(༢༠༠༨་༡༡་༡༧་ ༢༢)
བློ་བཟང་ཆོས་འབྱོར་ནས།
———
བོད་རྒྱལ་ཁབ་ཀྱི་ཤར་ཕྱོགས་རྒྱལ་མཚམས་སུ་སྐྱེས་ཤིང་། ཆེན་པོ་རྒྱ་ནག་དང་འདྲེས་མཚམས་ནས་འཚར་བའི་ལོ་ན་ཉེར་དྲུག་ཅན་གྱི་ཕོ་གསར་ཞིག་དེ་རིང་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་དམིགས་བསལ་ཚོགས་ཆེན་འདིར་ཞུགས་ཏེ་རང་རིགས་གངས་ཅན་པའི་དབུ་ཁྲིད་རྣམ་པ་དང་། ཤེས་ཡོན་ཅན་རྣམས་དང་ལྷན་ཏུ་མཉམ་ཞུགས་ཀྱིས་ཚོགས་འདུའི་ཆ་ཤས་སུ་གྱུར་ཐུབ་པ་ནི་རང་གི་མི་ཚེའི་ནང་ཆེས་གཟི་བརྗིད་ཞིག་ཏུ་བརྩི་གྱིན་ཡོད་ལ། དོན་དངོས་ཀྱི་བྱུང་བ་འདི་བརྒྱུད་ནས་མི་རབས་གསར་བའི་འགན་འཁྲིའི་ཐད་ངེད་ལ་བཅོས་མ་མིན་པའི་བརྩེ་དུངས་དང་གདེང་སྤོབས་མཉམ་ཏུ་ཡོང་གིན་འདུག
ངེད་ནས་བསམ་ཚུལ་གྱི་འགོ་མ་བཙུགས་གོང་ངེད་ལ་ཐོག་མའི་བོད་ཀྱི་འདུ་ཤེས་ངོ་སྤྲོད་བྱེད་མཁན་རང་གི་སྐྱེད་མའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ལ་བོད་ཀྱི་རྒྱལ་མཚམས་ན་གནས་པའི་ངའི་ཨ་མ་དང་ལས་དབང་གཅིག་པའི་བོད་རིགས་ཡོངས་ལ་གོ་སྐབས་འདི་བརྒྱུད་དམིགས་བསལ་གྱིས་གདུང་སེམས་མཉམ་བསྐྱེད་བྱེད་འདོད་བྱུང་། དེ་བཞིན་ངའི་དགེ་རྒན་རྣམ་པ་དང་། སློབ་སྟོན་པ། བོད་ཀྱི་རྩ་དོན་ཐད་རྣམ་ཤེས་གཅིག་པའི་མི་རབས་གསར་བའི་གྲོགས་གྲོགས་མོ་སོགས་ཀྱི་བཀའ་དྲིན་ཡང་ཆབས་གཅིག་རྗེས་དྲན་བྱེད་རྒྱུ་དང་ཁྱེད་ཅག་གི་མཁྱེན་རྒྱ་ཡངས་བའི་ཕྱག་ལས་རྣམས་ལྷོད་མེད་ཡོང་བར་རེ་སྐུལ་ཞུ་རྒྱུ་ཡིན།
མཆོག་ཏུ་བཀུར་བར་འོས་པའི་ཚོགས་མི་ལྷན་རྒྱས་ཀྱིས་མཁྱེན་གསལ་བཞིན། བོད་རྒྱལ་ཁབ་ཀྱི་བསྐལ་བ་སར་ཆགས་ནས་དེ་རིང་གི་ཉིན་མོ་བར། ང་ཚོ་ཐེ་བའི་བོད་རིགས་སུ་གཏོགས་ཚད་ཚང་མའི་ངོ་བོ་དང་། འདོད་མོས་ཀྱི་རྨང་གཞིའི་ལེགས་བྱང་། སྐད་དང་ཡི་གེ། གོམས་སྲོལ། གཤིས་སྤྱོད། བསམ་བློའི་ལག་ལེན་ཡོངས་ཀྱི་རྩ་བའི་གདགས་གཞི ཛྲབོདཛྲ ཅེས་པའི་མིང་འདིར་ཐིམས་ཤིང་གནས་བཞིན་པ་ནི་སྤྲོ་བ་བླ་ལྷག་ཏུ་འཕེལ་འོས་ཤིང་། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་འདིས་ང་ཚོར་སྤྲད་པའི་ད་ལྟའི་བོད་ནི་ཁ་འཐོར་དང་གཉེན་ཕྲེང་གི་དུས་ཚོད་ཤིག་ཏུ་གནས་ཡོད། ལོ་རྒྱུས་ལ་དགའ་སྐྱོའི་རྣམ་པ་ཅི་ལྟར་བཀྲ་ཡང་བོད་ཀྱི་ཚེ་སྲོག་གི་འགན་ཁུར་ཡོངས་རྫོགས་ང་ཚོའི་ཕྲག་ཏུ་བབས་ཡོད་པས། དེ་རིང་འདིར་ང་ཚོ་བོད་ཅེས་པའི་དོན་སྙིང་དང་འབྱུང་འགྱུར་གྱིས་མཉམ་ཏུ་བསྡུས་པ་རེད།
