འུར་སྒྲས་ཁེངས་པའི་ཆང་ཁང་ཆུང་ཆུང་དེའི་སྟེང་ཐོག་ཏུ་ང་ཚོ་འཛོམས། བཙན་བྱོལ་གྱི་ཀླད་པ་དང་གཞིས་ལུས་ཀྱི་ཀླད་པ། ཧ་ལམ་ཁ་ཁ་རེད། ཆང་གིས་མ་བཟི་བར་དུ། མཚམས་ཤིག་ལ་འབའ་བ་སྐལ་བཟང་འགྱུར་མེད་ཀྱིས་སྒོར་གཞས་འཁྲབ་སོང་། ལྷ་ས་བ་ཁ་ཤས་ཀྱང་མཉམ་དུ་ལྡིང་། གློ་བུར་ནུབ་ཕྱོགས་ཀྱི་ཆང་ཁང་དེ་བོད་ཀྱི་གྲོང་གསེབ་ཅིག་ཏུ་གྱུར། རྒྱ་བོད་བར་གྱི་ཆབ་སྲིད་རྩོད་པ་དེ་ཚོ་ཡང་ཡལ་བར་གྱུར། གྲོང་གསེབ་ཅིག་གི་གཉེན་སྟོན་ཐོག་འཛོམས་པ་དང་ཧ་ཅང་མཚུངས། དེ་ལྟར་བདུན་ཕྲག་གཅིག་གི་རིང་གཞིས་བྱེས་མཉམ་འཛོམས་ཤིག་བྱས། ལོ་སར་གྱི་ལེགས་སྐྱེས་ལྟར། ཁ་བྱང་གི་བྱང་བུ་དང་ཁ་པར་ཨང་གྲངས་སོགས་བརྗེ་རེས་བྱས། གཡས་གཡོན་ན་པར་ཆས་ཀྱི་ཚག་སྒྲ་དང་གློག་འོད་ཀྱང་རྒྱུན་དུ་མཐོང་རྒྱུ་ཡོད། རིམ་གྱིས་ཚོགས་འདུའི་ཐོག་སྤེལ་བའི་རྩོམ་ཡིག་དག་ནི་གལ་ཆུང་དུ་གྱུར། མཉམ་འཛོམས་དག་ནི་གལ་ཆེར་གྱུར། མཚམས་རེར་གློ་བུར་ཐུག་འཕྲད། མཚམས་རེར་དྭོགས་ཟོན་གྱི་ཐུག་འཕྲད། མཚམས་རེར་སྒེར་ཐུག མཚམས་རེར་གཟིམ་ཆུང་མཇལ་ཁ། “ཐུགས་རྗེ་ཆེ། མུ་མཐུད་ནས་བོད་རིག་པ་ལ་སློབ་སྦྱོང་ཧུར་ཐག་བྱོས་ཨ།” བསླབ་བྱ་འདི་འདྲ་ནི་རྒྱུན་དུ་ཐོས། ཨོ། འདི་ནི་ ༡༩༩༨ ལོར་ཨིན་ཌི་ཡ་ན་མཐོ་སློབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༨ པ་དེ་འཚོགས་སྐབས་ཀྱི་ཚོར་སྣང་ཞིག་ཡིན། ད་མི་ལོ་ ༡༢ ཀྱི་རྗེས་སུ་བསམས་སྐབས་དེ་དུས་མཇལ་བའི་མཁས་པ་སྐོར་གཅིག་ནི་ད་ཆ་ལྔ་ལམ་དུ་ཕེབས་ཟིན་འདུག
ང་ཚོགས་འདུ་འདི་ལ་ཐེངས་གཉིས་པར་ཞུགས་པ་ནི། ༢༠༠༠ ལོར་ཧོ་ལན་ཌིའི་ལེ་ཌེན་མཐོ་སློབ་ཏུ་ཚུགས་པ་དེ་ཡིན། དེ་དུས་ང་ཚོ་རྒྱ་གར་ནས་འགྲོ་མཁན་སྐོར་ཞིག་མཉམ་དུ་ཕྱིན་པ་ཡིན། མཚན་གྱི་ཆུ་ཚོད་བཅུ་པ་ལ་ཡང་ཉི་མ་མི་ནུབ་པ་དང་། དེ་བཞིན་བོན་རྒྱ་དགེ་ལེགས་རྒྱ་མཚོ་ཚང་གིས་བོད་ཀྱི་རྒྱལ་རབས་ལོ་ཚིགས་ཀྱི་སྐོར་ལ་གཞུང་མང་པོ་ཁུངས་དྲངས་ནས་གྱེར་བཞིན་པ་ཞིག་ཡིད་ངོར་ཤར། མི་ལོ་ཉི་ཤུར་མ་མཇལ་བའི་ཆུང་དུས་ཀྱི་གྲོགས་པོ་ཚོར་ཐུག་སྐབས་ཁ་སང་ཁ་གྱེས་པ་ལྟ་བུའི་ཆུང་འདྲིས་མཛའ་བཤེས་དེ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག
