གྲགས་པ་རྒྱལ་མཚན་ནས།
ཆེད་ཞུ། ལོ་ཤས་གོང་ནས་བཟུང་། ཐ་སྙད་གསར་པའི་སྲོལ་འབྱེད་པའི་མཚན་གསོལ་ལ་ཆེས་ཆེར་ཧབ་ཐོབ་བྱེད་མཁན་རེ་ཟུང་ གི་ཁ་དབང་དུ་སོང་སྟེ། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཡིག་ཆའི་ནང་བརྡ་ཆད་སྔར་ཡོད་ལ་བཟོ་བཅོས་ ཀྱི་སྦྱོར་བ་སྣ་ཚོགས་ཤིག་བརྩམས་དང་རྩོམ་བཞིན་པར་ཡིག་མུག་པའི་དབུགས་རིང་ འབྱིན་རྒྱུ་ལས་བྱ་ཐབས་མ་མཆིས་ཀྱང་། ཆེས་ཚབས་ཆེན་ཞིག་ལ། དེང་སྐབས་གྲོས་ཚོགས་ཟེར་བའི་ཐ་སྙད་ཅིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ བསྣུབས་ཉེར་འདུག་པ་ཅི་བས་ཀྱང་ཉེན་ཁ་ཆེ།
མིང་ཆད་འདི་སྤྱི་འཐུས་ལྷན་ཚོགས་སུ་ནད་ ཡམས་ལྟར་འགོས་ཁྱབ་ཏུ་སོང་ཟིན་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོས་འདི་ལོའི་ཟླ་༣ ཚེས་༩ ཉིན་སྤྱི་ལྷན་ལ་བསྩལ་བའི་གསུང་འཕྲིན་དུའང་ཐེངས་དགུ་ཙམ་ལ་བཅུག་འདུག་པས། དངངས་འཚབ་སྐྱེ་གཞི་ཞིག་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞེས་པ་ནི་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཁྲིམས་བཟོའི་འགན་དབང་བསྐུར་ཡུལ་སྒྲིག་ འཛུགས་དེ་ཡིན་པ་དང་། བཙན་བྱོལ་བོད་གཞུང་ལ་ཁྲིམས་བཟོའི་འགན་དབང་ལེན་མཁན་སྒྲིག་འཛུགས་འདི་ལས་གཞན་ པ་ཞིག་གཏན་ནས་མེད། ཆུ་ལོག་ལྟར་རྒྱུག་བཞིན་པའི་གྲོས་ཚོགས་ཟེར་བའི་ཐ་སྙད་འདིར་སྤྱི་ལྷན་གྱི་འགན་ དབང་བསྐུར་བསམས་ན། ཐོག་མར་བཅའ་ཁྲིམས་བཟོ་བཅོས་བྱེད་དགོས་ངེས་ཡིན། དེ་མིན་གྲོས་ཚོགས་ཟེར་བ་འདིར་ཁྲིམས་ཀྱི་གོ་དོན་མེད་པར་མ་ཟད། མིང་ཆད་འདི་བཙན་ཤེད་ཀྱིས་སྤྱི་ལྷན་ལ་སྦྱར་བའི་ཡིག་ཆ་དང་གཏམ་བཤད། གྲོས་ཆོད་སོགས་ཚང་མ་ཁྲིམས་འགལ་ཆགས་སྲིད་ལགས་ན། དེ་དོན་དགོངས་དབྱིངས་སུ་མངའ་འཇགས་ཡོད་པ་མཁྱེན་ཞུ་རྒྱུ་བཅས་གྱི་ན་བ་གྲགས་པ་རྒྱལ་མཚན་ནས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༤ ལ།