ང་ཚོའི་ཕ་ཡུལ་བོད་ལ་ཕྱིའི་དགྲ་མང་དག་ཅིག་བྱུང་ཡོད་ནའང་། རྒྱ་ནག་གུང་བྲན་ཏང་གིས་བཙན་ཟོས་ཀྱི་དུས་ཡུན་ནི་ཧ་ཅང་རིང་ཞིང་གནས་བཞིན་པ་འདི་གཏིང་ཟབ་པའི་འཐབ་རྩོད་ཀྱི་དོན་གནད་ཞིག་ཏུ་འགྱུར་བཞིན་འདུག དེ་ནི་ཁོང་ཚོའི་བཙན་བཟུང་གི་ཐོག་མའི་རྣམ་པ་འགྱུར་བའི་དབང་བསྒྱུར་གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་སྣ་དྲངས་ཏེ། རང་རེའི་ཁྱིམ་མཚེས་རྒྱ་གར་གྱིས་གཙོས་པའི་རྒྱལ་ཁབ་ཁག་ལ་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་ཞི་དྲག་གི་ཐབས་ཤེས་སྤེལ་བ་ནས་ཡོངས་སུ་རྒྱ་བསྐྱེད་དེ། དུས་རབས་བཅུ་གསུམ་པའི་ནང་མངའ་དབང་ཞི་བའི་རྒྱ་མཚོ་ནས་ཤར་ཡོ་རོབ་བར་ཁྱབ་ཡོད་པའི་སོག་པོའི་གོང་མ་ཆིང་གེ་སི་ཁཱང་གིས་ཡོན་རྒྱལ་རབས་བཙུགས་པའི་གསལ་བསྒྲགས་ ༡༢༧༤ ལོར་བསྐྱངས་པ་དེ་དང་དེའི་རྒྱལ་རབས་དང་བོད་ཀྱི་འབྲེལ་བའི་གཞི་རྩ་ཁྱོན་ནས་མི་བསམ་པ་དང་། ཡོན་གོང་མས་རྒྱ་ནག་སུང་རྒྱལ་རབས་ཀྱི་ལྷོ་ཕྱོགས་ནས་དབང་བསྒྱུར་ཏེ་རྒྱ་ནག་ཡོངས་རྫོགས་མངའ་འོག་ཏུ་བཅུག་པའི་བྱུང་བ་རྣམས་ཀྱང་དྲན་པ་གཏིང་ནས་བརྗེད་དེ། ཡོན་རྒྱལ་རབས་རྒྱ་ནག་རང་གི་རྒྱལ་རབས་སུ་རྫུན་སྒྲོགས་བྱེད་པ་དག་ནི་བོད་འཛམ་གླིང་དུ་སྤོས་འགོ་ཚུགས་རྗེས་ཀྱི་བཙན་འཛུལ་དམིགས་བསལ་བ་དག་ཡིན་པས། འདི་ནི་བོད་པའི་སྲོག་གཅོད་ནས་ལྡོག་སྟེ་རྒྱ་ནག་གི་སྐྲན་ནད་དུ་འགྱུར་རྒྱུའི་ནུས་སྟོབས་ང་ཚོར་ཡོད་དགོས་པ་རེད།
ཡིན་ནའང་། ད་ལྟའི་བོད་ཀྱི་ཕྱིའི་སྲིད་དོན་འཐབ་རྩོད་དང་ནང་མི་མང་གི་འགན་ཁུར་གཉིས་རྦད་དེ་ཁ་ཐག་རྒྱང་གིས་ཆོད་པས། ཁོ་བོ་ལྟ་བའི་བྱིས་པ་དག་ལ་ཏན་ཏན་ཡིད་ཁ་མ་ཁེངས་པའི་སྐྱོ་གདུང་ཡོད་པར་ང་ལ་ཡིད་ཆེས་ཡོད། བོད་ཀྱི་འཐབ་རྩོད་ལ་ནང་གི་ལོ་རྒྱུས་ཀྱི་རྩབ་ཧྲལ་མང་ལ། དད་སེམས་ཀྱིས་གཡོས་པའི་བོད་མི་མང་གི་མི་རིགས་བསམ་བློའི་ནུས་སྟོབས་གཉིས། རྒྱལ་སྤྱིའི་མཉམ་སྦྲེལ་གྱི་ཁ་ཕྱོགས་ཀྱིས་རྐྱེན་བྱས་ཏེ། ང་ཚོའི་གནད་དོན་སེལ་བྱེད་ཀྱི་སྲིད་བྱུས་འགྲོ་བ་མིའི་རིགས་སྤྱིའི་བདེ་སྡུག་གི་ཕྱོགས་སུ་བབས་ཤིང་། དེ་ལ་དབུ་མའི་ལམ་གྱི་མིང་གིས་གསོལ། དབུ་མའི་ལམ་གྱི་ཐབས་བྱུས་ལ་མི་ལོ་མང་པོའི་གོམ་འགྲིམས་མི་ལྡན་ཀྱང་། བོད་མི་མང་གིས་རང་གི་བདེ་སྡུག་སེལ་བའི་སྲིད་བྱུས་མ་རྟོགས་གོང་ང་ཚོར་རྩ་བའི་སྲིད་བྱུས་ལ་རེ་དོགས་ཇེ་ཆུང་གི་བསྐྱར་གླེང་མཉམ་འདུས་བྱས་པ་ནི་ཧ་ཅང་སྐྱོ་བོ་ཞིག་རེད། དེ་ནི་ང་རང་དབུ་མའི་ལམ་ལ་བསྐྱར་ཞིབ་བྱས་པས་སྐྱོ་བ་མིན་ཞིང་། སྲིད་བྱུས་གང་ཞིག་མི་རིགས་འཐབ་རྩོད་དུ་གཏན་འབེབས་བྱས་པ་ནས་དེ་ལ་འགུལ་བསྐྱོད་སྣ་ཚོགས་ཀྱི་ལྡེམ་མྱུར་དང་ངང་རྒྱུད་མེད་པས་སྐྱོ་དགོས་བྱུང་།