ད་ནི་ཉིན་ཁ་ཤས་ཀྱི་རྗེས་སུ་ཚོགས་འདུ་ཐེངས་བཅུ་གཉིས་པ་དེ་ཁེ་ཎ་ཌའི་ཝེན་ཁོ་ཝར་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིར་རྒྱ་གར་དང་བོད་ནས་མཁས་པ་འབོར་ཆེན་ཕེབས་ཐུབ་ཀྱིན་མེད་པའི་གནས་ཚུལ་ཞིག་མཐོང་བྱུང་། ༼གསར་འགྱུར་དེ་འདི་ན་ཡོད།༽ ཐེངས་འདིའི་ཚོགས་འདུ་གོ་སྒྲིག་པ་ནི་བོད་ཀྱི་རྒྱལ་རབས་མཁན་པོ་ཚེ་རིང་ཤཱཀྱ་ལགས་ཡིན་པ་དང་། བོད་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་བརྒྱ་ཕྲག་འགའ་འཛོམས་འཆར་ཡོད་པ་རེད། བོད་ཀྱི་སྐད་ཡིག་ནས་བཟུང་སྟེ་བརྗོད་གཞི་ཡོད་ཚད་ཚང་མ་ལ་མཐོ་རིམ་སློབ་གྲྭ་སྣ་ཚོགས་ཤིག་ནས་གྲ་སྒྲིག་བྱས་པའི་རྩོམ་ཡིག་དེ་ཚོ་ཀློག་གི་རེད། ཞིབ་གསལ་གྱི་གནས་ཚུལ་རྣམས་སློབ་གྲྭའི་དྲ་རྒྱ་ འདི་ནས་གཟིགས་ཐུབ་པ་འདུག http://www.iar.ubc.ca
ད་ཐེངས་ཀྱང་རེ་སྒུག་ཅིག་ཡོད་པ་ནི་གྲོགས་པོ་ཚོར་མཇལ་འཛོམས་བྱེད་རྒྱུ་དེ་ཡིན། མགོ་ཇེ་དཀར་དང་གཉེར་མ་ཇེ་མང་དུ་སོང་བ་མ་གཏོགས། དུང་སེམས་ལ་འགྱུར་བ་མེད་ཁོ་ཐག་ཡིན། དེས་ན་སླར་ཡང་ལན་གཅིག་གངས་ཅན་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདིར་བསྟིམས་པའི་རྣམ་ཤེས་འཁྱམས་པོ་དེ་བར་དོའི་མཇལ་འཛོམས་ཆེད་འཁྱེར་འགྲོ།
ཚོགས་འདུ་འདི་ཐེངས་དང་པོར་ ༡༩༧༧ ལོར་སུད་སིའི་ཛུ་རིག་ས་ཁུལ་དུ་འཚོགས་འདུག ཚོགས་འདུ་དེ་དག་ཏུ་སྤེལ་བའི་རྩོམ་ཡིག་གི་དཀར་ཆག་དང་ཚོགས་འདུ་རེ་རེའི་གནས་ཚུལ་རྣམས་གཤམ་གསལ་གྱི་དྲ་རྒྱ་ན་འདུག་ན། དེར་བསྣུན་རོགས། http://www.thlib.org
གོང་གི་རྩོམ་ཡིག་འབྲི་མཁན་གྱི་མཚན་སུ་ཡིན་མ་ངེས། གང་ལྟར་ཁོང་གིས་བཤད་ཚོད་ལ་འདི་ལོའི་བོད་རིག་པའི་ཚོགས་འདུ་དེར་བཅར་བཞིན་པ་འདྲ། གང་ལྟར་རང་གི་བསམ་ཚུལ་ཞིག་བཤད་ན་བསམ། གོ་ཐོས་ལྟར་ན་འདི་ལོའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དེར་ཁ་ཎ་ཊའི་གཞུང་གི་སྟངས་འཛིན་འོག རྒྱ་གར་དང་བལ་ཡུལ་ཕྱོགས་ནས་ཚོགས་ཞུགས་གནང་མཁན་ཉུང་ཉུང་ཡིན་པར་བཤད། རྒྱུ་མཚན་ནི་ཁ་ཎ་ཊ་གཞུང་གིས་བོད་མི་ཕལ་ཆེར་བ་རྗེས་སུ་ཁྲིམས་འགལ་གྱིས་བཅའ་བསྡོད་བྱེད་རྒྱུར་ངེས་གཏན་འཁེལ་བས་ངོས་ལེན་མ་བྱས་པ་རེད་ཟེར་མཁན་འདུག་ལ། རེ་འགས་བཤད་ན་རྗེས་མའི་ཚོགས་འདུ་རྒྱ་ནག་ཏུ་འཚོགས་བཅར་ཡོད་སྐོར་བཤད་པར་འདི་ལོར་གསང་བའི་ལམ་ནས་ཁ་ཎ་ཊའི་གཞུང་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་པ་རེད་ཟེར། དེ་ནི་འདི་ལོའི་ཚོགས་འདུའི་གནས་སྟངས་ཙམ་རེད། ཕྱོགས་གཅིག་ནས་བཤད་ན་རྒྱལ་གཅེས་བོད་རིག་པའི་ཚོགས་འདུ་ཞེས་མི་ལོ་བཅུ་གྲངས་གོང་དུ་དངོས་ཡོད་བོད་ཀྱི་མཁས་པ་མཚན་སྙན་ཅན་རྣམས་གདན་འདྲེན་ཞུས་འདུག་པ་བདེན་མོད། འདས་པའི་ལོ་ཤས་ནས་བཟུང་རྩོམ་ཡིག་ཤོག་འཁྱལ་རེ་འབྲི་ཤེས་མཁན་ཚུན་ཆུད་དང། ལྷག་པར་དུ་མགོ་སུ་བདེ་དང་གནམ་གྲུའི་གླ་ཆ་རང་ངོས་ནས་འཚོལ་སྒྲུབ་བྱེད་ཐུབ་མཁན་རྣམས་ཚོགས་འདུར་ཞུགས་ཐུབ་པའི་ཚད་དུ་སླེབ་པས། མདོར་ན་གནའ་སྔ་མོར་སྐད་གྲགས་ཡོད་པའི་ཚོགས་འདུ་རྒྱལ་གཅེས་བོད་རིགས་མཁས་པའི་ཚོགས་འདུ་ཞེས་པ་ད་ལྟའི་ཆར་རང་ཉིད་ཀྱི་མགོ་བདེའི་འཇོན་ཐང་དང། ཆབ་སྲིད་ཀྱི་ལྟ་བ་གླུ་རུ་ལེན་སའི་ར་བ་ཞིག་ཏུ་གྱུར་བ་ཐོས། རྒྱུ་མཚན་ནི་དེར་དོན་དངོས་ཀྱི་མཁས་པ་ཉུང་ལ། གཞུང་ཕན་ཚུན་གྱིས་གནོན་ཤུགས་སྤྲད་པས་སོ།
གོང་གི་རྩོམ་ཡིག་འབྲི་མཁན་གྱི་མཚན་སུ་ཡིན་མ་ངེས། གང་ལྟར་ཁོང་གིས་བཤད་ཚོད་ལ་འདི་ལོའི་བོད་རིག་པའི་ཚོགས་འདུ་དེར་བཅར་བཞིན་པ་འདྲ། གང་ལྟར་རང་གི་བསམ་ཚུལ་ཞིག་བཤད་ན་བསམ། གོ་ཐོས་ལྟར་ན་འདི་ལོའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དེར་ཁ་ཎ་ཊའི་གཞུང་གི་སྟངས་འཛིན་འོག རྒྱ་གར་དང་བལ་ཡུལ་ཕྱོགས་ནས་ཚོགས་ཞུགས་གནང་མཁན་ཉུང་ཉུང་ཡིན་པར་བཤད། རྒྱུ་མཚན་ནི་ཁ་ཎ་ཊ་གཞུང་གིས་བོད་མི་ཕལ་ཆེར་བ་རྗེས་སུ་ཁྲིམས་འགལ་གྱིས་བཅའ་བསྡོད་བྱེད་རྒྱུར་ངེས་གཏན་འཁེལ་བས་ངོས་ལེན་མ་བྱས་པ་རེད་ཟེར་མཁན་འདུག་ལ། རེ་འགས་བཤད་ན་རྗེས་མའི་ཚོགས་འདུ་རྒྱ་ནག་ཏུ་འཚོགས་བཅར་ཡོད་སྐོར་བཤད་པར་འདི་ལོར་གསང་བའི་ལམ་ནས་ཁ་ཎ་ཊའི་གཞུང་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་པ་རེད་ཟེར། དེ་ནི་འདི་ལོའི་ཚོགས་འདུའི་གནས་སྟངས་ཙམ་རེད། ཕྱོགས་གཅིག་ནས་བཤད་ན་རྒྱལ་གཅེས་བོད་རིག་པའི་ཚོགས་འདུ་ཞེས་མི་ལོ་བཅུ་གྲངས་གོང་དུ་དངོས་ཡོད་བོད་ཀྱི་མཁས་པ་མཚན་སྙན་ཅན་རྣམས་གདན་འདྲེན་ཞུས་འདུག་པ་བདེན་མོད། འདས་པའི་ལོ་ཤས་ནས་བཟུང་རྩོམ་ཡིག་ཤོག་འཁྱལ་རེ་འབྲི་ཤེས་མཁན་ཚུན་ཆུད་དང། ལྷག་པར་དུ་མགོ་སུ་བདེ་དང་གནམ་གྲུའི་གླ་ཆ་རང་ངོས་ནས་འཚོལ་སྒྲུབ་བྱེད་ཐུབ་མཁན་རྣམས་ཚོགས་འདུར་ཞུགས་ཐུབ་པའི་ཚད་དུ་སླེབ་པས། མདོར་ན་གནའ་སྔ་མོར་སྐད་གྲགས་ཡོད་པའི་ཚོགས་འདུ་རྒྱལ་གཅེས་བོད་རིགས་མཁས་པའི་ཚོགས་འདུ་ཞེས་པ་ད་ལྟའི་ཆར་རང་ཉིད་ཀྱི་མགོ་བདེའི་འཇོན་ཐང་དང། ཆབ་སྲིད་ཀྱི་ལྟ་བ་གླུ་རུ་ལེན་སའི་ར་བ་ཞིག་ཏུ་གྱུར་བ་ཐོས། རྒྱུ་མཚན་ནི་དེར་དོན་དངོས་ཀྱི་མཁས་པ་ཉུང་ལ། གཞུང་ཕན་ཚུན་གྱིས་གནོན་ཤུགས་སྤྲད་པས་སོ།
ཨ་རོགས། ཤ་ཀླད་བུ། བཟི་སོང་ནི་མིན་ནམ། ཡང་ན་ནད་ཅིག་ཕོག་པ་འདྲ། ངའི་གོང་གི་མཆན་དེ་བསྐྱར་འགོད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ཨ་རོགས། ཤ་ཀླན་བུ། བཟི་སོང་བ་ཡིན་ནམ། ཡང་ན་ནད་ཅིག་ཕོག་པ་རེད། ངའི་གོང་གི་མཆན་ཐུང་དེ་བསྐྱར་འགོད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། བཤད་ན་མ་གཏོགས་བོད་གཞུང་ཁྲིམས་རྩོད་ཁང་ལ་བསྐྱལ་གི་ཡིན་ད།
