྲག་ལྟར་དཀྲུག་ནས་མཐའ་མ་ནམ་མཁའི་མཇའ་ལྟར་ཡལ་བ་སོགས་ཀྱི་ལོ་རྒྱུས་རྣམས་གསལ་པོར་མ་བཀོད་པ་དང་། མཐའ་མ་རྒྱ་ནག་གི་དཔོན་རིགས་རྣམས་ལ་ངན་པ་ལག་གདངས་སྦྲེལ་ཏེ་བོད་ཀྱི་རྩ་དོན་ཡང་མོ་གཤམ་གྱི་བུ་ལྟར་བཟོས་པ་སོགས་མདོར་ན་བྱས་རྗེས་དང་ངན་རྗེས་གཉིས་སྲང་སྟེང་དུ་བཀྱག་ན་ལྗིད་སུ་ཆེ་མི་ཤེས་པའི་གནས་སུ་གྱར་ནས་ལུས་པ་འདིའང་ཁོང་གིས་ཤུགས་རྐྱེན་ཡིན་པ་ཤེས་དགོས། ཡབ་གཞིས་ཁོངས་བོད་ཀྱི་ཆབ་སྲིད་སྟེང་བཀའ་དྲིན་སུ་ཆེ་ཤོས་ནི་དཔའ་བོ་སྐུ་གཤེགས་སྟག་འཚེར་རིན་པོ་ཆེ་དང་། སྲས་མོ་ཚེ་རིང་སྒྲོལ་མ། དེ་རྗེས་ཨ་མ་རྗེ་བཙུན་པད་མ་བཅས་ལས་གཞན་ཕལ་ཆེར་མེད་པ་ལྟ་བུ་རེད།
༈ སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་གི་སྐུའི་མཛད་པ་སྙིང་བསྡུས་ཤིག་ཉིད་ནས་ཁ་བརྡའི་དཀྱིལ་འཁོར་བར་དྲན་གསོ་གནང་འདུག ཡིན་ཀྱང་། ༧གོང་ས་མཆོག་གི་དགོངས་གཞིི་ལྟར་ཁོང་གིས་ཐབས་བྱུས་ལས་བོད་རྒྱལ་ཁབ་དེ་རྒྱ་དམར་པོའི་བཙན་འོག་ཏུ་ཚུད་གནས་སོགས་ཀྱི་གྲོས་ཆོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་འཇོག་ཐུབ་ཡོད། དེ་ནི་རྒྱ་དམར་པོས་ཁྱིམ་མཚེས་རྒྱལ་ཁབ་ཆུང་པ་ཕ་ཡུལ་བོད་དེ་མིག་གྱུར་གཏོང་ཐབས་ལས་གསོན་པ་དང་གུང་དྲན་ཏང་སྡུག་དགོས་སུ་གྱར། ད་བར་ང་ཚོའི་བདེན་པའི་འཐབ་བརྩོད་རྒྱས་རྒྱུའི་མྱུ་གུ་གཅིག་ཀྱང་དེ་ལས་བྱུང་ཡོད་པ་ནི་སྐུ་ངོ་མཆོག་གི་མཛད་པ་གལ་ཆེ་ཤོས་ཤིག་ཡིན་སྙམ།
བསྡོམས་ཤིག་རྒྱབ་ན་ཁོང་གི་མཛད་རྗེས་མཐའ་དག་གི་བསྔོ་བ་དེ་རང་ཉིད་སྒེར་དང་ནང་མི་རྣམས་ནོར་ལོངས་སྤྱོད་ཀྱི་སྐྱིད་འདོད་དེ་ཕར་དོར་ནས་དེའི་ལྷུན་གྲུབ་རྒྱ་དམར་ནག་སོགས་ཀྱི་བཀོལ་སྤྱོད་དུ་མ་གྱུར་བའི་གཏམ་དོན་གཙང་། རང་གི་ཕ་ཡུལ་བོད་གངས་ཅན་ལྗོངས་དང་། ༧རྒྱལ་བ་རིན་ཆེའི་དགོངས་གཞི་ལྟར་བསྒྲུུབ་ཐབས་སུ་དཀའ་དཔྱད་ཁུར་དུ་བླངས་ནས་འཆི་གསོན་གང་དུ་ཡང་དབྱར་དགུན་སྟོན་དཔྱིད་མེད་པའི་ལྷ་ཤིང་ཤུག་པ་ལྟར་ལྗང་སེང་ངེས་བཞུགས་པའི་ཐུགས་རྗེ་ཆེ་ལགས།།