ང་ཚོའི་བཙན་བྱོལ་ལོ་རྒྱུས་ལ་ལྟོས་ཚེ། གཞུང་གི་སྲིད་བྱུས་ལ་ཕྱོགས་སུ་བསམ་ཚུལ་དྲིས་བ་མང་ཡང་། གཞུང་གི་སྲིད་བྱུས་ལ་བོད་མི་རེ་རེས་བསམ་ཚུལ་བཏོན་ཏེ་ནུས་པ་སྤུངས་བརྩེགས་བྱས་པ་ཉུང་དྲགས་པས་ང་ཚོ་ངང་རྒྱུད་རིང་བོའི་སྲིད་དོན་བསམ་བློའི་ས་བོན་ཁེབས་ཀྱིས་མ་ཆགས་པ་ནི་དེ་བས་ཀྱང་སྐྱོ་དགོས་པ་ཞིག་རེད། ག་ལེར་བསམ་བློ་བཏང་དུས། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་བྱེད་སྒོ་ཐ་དག་གི་ནུས་ཤུགས་ཡོངས་རྫོགས་བོད་ཀྱི་རྩ་དོན་ཕྱོགས་སུ་མདུན་བསྐྱོད་བྱེད་པར་ཕྱི་ནང་གི་རྒྱུ་རྐྱེན་མང་པོར་ལྟོས་མེད་བྱེད་མ་ཐུབ་པ་དེ་ཡིད་ཀྱི་ངོགས་སུ་རྦབ་ཆུ་བཞིན་འབབ་ཅིང་། བསམ་ཕྱོགས་འདིས་ང་ལ་སྔ་མོ་ནས་ཁྱོད་ཚོར་འབུལ་རྒྱུའི ཛྲན་ཟུག་གི་སྡོམ་དྲཛྲ ཞེས་པའི་གཟིགས་གཞི་ཆུང་ཆུང་ཞིག་སྦྲུམ་ཡོད། ངས་ནམ་རྒྱུན་གྲོགས་པོ་ནང་ཁུལ་དུ། ནམ་ཞིག་༸གོང་ས་མཆོག་འཇིག་རྟེན་འདི་དང་གཏན་གྱེས་ཞུ་དགོས་པ་དེའི་ཚེ་ཁོང་གིས་ཁྱེར་དགོས་པའི་ན་ཟུག་ནི་ཁོང་ལ་ནུས་སྟོབས་ཀྱི་དཔུང་རོགས་མ་འདང་བ་ཁོ་ན་ཡིན་པར་བཤད་ཀྱིན་ཡོད། འོན་ཀྱང་བོད་མི་ཚོས་མི་རིགས་འཐབ་རྩོད་བྱེད་དོན་ནི་༸གོང་ས་མཆོག་དགྱེས་མཉེས་ཡོང་བའི་མཆོད་པ་ཁོ་ནར་འགྱུར་དོན་མེད་ལ། དུས་ཚོད་སླེབས་ན་༸གོང་ས་མཆོག་གིས་ཏཱ་ལའི་བླ་མའི་ལམ་ལུགས་ལ་འགྱུར་བ་གཏོང་ངེས།
ངའི་བསམ་པར་བོད་ཀྱི་དཀའ་ངལ་སེལ་བའི་རང་ཕྱོགས་ཀྱི་གཞི་རིམ་བསླབ་བྱ་གཙོ་བོ་དག་ནི། བོད་མི་མང་ལ་སྲིད་དོན་གྱི་རིག་ལམ་ཁེད་ཀྱིས་ཆགས་དགོས་ཤིང་། བོད་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་ངོས་འཛིན་བྱེད་སྟངས་ལ་བོད་ཀྱི་རིག་གཞུང་གི་གོམས་སྲོལ་དང་དཔྱད་བསྡུར་གཉིས་ཆ་ནས་ཚད་ལྡན་ཡོང་དགོས་པ་དེ་རེད། དཔེར་ན་ང་ཚོའི་ཆེན་པོ་དག་གིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་སྨོད་བྱེད་པའི་སྲིད་དོན་རིག་ལམ་ཆེས་ཆུང་ཤོས་དེ། གོ་དོན་གཏིང་ཟབ་ཀྱི་ངོ་བོར་འགྲེལ་ཞིང་དེ་བློ་འཚབ་བྱས་ཁུལ་གྱིས་རང་གི་མི་མང་གི་སྲིད་དོན་བློ་མིག་ད་དུང་སྦུགས་དོགས་བཟོ་བཞིན་པ་དག་ནི་རྒྱ་ནག་གིས་འགྲོ་གྲོན་མེད་པར་དགྲ་བོའི་ཡང་ལྕི་ཤེས་པའི་ལག་ཡོང་ཁག་ཅིག་རེད།
ད་ལོའི་གསུམ་བཅུའི་དུས་དྲན་ནས་ཡུན་རིང་མཚམས་མ་ཆད་པའི་བོད་མིའི་སྒེར་ལངས་༸གོང་ས་མཆོག་གིས་རྒྱུད་སྐུལ་བྱས་པ་ཡིན་པར་བསྒྲགས་པ་ནི་དེ་སྔའི་ ༨༩ ལོར་ལྷ་སར་སྐད་འབོད་བྱུང་དུས་དང་། ༢༠༠༥ ལོའི་སྲམ་གཟུགས་སྟག་པགས་མེར་བསྲེགས་གཏོང་དུས། རྗེ་སྐུ་འབུམ་དུ་མི་མང་ཁྲི་སྟོང་མང་པོས་༸གོང་ས་མཆོག་ལ་ཕེབས་སྒུག་བྱས་པ་སོགས་ཀྱི་སྐབས་སུ་རྒྱ་ནག་གཞུང་གི་གསལ་བསྒྲགས་དང་གཅིག་པ་ཆགས་ཡོད། འོན་ཀྱང་དེས་༸གོང་ས་མཆོག་ནག་བསུབ་གཏོང་རྒྱུ་ལས་ལྡོག་སྟེ་རྒྱ་ནག་གཞུང་ལ་བསམ་གཞི་གསར་བ་ཞིག་སྤྲད་ཡོད་ལ། དེ་བཞིན་ང་ཚོས་ད་རེའི་ཞི་རྒོལ་ཆེན་མོའི་ཁྲག་གི་བཞུར་རྐྱེན་ལ་དྲི་བ་བཀོད་དགོས་དོན་མེད་ཀྱང་། དེའི་གོང་ཐང་གཅོད་ཕྱོགས་ཁྲོད་ནས་ལྟ་གྲུབ་ཁ་ཁྱེར་གྱིས་རྩ་དོན་བོར་བའི་ལས་རིམ་དག་གིས་ང་ཚོར་རང་རང་གི་སྒྲོམ་གཞི་དང་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་དགོས་པའི་བསླབ་བྱ་ནན་པོ་ཞིག་སྤྲད་ཡོད། བསམ་བློ་འདི་ལྟར་བཏང་དུས་བརྒྱ་ཆ་ ༦༤ བློ་ཁ་མཐུན་པའི་དབུ་མའི་ལམ་དང་། གཞོན་ལྷན་སོགས་མི་ལོ་ལྔ་བཅུར་རང་བཙན་གཙང་མའི་སྒྲིག་འཛུགས་ཡོད་པ་གཉིས་ཀྱི་ཕན་གནོད་གླེང་དོན་མེད་ལ། ངས་གླེང་འདོད་པ་ནི་དེ་གཉིས་ཀྱི་ཁྱབ་ཁོངས་སུ་དེའི་གཞུང་ལུགས་ཀྱི་རྟོགས་སད་པ་ག་ཚོད་ཡོད་མེད་ཞིབ་འཇུག་དང་། མེད་ཚེ་རྒྱ་ནག་གཞུང་གིས་གློ་བུར་བའི་ངར་ཤུགས་ཤིག་ལ་བདག་པོ་མ་རྒྱབ་པ་དེའང་རྟོགས་སད་ཅིག་རེད།
ངས་བསམ་པར་དབུ་མའི་ལམ་དང་རང་བཙན་གཙང་མའི་བར་དུ་རྒྱ་ནག་ལ་སྟབས་བདེ་བོའི་བྱེད་ཕྱོགས་སྤེལ་བའི་ཁོར་ཡུག་ཅིག་ངང་གིས་ཆགས་ཡོད། དཀའ་ངལ་འདིར་དུས་དུས་སུ་གཟབ་ནན་སྤྱང་གྲུང་གིས་མི་མང་རང་གིས་ཁ་གཏད་གཅོག་དགོས་པ་ཞིག་ཡིན་མོད། མཚམས་རེར་གནས་སྟངས་ཆ་ཚང་མ་མཁྱེན་པའི་དྲིལ་བསྒྲགས་མཁན་དག་གིས་མི་མང་ལ་དོགས་པ་ཐེ་ཚོམ་སྣ་ཚོགས་ཤིག་སྤྲོད་བཞིན་པས་ང་ཚོའི་གོང་བུའི་ནུས་པ་ཆིག་སྒྲིལ་མ་ཐོན་ཞིང་། སྲིད་དོན་པའི་ལྟ་བ་དང་ལངས་ཕྱོགས་ཀྱི་འགལ་འདུ་གང་ཟག་སྒེར་གྱི་འཁོན་འཛིན་དུ་འགྱུར་བཞིན་པས་ང་ཚོའི་རྩ་དོན་མདུན་བསྐྱོད་ལ་གཞོགས་འདེགས་མ་ཐུབ་ཅིང་། དེ་ལས་ལྡོག་སྟེ་རྩ་དོན་འཐབ་རྩོད་ལ་ད་དུང་མི་ལོ་མང་པོ་འགྲིམས་དགོས་པའི་ལོ་རྒྱུས་ཀྱི་བསླབ་བྱ་ཐོབ་ཡོད། དེའི་ཕྱིར་ཚོགས་མི་རྣམས་པ་བརྒྱུད་ནས་གཞིས་བྱེས་བོད་མི་མང་ཆེ་ཕྲ་ཡོངས་ནས་གཏིང་ཟབ་པོའི་སློབ་སྦྱོང་བྱེད་འགོ་ཚུགས་དགོས་ཞེས་སྐུལ་མ་བྱེད་འདོད་བྱུང་ལ། བཀུར་འོས་དབུ་ཁྲིད་རྣམ་པས་ཀྱང་རྒྱ་ནག་གི་གཡོ་བྱུས་རྟོགས་པ་བརྒྱུད་ནས་ཡིག་ཐོག་ཏུ་འདྲ་ཆགས་པོའི་རྩ་ཁྲིམས་སོགས་གཏིང་ཟབ་མོའི་མཁྱེན་པ་གནང་རྒྱུ་དང་། ལྷག་ཏུ་བོད་མི་མང་གི་ངོ་ཚབ་མཚོན་པའི་སྤྱི་འཐུས་རྣམ་པ་ཚད་ལྡན་ཡོང་བར་མི་རབས་གསར་བའི་བློ་མིག་གི་ལྟ་འདོད་ལ་བྲེལ་ཤ་ལངས་བཞིན་ཡོད།
ཆེས་གནད་འགག་ཅན་ཞིག་ལ་སྤྱི་འཐུས་འདེམས་ཕྱོགས་ཀྱི་ད་ཡོད་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ། གཞིས་ཆགས་ཁག་གི་མི་འབོར་སྤྱི་སྙོམས་ཀྱིས་ས་ཁུལ་འཐུས་མི་འདེམས་དགོས་ཤིང་། འོས་འདེམས་ཆེན་མོའི་ཉིན་གཅིག་གི་སྔོན་དུའང་བོད་ནས་གསར་འབྱོར་རིགས་བྱུང་བའམ་ཡང་ཟླ་ཤས་ལས་མི་སྡོད་པ་དག་ལའང། གནས་སྐབས་དང་གཏན་གྱི་ས་ཁུལ་འདོད་མོས་བཞིན་གཏན་འབེབས་བྱས་ཏེ་འོས་འཕེན་གྱི་ཆ་རྐྱེན་ས་གནས་འགོ་འཛིན་ནས་འཕྲལ་མར་སྒྲུབ་རྒྱུ་དང་། གཞིས་ཆགས་ཀྱི་སྒྲིག་འཛུགས་དང་ཆ་རྐྱེན་འོག་མེད་པའི་བོད་མི་ཚོར་བཙན་བྱོལ་བོད་མིའི་ཐོབ་ཁོངས་ཀྱི་ས་གནས་དང་འགྲོ་འདུག་སྤྱོད་གསུམ་གྱི་རྩ་འཛིན་སྒྲིག་གཞི་གསར་བཟོ་བྱེད་དགོས་ཤིང་། སློབ་གྲྭ་དང་དགོན་པ་ནས་ཐོན་མཚམས་གནས་ངེས་མེད་ཀྱི