ཡ། དྲ་གྲོགས་རྣམ་པ་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུ་སྐོར་ལ་དྲི་བ་འགའ་ཞིག་ཡོད་པས་ཁྱེད་ཅག་སུས་ལན་ཐེབས་ན་དེས་ལན་འདེབས་གནང་རོགས།
༡༽ བོད་རིག་པའི་ཚོགས་འདུར་ཞུགས་པ་ལ་ཆ་རྐྱེན་ག་འདྲ་དགོས་པ་རེད། དམིགས་བསལ་གྱི་རྩོམ་ཆོས་འདྲ་དགོས་པ་རེད་དམ།
༢༽ཚོགས་འདུ་འདི་ལོ་བསྟར་ཆགས་སུ་ཡོད་པ་ཞིག་རེད་དམ།
༣༽ལོ་རྗེས་མ་ས་གནས་གང་དུ་ཚོགས་རྒྱུ་ཡིན་པ་དང་། དུས་ཚོད་གང་ལ་ཚོགས་རྒྱུ་ཡིན་པ།
༤༽ཚོགས་འདུའི་སྐབས་སུ་ཕར་ཚུར་ལམ་གྲོན་སོགས་ག་འདྲ་ཡིན་པ་འདིའི་སྐོར་གནས་ཚུལ་གསུངས་རོགས།
གོང་དུ་མཆན། ༥༽ པར་ལན་ཐུང་ངུ་ཞིག་འབྲི་འདོད་བྱུང། སྤྱིར་བཏང་ཁྱེད་སུ་ཡིན་ངས་མི་ཤེས་མོད། ངར་ཤེས་དགོས་པའི་རྒྱུ་མཚན་འང་ཆེར་མེད། འོན་ཀྱང་ཁྱོད་ཀྱི་པུར་མིང་ལས་འཕྲོས་ཏེ་བཤད་ན། ང་ཚོའི་ཕ་ཡུལ་གྱི་རོང་འབྲོག་ཁྲོད་སྔར་བོན་པོ་ལ་བོན་དཀར་དང་བོན་ནག་གཉིས་སུ་ཕྱེས་ཏེ་བཟང་རྩོག་གཉིས་སུ་བལྟ་བའི་སྲོལ་ཡོད། ཕལ་ཆེར་ལྷ་འདྲེ་གཉིས་སུ་བལྟ་བ་ལྟར་ཡིན། འོན་ཀྱང་སློབ་དཔོན་རིན་པོ་ཆེས་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་ཞེས་པའི་ལུང་ཚིག་དེ་བོན་ནག་ལ་གོ་ཞེས་ངའི་རྒན་གཤེགས་པ་ཚང་གིས་གསུང་མྱོང་ལ། ཁོང་གིས་བོན་གྱི་དཔེ་ཆ་འདྲ་ཀློག་མྱོང་བ་འདྲ་སྟེ། ད་ལྟའི་བོན་གྱི་གསུངས་རབ་དང་ནང་ཆོས་བར་ཁྱད་པར་ཆེན་པོ་དེ་ཙམ་མེད་ལ། དེ་ནི་བོན་དཀར་ཞེས་པ་དེ་རེད་གསུངས། འོན་ཀྱང་གོ་ཐོས་ལ་བོད་ཀྱི་བོན་པོ་རྣམས་ཀྱི་ད་ལྟའི་ཆར་བོན་པོ་ལ་བོན་དཀར་དང་བོན་ནག་གཉིས་སུ་མེད་ཟེར་བ་ཐོས་པས། ཁྱོད་ཀྱི་པུར་མིང་བོན་ནག་ཚང་ཞེས་པས་བོན་པོ་རྣམས་ལ་བསྙད་འཚོལ་བ་ལྟར་སྣང༌། སྤྱིར་མི་ཞིག་གི་མིང་ལ་རི་བོང་རྭ་ཞེས་བཏགས་པས། རི་བོང་རྭ་ཡོད་པར་མི་འགྱུར་མོད། ཁྱོད་ཀྱི་མིང་ཙམ་གྱིས་ཀྱང་མི་རིགས་ཀྱི་མཐུན་སྒྲིལ་བར་གནོན་ཤུགས་ཐུང་ངུ་ཞིག་བཟོས་པ་ཏན་ཏན་རེད། ཁྱོད་གོ་ཤེས་མཁན་ཞིག་ཡིན་ན་དེ་སྤྱིར་བཏང་གི་སྐད་ཆ་ཙམ་ཡིན། མཐའ་གཅིག་ཏུ་མ་ངེས་མོད་ཁྱེད་ཀྱི་དོགས་དྲིས་ཁག་ལ་ངས་ལན་ཐུང་ངུ་རེ་འབྲི་རྒྱུ་ཡིན།
