གཞུང་པ་ཚེ་དབང་བསོད་ནམས།
ཨ་རིས་མཚོན་པའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཚོའི་རོགས་དངུལ་མང་ཆེ་བ་འགྲོ་བ་མིའི་བདེ་རྩའི་ཆེད་གནང་གི་ཡོད་པ་དང་། ཁག་གཅིག་ཆབ་སྲིད་དང་དམག་དོན་ལ་ཁ་ཕྱོགས་ནས་ཕྱོགས་གཏོགས་འགན་འཁུར་འོག་ཏུ་རོགས་དངུལ་གནང་བཞིན་པ་དང་། ང་ཚོ་བོད་མི་ཚོར་རོགས་དངུལ་གནང་བ་དེ་ཚོ་འགྲོ་བ་མིའི་བདེ་རྩ་ལ་དམིགས་ནས་གནང་བཞིན་པ་དང་། རྒྱ་མིས་བོད་བཙན་བཟུང་གིས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་བརྒྱད་ཁྲི་ལྷག་ཙམ་ཞིག་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་བ་ནས་དུས་ད་ལྟ་བར་མི་ལོ་དྲུག་ཅུ་ལྷག་ཙམ་རིང་ང་ཚོ་ཕྱིའི་རོགས་དངུལ་ལ་སྐྱབས་བཅོལ་ནས་འཚོ་བ་སྐྱེལ་བཞིན་པ་དེ་བོད་མི་ཚང་མས་ཤེས་པ་གནང་ནས་ད་ཆ་ང་ཚོ་སོ་སོའི་རྐང་པའི་ཐོག་སོ་སོ་རང་ཉིད་ལངས་ཐུབ་པའི་འགན་འཁུར་འོག་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་པ་ནི་ཉེ་ལམ་ཨ་རིས་གཞུང་གསར་པས་ཕྱི་ཁག་ལ་གནང་བཞིན་པའི་རོགས་དངུལ། ༼ USAID ༽ ༼ DRL ༽ ༼ PRM ༽ བཅས་དེ་དག་གནས་སྐབས་ཉིན་གྲངས་དགུ་བཅུ་རིང་བཀག་རྒྱུའི་གསལ་བསྒྲགས་ཕེབས་པ་ནས་ང་ཚོའི་ད་དུང་མུ་མཐུད་ནས་རེ་བ་བཅོལ་རྒྱུ་དེ་མི་རིགས་ཞིག་འཚོ་གནས་ཐུབ་པའི་དཔལ་འབྱོར་འདུ་འགོད་ཀྱི་སྲིད་བྱུས་ཡང་དག་ཞིག་ཡིན་པ་དུས་ནམ་ཡང་ཁས་ལེན་མི་ཐུབ་པ་ནས་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་དང་ལངས་ས་ནས་འགྲོ་ཐུབ་པའི་ཐབས་ལམ་ཚོལ་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ནས་ཡོད། ཨ་རིས་མཚོན་པའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ལ་ང་ཚོའི་མུ་མཐུད་ནས་ལག་པ་སྐྱང་ནས་མ་བཞུགས་པར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས། ༼ བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ༢༠༡༤ THE TIBETAN REHABILITATION POLICY -2014 ༽ ཞེས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་ཆེའི་ཡིག་ཆ་འདི་བརྒྱུད་ནས་བོད་མི་བཙན་བྱོལ་བ་ཚོའི་འཚོ་བའི་མདུན་ལམ་གཞན་ལ་བརྟེན་མ་དགོས་པ་རང་ཁ་རང་གསོ་དང་། རང་མི་རང་ལས། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་གཞིས་བྱེས་མཉམ་འཛོམས་མ་ཐུབ་བར་མུ་མཐུད་ནས་སྲ་བརྟན་དང་རྒྱུན་གནས་ཐུབ་དགོས་པའི་འགན་དེ་བོད་མི་བཙན་བྱོལ་བ་ཚང་མར་ཡོད་པ་བཅའ་ཁྲིམས་དོན་ཚན་བཅུ་སུམ་ནས་ངོ་སྤྲད་ཡོད་པ་མཁྱེན་པ་གནང་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་ནས་སྤྱི་སྒེར་ཚང་མས་ཡོང་འབབས་ལས་གཞི་བཟོ་ལས་འདྲ་མིན་བཙུགས་ནས་སྤྱི་སྒེར་གཉིས་ཀྱི་དཔལ་འབྱོར་འདུ་འགོད་ཁྲིམས་མཐུན་འོག་གཉེར་དགོས་པ་མི་ནི་རིགས་ཞིག་གཞན་བརྟེན་འཚོ་བ་ལས་གྲོལ་ཐུབ་པའི་དཔལ་འབྱོར་འདུ་འགོད་ཀྱིས་ཐབས་ལམ་བཟང་ཤོས་དེ་ཡིན་པའི་ངོས་འཛིན་དང་བཅས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་། ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་གུས་པའི་བསམ་ཚུལ་ལ་ཐུགས་ཞིབ་གནང་བའི་ཡིད་ཆེས་དང་བཅས་མི་ལོ་དྲུག་ཅུའི་རྗེས་ནས་ང་ཚོ་ཨ་རིས་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རོགས་དངུལ་གྱིས་འོག་ནས་གྲོལ་ཐུབ་པའི་ཐབས་ལམ་བཟང་ཤོས་དང་བརྟན་ཤོས་དེ་མུ་མཐུད་ནས་རོགས་དངུལ་ལ་སྐྱབས་བཅོལ་ནས་མ་བཞུགས་པར་རང་ཁ་རང་གསོ། རང་མི་རང་ལས། རང་དོན་རང་གཅེས། རང་འགན་རང་གིས་འཁུར་ནས་འཛམ་གླིང་འདིའི་ཐོག་འཚོ་བའི་མི་རིགས་སྤྱི་མཚུངས་ལྟར་འགྱེལ་ས་ནས་ལང་ཐུབ་པ་དང་ལང་ས་ནས་འགྲོ་ཐུབ་དགོས་པའི་དུས་ལ་བབས་མི་འདུག་གམ།