་ད་ལྟའི་རྡ་སའི་བོད་མི་གསར་འབྱོར་བ་ཚོའི་གནས་སྟངས་ལྟ་བུ་ལ་ངེས་པར་དུ་དགོངས་བཞེས་གསར་བ་གནང་ཏེ། མདོ་དོན་བཙན་བྱོལ་བོད་མི་གཅིག་ཀྱང་གནས་སར་འགོ་མེད་ཁྲིམས་མེད་དུ་མི་འགྲོ་བའི་འཚོ་གཞི་གསར་བའི་འོག། རྒྱལ་དོན་དཔྱ་ཁྲལ་གཙོས་མང་གཙོའི་གཞུང་ལ་མི་མང་གིས་ལེན་དགོས་པའི་གོམས་ཤུགས་གོང་མཐོར་གཏོང་རྒྱུ་དང་། དེ་ལྟ་བུའི་ས་ཁུལ་མི་མང་གིས་འདེམས་ཐོན་བྱུང་བའི་འཐུས་མི་རྣམས་ཁྲིམས་བཟོ་ལྷན་ཚོགས་སུ་ངོས་འཛིན་བྱེད་འོས་ལ། དེའི་ནང་ཆོས་དོན་ལྷན་ཚོགས་ཀྱི་ངོ་ཚབ་མཚོན་པའི་ཆོས་ལུགས་ཀྱི་འཐུས་མི་གཉིས་ཆོས་རིག་ལྷན་ཁང་ནས་ཐད་གཏོང་བྱེད་དགོས། ལག་བསྟར་བྱེད་རྒྱུ་ལྷག་ཤིང་བཀའ་ལུང་ཡོད་པའི་ཆོས་དོན་ལྷན་ཚོགས་དེ་མགྱོགས་མྱུར་འགོ་ཚུགས་བྱེད་དགོས་ཤིང་། ཆོས་དོན་ལྷན་ཚོགས་དབུ་འབྱེད་བྱས་རྗེས་འཛིན་སྐྱོང་བཀའ་ཤག་ནས་དགོས་གནད་ཆེ་རིགས་ལ་ཆོས་ལྷན་སྐུ་ཚབ་སྐོང་འགུག་བྱ་རྒྱུ་ལས། རྒྱུན་ལྡན་བཀའ་ཤག་ནང་ཆོས་ལྷན་སྐུ་ཚབ་མི་དགོས་པ་བྱེད་རྒྱུ། ༸གོང་ས་སྐྱབས་མགོན་ཆེན་པོའི་གཞུང་འཛིན་གནས་སྟངས་གསལ་བོ་བཟོས་རྗེས་བཀའ་བློན་ཁྲི་པའི་ཕྱོགས་ཡོངས་ཀྱི་དབང་ཚད་མཐོ་རུ་གཏོང་རྒྱུ་དང་ཆབས་གཅིག་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་འཛིན་སྐྱོང་འགན་ཁུར་གྱི་དབང་ཚད་ཀྱང་དྲུང་ཆེ་རྣམ་པ་གཙོས་གཞུང་ཞབས་ཡོངས་ཀྱིས་ཐུགས་འགན་རྐང་བཞེས་གནང་དགོས།
དམིགས་བསལ་ཏུ་བརྗོད་དགོས་པ་ཞིག་ལ། ཤེས་རིག་ལས་ཁུངས་གཞི་རྒྱ་ཆེ་རུ་གཏོང་དགོས་ཤིང་། དེའི་ཁྱབས་ཁོངས་ལ་བཙན་བྱོལ་བོད་གཞུང་ བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་། བོད་ཀྱི་ཆབ་སྲིད་ཞིབ་འཇུག་ཁང་། རྒྱ་ནག་མི་མང་གི་སེམས་ཁམས་ཞིབ་འཇུག་ཁང་། རྒྱ་ནག་རིག་གཞུང་ཞིབ་འཇུག་ཁང་། མཁས་པའི་སློབ་སྟོན་ལྷན་ཚོགས་སོགས་འཛུགས་དགོས་ཤིང་། དེ་དག་གི་སྒྲོམ་གཞི་ད་རེའི་ཚོགས་ཆེན་ཐོག་གཏན་འབེབས་གནང་སྟེ་འཛིན་སྐྱོང་ལ་ཕུལ་དགོས་ཤིང་། ཕྱི་སྡོད་བོད་རིགས་མཁས་དབང་རྣམས་གཅིག་མོས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་སྒོ་འགྲམ་ཏུ་དུངས་བ་དང་ཡིད་རངས་ཀྱིས་འཁོར་བའི་སྐབས་ཤིག་བྱུང་ན། རྡ་སའི་ཁ་དབུགས་ལ་བོད་དྲི་གཙང་མ་བྲོ་ཞིང་། བོད་མི་རིགས་ཀྱི་སྲོག་དབང་གཞི་ནས་གསོ་ངེས་པར་སྙམ། དེའི་སྐབས་སུ་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་དང་གཞུང་ཞབས་ཀྱི་འོས་ཆས་རྣམས་ལ་ཡང་བསྐྱར་ཞིབ་ཡོང་ངེས་ཤིང་། གངས་སྐྱིད་ལས་ཁུངས་ཁག་ལ་བོད་མི་མང་གིས་བརྩེ་བ་དང་ཡིད་ཆེས་རྣམ་དག་བྱེད་ལ། དེའི་ཤུགས་རྐྱེན་འོག་ང་ཚོའི་རྩ་དོན་གྱི་གོམ་པ་མདུན་དུ་སྤོ་རྒྱུ་རེད།