༡༽ བོད་རིག་པའི་ཚོགས་འདུར་ཞུགས་པ་ལ། ཆ་རྐྱེན་ལབ་ན་འདྲ། གང་ལྟར་སྔར་མཁས་པ་རྒན་རབས་པའི་སྐབས་ཡིན་ན། རྩོམ་ཆོས་དེ་འདྲ་སྔོན་ནས་བསྐུར་མི་དགོས་པར། རྒྱལ་ཁབ་ཕྱི་ནང་དུ་མཚན་དོན་ཡོད་པའི་མཁས་དབང་རྣམས་གདན་ཞུས་ཀྱིས་ཚོགས་ཞུགས་གནང་བའི་སྲོལའདུག རྗེས་སུ་མ་མཐའི་ཆ་རྐྱེན་དུ་བརྗོད་བྱ་གཏན་འབེབས་ཐོག སྐབས་ཐོག་བརྗོད་བྱའི་སྐོར་གྱི་དཔྱད་རྩོམ་རེ་འབྲི་དགོས། སྔར་ཚོགས་འདུ་ཞིག་ཏུ་ཁོ་བོའང་ཚོགས་ཞུགས་ཀྱི་གོ་སྐབས་བྱུང་ལ་མཐའ་ན་ཁོ་བོའི་རྩོམ་འཁྱར་དེར་ཡང་ངོས་ལེན་གནང་གནང་བ་རེད། འདི་ལོར་མཚོན་ན་དཔྱད་རྩོམ་ཞིག་ཡིན་ཚད་ལ་ངོས་ལེན་བྱེད་ཀྱི་འདུག་ཟེར། དེས་ནི་བོད་རིག་པའི་མཁས་པའི་ཚོགས་འདུ་ཞེས་སྔར་མཚན་སྙན་གང་འཚམས་ཡོད་པ་དེའི་སྤུས་ཚད་ཆེས་དམའ་རུ་སོང་བའི་ཚོར་སྣང་བྱུང།
༢༽ ལོ་གསུམ་བཞི་རེའི་མཚམས་སུ་ཐེངས་རེ་འཚོགས་ཀྱི་ཡོད་པ་འདྲ། དེའང་དཔེར་ན་འདི་ལོར་ཁེ་ཎ་ཊར་དང་། ལམ་འགྲོ་རྒྱུགས་ན་རྗེས་མའི་ཚོགས་འདུ་་རྒྱ་ནག་ཏུ་འཚོགས་རྒྱུའི་དམིགས་ཡུལ་ཡོད་ཟེར།
༣༽ གོང་བཤད་བཞིན་རྒྱ་ནག་ཏུ་འཚོགས་རྒྱུའི་དམིགས་ཡུལ་ཡོད་པ་འདྲ་ཡང། དུས་ཚོད་སོགས་གཞི་ནས་གཏན་འབེབས་བྱེད་དགོས་པའམ། གལ་སྲིད་བོན་ནག་ཁྱོད་ཚོགས་ཐེངས་རྗེས་མར་ཚོགས་ཞུགས་གནང་རྒྱུར་ཐུགས་འདོད་ཡོད་ན༌ཚོགས་པའི་ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་སོགས་ལ་དྲིས་ན་མཁྱེན་ངེས།
༤༽ ཚོགས་འདུའི་སྐབས་ཀྱི་འགྲོ་སོང་མི་སྣ་རང་ངོས་ནས་གྲ་སྒྲིག་བྱེད་དགོས་པའམ། ཡང་ན་ས་གནས་ཀྱི་མི་སྣ་ཚང་འཛོམས་ལ་ལྟོས་ཏེ། ཚོགས་པ་རང་གིས་འགྲོ་སོང་ཐབས་ཤེས་གནང་དགོས་པའང་མི་ཉུང་བ་ཞིག་ཡོད༌ཚོད། དཔེར་ན་ཚོགས་ཞུགས་མི་སྣས་ལམ་གྲོན་རང་ངོས་ནས་གཏོང་དགོས་ཕྱིར་འདི་ལོར་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཆེད་ལས་ཚོགས་འདུར་ཞུགས་བློ་ཡོད་རིགས་ཐོང་འཆན་གྲ་སྒྲིག་མ་བྱས་སྔོན་ནས་འགྲོ་སོང་ལ་སྐྲག་སྟེ་ཕྱིར་འཐེན་བྱེད་དགོས་པའང་བྱུང་ཡོད།
རྟོགས་སད་ལགས་ཀྱིས་ངའི་དོགས་འཆར་ལ་ལན་འདེབས་གནང་བར་ཐུགས་རྗེ་ཆེ། དེ་སྔོན་འདི་འདྲ་བའི་ཚོགས་འདུར་བཅར་མྱོང་མེད་པས་ལམ་འགྲོ་འདྲ་རྒྱུགས་ན་གཅིག་བཅར་རྒྱུ་བྱུང་ན་ཅི་ཤེས་བསམ། བོད་གཞིས་བྱེས་ལྷན་འཛོམས་ཀྱི་ཁོར་ཡུག་ཚ་དུང་ངེ་བ་ཞིག་ཏུ་གཅིག་སླེབས་ན་ཅི་ཤེས་བསམ། གང་ལྟར་ཁྱོད་ཀྱིས་གསལ་པོ་གསུང་བྱུང་།
བོན་ནག་ཚང་ཟེར་བའི་མིང་འདི་སུའང་སྐྱོན་འདོག་དང་བསྙད་འཚོལ་མིན་པར་རང་གི་ཕ་མེས་གོང་མ་རྣམས་བོན་ནག་དངོས་ཡིན་པའི་རྒྱུ་མཚན་གྱིས་མིང་དེ་བཏགས་པ་ཡིན། དོན་ལ་དེ་ག་རང་དུ་དངོས་མིང་ཡིན་ཟེར་ནའང་ཆོག་པ་ཡིན། འདིས་མི་སུ་ལའང་ཕོག་ཐུག་མི་འགྲོ་བར་སྨོན།