གཞན་ཞིག་ལ་ད་ལྟ་ང་ཚོའི་སྤྱི་ཚོགས་སུ་སི་ཏྲ་སི་སྦག་གི་གསུང་བཤད་དང་མི་རིགས་ས་གནས་རང་སྐྱོང་གཉིས་ལ་གཤིབ་བསྡུར་གྱི་གླེང་ཕྱོགས་ཤིག་ཡོད་ཅིང་། དེ་ལ་ཁག་ཅིག་གིས་རྒྱ་ནག་རྩ་ཁྲིམས་ལ་འགྱུར་བ་མ་བྱུང་བར་སི་ཏྲ་སི་སྦག་གི་གསུང་བཤད་དང་མི་རིགས་ས་གནས་རང་སྐྱོང་གཉིས་མཉམ་བསྲེས་མ་གནང་གསུང་གི་ཡོད་ལ། ༸གོང་ས་མཆོག་དང་ (༢༠༠༤ལོའི་སུམ་དུས་གསུང་འཕྲིན) འཛིན་སྐྱོང་བཀའ་ཤག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གནས་ཐོག་བོད་ཀྱི་གནད་དོན་སེལ་ཐབས་བྱེད་ཀྱི་ཡོད་པ་གཉིས་ཀྱི་འགལ་འདུའི་གླེང་ཕྱོགས་ཡོད་ཚད། ཚོགས་མི་རྣམས་ཀྱིས་སྤྱི་མོས་སམ་མང་མོས་ལམ་ནས་དབྱེ་འབྱེད་བྱེད་དགོས་ཤིང་། གལ་སྲིད་དེ་གཉིས་བར་ལ་འགལ་འདུ་ངེས་ཅན་གྱིས་བོད་ཀྱི་རྩ་དོན་སྒྲུབ་བྱར་མི་རུང་ན། ད་རེའི་ཚོགས་ཆེན་ཐོག་གསལ་བཤད་བྱེད་པའི་འགན་ཁུར་ཆ་ཚང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པས་གསལ་བཤད་ཀྱིས་གླེང་ཕྱོགས་འདི་གསལ་བོ་གསལ་རྐྱང་བཟོ་དགོས་པ་རེད། དེ་ནི་བོད་རྒྱའི་འབྲེལ་མོལ་འདི་བཀའ་ཤག་སྐབས་བཅུ་གསུམ་ནས་འགོ་ཚུགས་ཤིང་དེའི་སྔོན་གྱི་ཏིང་ཞའོ་ཕེན་གྱི་སྐད་བསྐུར་སྙན་མོ་སོགས་གང་ལ་ཡང་གཞི་འཛིན་གྱི་མེད་པས་ཡིན། ཡིན་ནའང་བསམ་ཕྱོགས་འདིའི་དགོངས་གཞི་སྤྱི་ཚོགས་ཅན་དུ་བྱེད་མཁན་བཀའ་ཟུར་རྣམ་པས་སོ་སོའི་གཞུང་འཛིན་སྐབས་འདི་ལྟའི་དྲན་རྟོག་གི་ཤེས་རབ་མ་རྒྱས་པ་ནི་བཙན་བྱོལ་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཡིན་ཞིང་། མི་རབས་གསར་བས་ལོ་རྒྱུས་ཞིབ་འཇུག་གིས་བཙན་བྱོལ་བའི་ལོ་ལྔ་བཅུར་ཤེས་རྟོག་བྱེད་པར་སྐུལ་མ་བྱེད་རྒྱུ་ཡིན།
གལ་སྲིད་རྒྱ་ནག་གི་རྩ་ཁྲིམས་བསྒྱུར་བཅོས་ཀྱི་དུས་ཚོད་ཞིག་སླེབས་དགོས་ན་རང་ཕྱོགས་ཀྱི་སྒྲུབ་བྱ་ཅི་ཞིག་ཡིན་མིན་བསམ་བློ་རྣལ་མ་གཏོང་དགོས་ཤིང་། གུང་བྲན་ཏང་གིས་རང་གི་རྩ་ཁྲིམས་ལག་བསྟར་བྱེད་སྟངས་ཐད་རྒྱལ་སྤྱིར་འགན་ཁུར་མི་དགོས་པའི་བྱེད་ཕྱོགས་ལ་ང་ཚོས་ངོས་ནས་དག་ཐེར་ཅི་ཞིག་བྱེད་རྒྱུ་དང་། རྒྱ་ནག་ཕྱོགས་ཀྱི་རྒྱུན་ཤེས་དང་རྒྱ་ནག་མི་མང་དང་ཤེས་ཡོན་ཅན་སོགས་ལ་ང་ཚོའི་ངོས་ནས་སྔར་མེད་སྲིད་བྱུས་གང་ཞིག་གིས་བོད་རྒྱ་ཞི་འགྲིག་ཡོང་བར་འབད་བརྩོན་གྱིས་མཐུན་ལམ་བྱེད་རྒྱུ་ནི་ཐོད་ལ་བབས་པའི་སྒྲུབ་བྱ་ཞིག་ཡིན་ཞིང་། ལས་གཞི་འདི་ནི་བོད་མི་མང་གི་དངོས་ཡོད་འཚོ་བ་ནས་མཐོང་རྒྱུ་ལས་ལྟ་གྲུབ་དང་འཆར་སྣང་ཁྲོད་ནས་ཅི་ལྟར་མཐོང་སྲིད། གལ་སྲིད་འདི་ལ་རི་བོང་རྡོ་བརྫུས་བྱས་ཏེ་འདུག་ན་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་བབ་དངོས་གནས་མ་མཁྱེན་པའི་ལན་ཞིང་། དཔལ་འབྱོར་ཉུང་ཙམ་གྱིས་ཁ་ལོ་བསྒྱུར་ཏེ་རྩ་དོན་ལ་ཁ་གྲགས་མི་ཤེས་པའི་བྱེས་བཞུགས་མི་མང་ལ་ཁྱད་གསོད་བྱས་པ་ཞིག་རེད།