ཡ། ད་དེས་ན་བོན་ནག་ལགས། ངས་གོང་དུ་བོན་ནག་ཅེས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་ཅེས་པའི་བོན་པོ་ལ་གོ་དགོས་པ་རྒན་གཤེགས་པ་དེའི་གསུངས་ལས་གོ་བར་ཁྱོད་ཀྱིས་ཀྱང་དེ་ལ་ཤུགས་ཀྱིས་མོས་མཐུན་གནང་འདུག་པ་མ་ཟད། ངའི་ཕ་མེས་གོང་མ་རྣམས་བོན་ནག་དངོས་ཡིན་ཞེས་བྲིས་འདུག ངས་ཐོས་ཚོད་ལ་བོན་པོ་རྣམས་ཀྱིས་བོན་པོ་ལ་བོན་དཀར་དང་བོན་ནག་གཉིས་སུ་ཕྱེ་བར་གྲུབ་མཐའ་ཕན་ཚུན་གྱི་སྡང་ཟུག་ཙམ་ལས་དོན་ལ་ངོས་ལེན་མི་བྱེད་ཟེར་བ་ཐོས། ད་དེ་མ་ཡིན་པ་འདྲ། དེས་ན་བོན་པོ་ལ་དཀར་ནག་གཉིས་སུ་ཡོད་པ་བོན་གྱི་བསྟན་བཅོས་ཁག་ཏུ་ཡོད་མེད་དང་། གོ་ཐོས་ཤིག་ཏུ་སློབ་དཔོན་ལ་སྐྱབས་སུ་འགྲོ་བའི་བོན་པོ་རྣམས་ལ་བོན་དཀར་དང་། དེར་སྐྱབས་སུ་མི་འགྲོ་བའི་བོན་པོ་རྣམས་ལ་བོན་ནག་ཟེར་བའང་ཐོས། གང་ལྟར་དུས་ཚོད་འདྲ་ཡོད་ན་བོན་པོ་དཀར་ནག་གི་སྐོར་ཞིག་བཤད་རོགས།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཅེས་པ་ལ་ངས་རྨོངས་ཚོད་ཅིག་ཞུ་འདོད་བྱུང་། གལ་སྲིད་ཕྱིས་སུ་སུ་རུང་ཞིག་གིས། གདོན་གཟུགས་ནང་པའི་བསྟན་པ་བསྣུབས། །ཅེས་བསྒྲགས་ཡོད་ན། གདོན་གཟུགས་སུ་གྲུབ་པའི་ནང་བསྟན་ཅིག་ཡོད་ན་དེ་ཡང་ནུབ་དགོས་པས། སློབ་དཔོན་བཀའ་དྲིན་ཅན་གྱི་གསུང་དེ། འདི་འདྲ་སེ་འགྲེལ་ན་སྐྱོན་ཅི་ཡོད་དམ། བོན་རྙིང་བར་གྱི་དམ་ཚིག་ལ་མི་ཕན་ནམ། རྨོངས་འཆར་ཙམ་མོ། །
མཁས་པ་ཆབ་སྲིད་པའི་རྒྱུགས་ཁྱིར་ཆགས་ན། དེ་ནས་བཟུང་མཁས་པའི་སྙན་པ་ཡང་། ཉམས་འགོ་འཚུགས་ཉེན་ཡོད་དོ། ། མཁས་པ་བློ་ཟུ་བོ་གནས་དགོས་པ་ནི། མཁས་པའི་ཤེས་རབ་ཀྱི་རལ་གྲིའི་ཡུ་བ་དང་མཚུངས་སོ། །
དེས་ན་གདོན་གཟུགས་སུ་གྲུབ་པའི་བོན་ཅེས་པ། གནའ་སྔ་མོར་བོད་གངས་ཅན་གྱི་ལྗོངས་སུ་བ་ལང་དུད་འགྲོའི་རིགས་ཆེད་དུ་བསད་ནས་ཤ་ཁྲག་གི་མཆོད་འབུལ་བྱེད་མཁན་གྱི་བོན་པོ་ཞེས་པར་གོ་རྒྱུ་ན་མ་གཏོགས། གདོན་གཟུགས་ཅེས་ཁ་སྣ་འཇིགས་སུ་རུང་བའི་སེམས་ཅན་གྱི་དམག་ཚོགས་ཤིག་བྱུང་བ་ཡོད་མདོག་ཁ་བོ་མ་རེད། གང་ལྟར་ངས་འདིར་ལན་གསལ་བོ་ཞིག་དྲ་གྲོགས་བོན་ནག་ཚང་ལ་སྒུག་བསྡད་ཡོད། རྒྱུ་མཚན་ནི་ཁོང་གིས་ཁོ་བོ་ནི་ཡབ་མེས་ནས་བཟུང་བོན་ནག་ཡིན་རབས་དང་། དེ་ལ་རྒྱུས་ཆེ་རབས་བཤད་སོང་། ལྷན་རྒྱས་ལ་དགོངས་སེལ་རྒྱུར་རྩ་བའི་བརྗོད་བྱ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྐོར་ཡིན་མོད། ད་སྐབས་ང་ཚོས་བོན་ནག་ཅེས་པའི་སྐོར་ལ་འཆན་ཐུང་འདྲ་འདེབས་དགོས་བྱུང།