ངས་བསམ་པར་བོད་རྒྱ་ཞི་མོལ་ནི་སྲིད་གཞུང་ངམ་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ཚོགས་སྡེ་ཞིག་གིས་བར་དཔང་གི་འགན་ཁུར་འོག རྒྱ་ནག་གི་རྩ་ཁྲིམས་འོག་ནས་བོད་ཀྱི་ཡུལ་དུས་གནས་བབ་དང་མཐུན་པའི་རང་སྐྱོང་བཅའ་ཁྲིམས་ཤིག་གསར་བཟོ་བྱས་ཏེ་ལག་ལེན་བསྟར་རྒྱུའི་ཆིངས་ཡིག་འཇོག་དགོས་པ་དེ་རེད། ཆིངས་ཡིག་དེར་མི་ལོ་རྒྱས་བཅད་ཀྱིས་རང་སྐྱོང་བཅའ་ཁྲིམས་ལག་ལེན་བསྲ་བརྟན་མ་ཆགས་པར་རྒྱལ་སྤྱིར་དེ་ལ་འགན་ཁུར་བྱེད་པའི་ཕྱི་སྡོད་བོད་མིའི་ཚོགས་པ་ཞིག་རྒྱུན་གནས་བྱེད་དགོས་ཤིང་། དེའི་ཚོགས་མི་བོད་ཀྱི་ཡུལ་མི་ཡིན་པ་ལས་རང་སྐྱོང་བཅའ་ཁྲིམས་འོག་གི་ལས་བྱེད་ཡིན་མི་ཆོག་ལ་བཅའ་ཁྲིམས་ཀྱི་ཕྱི་འབྲེལ་སྒྲིག་ཁྲིམས་རྣམས་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས། ཚོགས་པ་དེའི་འགན་ཁུར་ནི་རང་སྐྱོང་བཅའ་ཁྲིམས་ལག་བསྟར་གྱི་སྤྱིའི་གནོད་གཞི་དང་གེགས་རྡོ་བྱུང་འཕྲལ་རྒྱལ་སྤྱིར་ཞུ་འབུལ་བྱེད་རྒྱུ་ཁོ་ན་ཡིན་ཞིང་། རང་སྐྱོང་ལག་བསྟར་ལ་གནོད་གེགས་ཆེ་རིགས་བྱུང་ན་ཚོགས་པ་དེས་བོད་མི་རིགས་ཀྱི་ངོ་ཚབ་མཚོན་པའི་ཐོབ་ཐང་དང་འགན་ཁུར་ཆ་ཚང་བླངས་ཆོག་པའི་དོན་གནད་ཆ་ཚང་འཁོད་དགོས། གལ་སྲིད་རྒྱ་ནག་དང་མཉམ་ཏུ་ང་ཚོས་འདི་ལྟའི་ཆིངས་ཡིག་ཞིག་འཛམ་གླིང་ཡོངས་གྲགས་སུ་འཇོག་ཐུབ་ན། ཕྱི་སྡོད་བོད་མིའི་ཚོགས་པ་དེ་ཕུད་པས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་བོད་གཞུང་ཕྱིར་རང་ཡུལ་གངས་ལྗོངས་སུ་ཞབས་སོར་འཁོད་དགོས།
ང་རང་བོད་ཀྱི་མདུན་ལྗོངས་སུ་རྨི་ལམ་མང་པོ་ཡོད་པའི་སྐྱེས་བུ་ཉམ་ཆུང་ཞིག་ཡིན་ལ། ཉེ་སྔོན་དངོས་མཐོང་བྱུང་བའི་ཨ་རིའི་མི་རིགས་ནག་པོའི་སྲིད་འཛིན་འོས་ཐོབ་ཀྱིས་མདུན་དུ་ལྷག་པའི་བོད་ཀྱི་རྩ་དོན་ལ་སྙིང་སྟོབས་དང་མིག་ཆུ་མཉམ་ཏུ་གནང་བྱུང་། ལོ་རྒྱུས་ཀྱི་བདེན་དཔང་དེས། མི་རིགས་ཀྱི་ངོ་རྟགས་འབྱེད་ཆོས་སྐད་ཡིག གོམས་སྲོལ། ལོ་རྒྱུས། བསམ་བློའི་རིག་གཞུང་གི་འཕེལ་རིམ་སོགས་ལ་གཞི་རྩའི་རང་དབང་གི་ལྕགས་རི་དགོས་པ་དང་། རང་དབང་དེའི་དོན་སྙིང་དམངས་གཙོ་དང་། འདྲ་མཉམ། གུ་ཡངས་ཀྱི་ནོར་བུ་ལོན་པར་བཟོད་སྲན་གྱི་གོམ་འགྲིམས་ལྷོད་མེད་སྤོ་དགོས་པའི་ལམ་སྟོན་བྱས་བྱུང་། དེའི་ཕྱིར་བོད་ཕྱི་ནང་གི་ང་དང་ལོ་མཉམ་པའི་མི་རབས་གསར་བ་ཚོའི་བོད་ཀྱི་ངོ་རྟགས་ཐད་ལ་ང་རང་རྒྱུན་དུ་སེམས་འཚབ་ཡོང་གི་ཡོད། འདིས་ང་ལ་འགྲུབ་རྒྱུར་ལྷག་པའི་བོད་ཀྱི་མ་འོངས་པའི་རིང་ཐུང་སྟོན་གི་འདུག་ལ། ང་ཚོས་མཐའ་གཅིག་ཏུ་རྒྱ་ནག་དང་ཁ་བྲལ་བྱེད་རྒྱུར་བདམས་པ་ཡིན་ན་གོང་གི་ངོ་རྟགས་འདི་ང་ཚོའི་མིག་མདུན་ནས་རུལ་རྒྱུ་ཡིན་པའི་ངེས་ཚོར་བྱུང་། གང་ཡིན་ཞེ་ན། རྒྱ་ནག་གི་གཏིང་ནག་པོའི་གཡོ་བྱུས་འོག་ནར་སོན་པའི་མི་རབས་གསར་བ་དང་། ཕྱི་རྒྱལ་ཁག་ཏུ་སྐྱེས་པའི་བོད་ཀྱི་མི་རབས་གསར་བ་དང་གཞན་གྱི་མི་སེར་ཆགས་པའི་བོད་རིགས་ཚོས་གནད་དོན་འདི་བདེན་དཔང་བྱེད་བཞིན་འདུག