སྔོན་ཆད་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དེ་མིང་གྲགས་ཆེ་བའི་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་ཐད་མཁས་པའི་འདུ་འཛོམས་ཤིག་ཡིན་ཡང། བར་ལམ་ནས་བཟུང། བོད་ནང་ནས་རྒྱ་གཞུང་གི་སྟངས་འཛིན་འོག་མཁས་གསར་ཅི་རིགས་ཚད་ཡོད་ཀྱིས་གཏོང་པ་དང། ཕྱི་ལོགས་སུ་ཡོད་པའི་བོད་པའི་ཁྲོད་ནས་ཀྱང་ཚད་ལྡན་གྱི་བོད་རིག་པའི་མཁས་པ་ཉུང་ཤས་ལས་ཞུགས་ཐུབ་ཀྱི་མེད་པ་སྟེ། ལྷག་པར་དུ་མགོ་བདེ་སྐབས་འཚོལ་པ་ཚོས་ཕྱི་རྒྱལ་དུ་འགྲོ་ཟམ་ལྟ་བུར་བེད་སྤྱོད་གཏོང་ཆེད་འདི་ལོར་སྙན་ཞུ་གང་མང་བརྒྱབ་པར་བསྟེན་ཚོགས་ཆེན་འདིའི་མིང་མཐོང་ལ་གནོད་སྐྱེལ་པ་མ་ཟད། དངོས་གནས་བོད་རིག་པའི་སྐོར་ལ་མཁྱེན་རྟོགས་ཡོད་མཁན་ཚོ་ཚོགས་ཞུགས་བྱ་རྒྱུར་ཡང་ཤུགས་རྐྱེན་བཟོས་ཡོད་པ་རེད།
ང་ཚོའི་སྤྱི་ཚོགས་ཁྲོད་ནུབ་ཕྱོགས་སུ་འཕུར་འདོད་ཀྱི་ནད་ཡམས་ཤིག་གང་སར་ཁྱབ་ཡོད་ལ། རིག་གཞུང་དང་ཆབ་སྲིད་སོགས་ཀྱི་ཚོགས་འདུ་དག་བརྒྱུད་ནས་ཕྱི་ལ་ཐར་ཐབས་བྱེད་པ་དེ་ཡང་སྐྱབས་བཅོལ་པའི་གནས་སྟངས་ནས་བལྟས་ན་བསམ་ཤེས་ཐུབ་པ་ཞིག་རེད།
འོན་ཀྱང། རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་རང་རེའི་མི་རིགས་འདི་འཆི་གསོན་གྱི་སོ་མཚམས་སུ་ཡོད་ཚུལ་རྟག་ཏུ་ཁ་ནས་ལབ་ཀྱི་ཡོད་པ་དེ་བདེན་ན། བོད་རིགས་རང་གི་སྤྱི་ཚོགས་ཁྲོད་དུ་བསྡད་ནས་ཕྱག་ལས་གནང་དགོས་པ་མ་གཏོགས། ཕྱི་རྒྱལ་ལུང་པ་ཞིག་ནས་བོད་ཀྱི་ཤེས་ཡོན་པ་ཚོའི་འཕྲིན་ལས་རྒྱས་རྒྱུ་དཀའ་ལ། ལྷག་པར་དུ་བོད་ཡིག་མ་གཏོགས་མི་ཤེས་མཁན་ཚོར་མཚོན་ན། ཕྱི་རྒྱལ་དུ་སླེབས་རྗེས་ད་བར་དུ་སྦྱངས་པའི་ཤེས་ཡོན་དེ་ཚོ་བེད་མེད་ཆགས་པ་རེད། དེ་བས་བོད་ཀྱི་ཤེས་ཡོན་པ་ཚོ་བོད་སྤྱི་ཚོགས་ཁྲོད་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེར་བསམ་ལ། སྤྱི་ཚོགས་ཁྱོན་ཡོངས་ནས་དེ་དག་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས་པའང་གལ་ཆེར་མཐོང།
གོང་དུ་དུས་ཆར་གྱིས་བཤད་པ་ལྟར། བར་ལམ་ནས་བཟུང༌རྒྱ་གཞུང་གི་སྟངས་འཛིན་འོག་བོད་ཀྱི་མཁས་པ་རྣམས་ཚོགས་ཞུགས་བྱ་རྒྱུར་ཚད་གཟུང་བྱས་པ་དང་། ཕྱིར་སྡོད་ཁྲོད་ནས་ཀྱང་མཁས་པ་ཚད་ལྡན་ཉུང་ཤས་ལས་ཞུགས་ཐུབ་ཀྱི་མེད་གསུངས་པར་མོས་མཐུན་ཡོད་ལ། ལྷག་པར་དུ་འདི་ལོར་མཚོན་ན་བོད་ཀྱི་ལག་དེབ་སེར་པོ་ཅན་གྱི་རིགས་ལ་དེ་ལས་ཀྱང་ཐོང་འཆན་དཀའ་བར་གྱུར་ཡོད། དེ་མིན་བལ་ཡུལ་དང་རྒྱ་གར་གྱི་ལག་དེབ་འོག་གདོང་འབག་ཕྱི་ལ་སྟོན་མཁན་བོད་རིགས་རྣམས་ལ་བོད་མི་སྤྱི་མཚུངས་ལས་ཅུང་སླ་བར་བཤད།
འོན་ཀྱང་དུས་ཆར་གྱིས། རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་རང་རེའི་མི་རིགས་འདི་འཆི་གསོན་གྱི་སོ་མཚམས་སུ་ཡོད་ཚུལ་རྟག་ཏུ་ཁ་ནས་ལབ་ཀྱི་ཡོད་པ་དེ་བདེན་ན། བོད་རིགས་རང་གི་སྤྱི་ཚོགས་ཁྲོད་དུ་བསྡད་ནས་ཕྱག་ལས་གནང་དགོས་པ་མ་གཏོགས། ཕྱི་རྒྱལ་ལུང་པ་ཞིག་ནས་བོད་ཀྱི་ཤེས་ཡོན་པ་ཚོའི་འཕྲིན་ལས་རྒྱས་རྒྱུ་དཀའ་ལ། ལྷག་པར་དུ་བོད་ཡིག་མ་གཏོགས་མི་ཤེས་མཁན་ཚོར་མཚོན་ན། ཕྱི་རྒྱལ་དུ་སླེབས་རྗེས་ད་བར་དུ་སྦྱངས་པའི་ཤེས་ཡོན་དེ་ཚོ་བེད་མེད་ཆགས་པ་རེད། ཅེས་གསལ་བར་ཐུགས་བསམ་ཞིག་བཞེས་རོགས། སྤྱིར་བོད་རིགས་རང་གི་སྤྱི་ཚོགས་ཞེས་པ་ནི། བོད་ས་གནས་ས་ཐོག་ལ་འཚོ་བའི་བོད་ཀྱི་སྤྱི་ཚོགས་ལ་གོ་བ་མ་གཏོགས་བོད་རིགས་ཀྱི་གྲངས་ཀ་མང་ཉུང་ལ་ནི་བཤད་རྒྱུ་མ་རེད། ས་གནས་ས་ཐོག་ཅེས་པ་ནི་གཞིས་སྡོད་མི་རིགས་ལ་གོ་བས་ང་ཚོར་དེར་སོང་ནས་རང་དབང་གི་ལས་དོན་སྣ་གཅིག་བྱེད་པ་ལ་མེ་མདའི་སོ་ཁར་ལངས་པ་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད། ཡང་ན་བོད་ཀྱི་སྤྱི་ཚོགས་ཞེས་པ་ནི་རྡ་སའི་རྐང་ལམ་ཕྲ་མོའི་གཡས་གཡོན་སོགས་ཡིན་འགྲོ། དེར་བོད་ཀྱི་ཆེད་ལས་པ་ཧ་ཅང་མང་བས་ཁང་མིག་རེ་རེ་ཚུན་ཆད་ལས་ཤག་ཏུ་བསྒྱུར་ན་མ་གཏོགས་ཕལ་ཆེར་ཤོང་ས་མེད་པའི་ཚད་དུ་ཡོད་པ་མཁྱེན་གསལ་རེད། མདོར་ན་ངས་འདིར་བཤད་བཞིན་པ་ནི། བོད་རིགས་རྐང་གཅིག་ཡིན་ཀྱང་གནས་སྐབས་རིང་བོད་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་གང་དུ་འགྲོ་ཐུབ་ན་ཁྱད་པར་མི་འདུག ཁོ་དང་ཡང་ན་ཁོ་མོས་བོད་ཀྱི་ངོ་བོའི་ཐོག་ནས་ཕྱག་ལས་རེ་གནང་ངེས་པས་དེས་ནི་རིམ་གྱིས་འཛམ་གླིང་མི་དམངས་ལ་བོད་དོན་ཁྱབ་བསྒྲགས་ཀྱི་ཆ་རྐྱེན་རེར་འགྱུར་བར་རེ་བ་ཆེན་པོ་ཡོད་པ་རེད། ང་ལ་མཚོན་ཏེ་བཤད་ན་རང་དབང་ལུང་པ་འདིར་རང་གི་སྒོ་ངོས་ཚུན་ཆད་ལ་བོད་ཀྱི་རྒྱལ་དར་ཆུང་ངུ་ཞིག་ཕྱར། ཐུག་ཚད་ལ་རྒྱབ་སྐྱོར་ཆེད་བོད་ཀྱི་གནས་བབ་སྐོར་གྱི་སྡུག་སྐད་རེ་འདོན། དབྱིན་ཡིག་འཁྱལ་འཕྱོལ་ཞིག་གི་ལམ་ནས་རྩོམ་བྲིས་འདྲ་བྲིས། ༸གོང་ས་མཆོག་གི་གསུམ་དུམ་ཐུང་ངུ་རེ་བསྐྱར་བཤུས་ཀྱིས་སྲང་ལམ་གྱི་རྩིགས་ངོས་སོགས་ལ་སྦྱོར། མདོར་ན་ང་ལ་མཚོན་ན་རང་ཚོད་ཀྱིས་བོད་དང་ཡང་ན་རྡ་སའི་རི་གཤོང་ལས་རྦད་དེ་ཤུགས་ཆེ་བའི་ལས་འགུལ་རེ་སྤེལ་བཞིན་པའི་ཁུལ་ཡིན། འདི་ནི་ཉིན་རེའི་འཚོ་བ་དང་། འདི་ནི་ངའི་མི་ཚེའི་དོན་སྙིང་ཙམ། འདི་ནི་བླ་མའི་ཐུགས་འདུན་དང་། འདི་ནི་ངའི་ཕ་མའི་དྲིན་ལན་ཙམ།