སེམས་པའི་ལར་ཞེན་ལ་མི་རིགས་ཀྱི་ངོ་རྟགས་ཡོད་མེད་ཀྱིས་མི་གནོད་ཀྱང་། མི་རིགས་ཀྱི་ལུས་ཀྱི་ཕུང་བོ་བྱེ་བྲག་པར་ནད་ཀྱིས་ཟིན་ན། ང་ཚོས་ནད་གཞི་དེ་སྲོག་དབང་དུ་ཁྱབ་མི་ཐུབ་པའི་སྨན་གྱི་སྦྱོར་བ་ཚད་ལྡན་བསྟེན་དགོས་ཤིང་། ལྡོག་ཏུ་མེད་པའི་གོ་རིམ་གྱི་ཆོས་ཉིད་འདིས། ལམ་དབུ་མའི་བོད་སྐྱོབ་སྲིད་བྱུས་ནི་མཚུངས་ཟླ་མེད་པ་ཞིག་རེད།
མིའི་རྣམ་རིག་ནི་ཐོག་མ་ནས་ཚད་མེད་པ་ཞིག་མིན་ཞིང་། དེ་ལ་རྒྱུ་ཚོགས་ཀྱི་གྲོགས་ཡོད་ན་རྣམ་རིག་འཕེལ་རྒྱས་ལ་ང་ཚོ་ཡིད་ཞུམ་མི་དགོས། རང་བཞིན་གྱི་གནས་ལུགས་འདིས་ང་དང་ངའི་ཞབས་ཞུའི་ལས་རིམ་ལ་ངང་བརྒྱུད་རིང་བོའི་གོམ་འགྲིམས་ཚད་ལྡན་དགོས་པའི་སྐུལ་མ་བྱེད་ཀྱི་འདུག
ད་རེས་ཀྱི་ཚོགས་ཆེན་གྱི་འདི་བརྒྱུད་ནས་ངས་བོད་ཀྱི་འགོ་ཁྲིད་རྣམ་པ་དང་། ཤེས་ཡོན་ཅན་རྣམ་པའི་བོད་དོན་དགོངས་ཚུལ་དངོས་མ་དང་། སྒེར་གྱི་ཉིན་རེའི་འཚོ་བའི་ནང་གི་བོད་དོན་ཕྱག་ལས་གནང་སྟངས་ཀྱི་གོམས་ཤུགས། སེམས་པའི་ངོས་ཀྱི་བསུབ་ཀྱང་མི་སུབ་པའི་ལར་ཞེན་སོགས་ལ་འདྲིས་འདོད་དང་། ལྟ་འདོད། ཤེས་འདོད་ཀྱི་འདུན་པ་འགོག་མེད་དུ་ཡོང་གི་འདུག གང་ཡིན་ཞེ་ན། བོད་མི་རིགས་ཀྱི་སྲོག་རྩ་ཁྱེད་རྣམ་པའི་ཕྱག་ཏུ་གཏད་ཡོད་པས་རེད།
མཐའ་དོན་བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བཏང་བའི་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་གུས་འདུད་ཞུ་རྒྱུ་དང་། ད་བར་མི་རིགས་ཀྱི་དབུ་ཁྲིད་གནང་མཁན་འདིར་ཕེབས་ཚོགས་མི་ཡོངས་ལ་སྙིང་དབུས་ནས་གུས་འདུད་ཞུ་བཞིན་ཡོད། ཁྱེད་ཅག་གི་མཛད་འཕྲོ་མི་རབས་གསར་བའི་སྐྱོང་ཐུབ་པར་ཕྲན་ལ་ཡིད་ཆེས་རྣམ་དག་ཡོང་གི་འདུག་ལ། མི་རབས་གསར་བའི་མི་རིགས་འཐབ་རྩོད་ཀྱི་གཞི་རྩ་གོམས་སྲོལ་དང་དད་པའི་འཛིན་རྒྱུ་མིན་པར། སློབ་སྦྱོང་གི་གྲུབ་དོན་དང་བསམ་བློའི་ཤེས་བྱའི་འཛིན་ཐུབ་པར་དེ་བས་ཀྱང་ཡིད་ཆེས་གཙང་མ་བྱེད་བཞིན་ཡོད། ༸གོང་ས་མཆོག་སྐུ་ཚེ་བརྟན་ཅིང་། བོད་མི་རིགས་རྒྱལ་གྱུར་ཅིག།
བློ་བཟང་ཆོས་འབྱོར་ནས།
བོད་རྒྱལ་ལོ་ ༢༡༣༥ དབྱུག་ཟླ་བའི་དམར་ཕྱོགས་དགའ་བ་དང་པོ། ཕྱི་ལོ། ༢༠༠༠༨། ༨། ༡༧། ཉིན།
ལོ་ཆུང་ཆུང་སྐད་ཆ་བརྫིག་པོ་འདུག གནས་ལུགས་ཡོད་མེད་གཉིས་ཀ་འདུག ཡིན་ཡང་། ལོ་ན་འདི་འདྲའི་ཆུང་ཆུང་ཞིག་གིས་བོད་དོན་དུ་རྩོམ་ཡིག་འདི་འདྲ་འབྲི་ཐུབ་པ་དེ་ལྟར་དུ་གོ་གནས་ཡང་ངོས་ཅན་ཞིག་རེག་ཡོད་རྒྱུ་ན། འདི་ལྟ་བུ་གངས་ཅན་ཕོ་གསར་ཚོས་དངོས་ནས་བོད་དོན་ལག་ལེན་ཡོད་པ་ཞིག་བཤད་ཤེས་པ་ནང་བཞིན་ལག་ལེན་དུ་འཁེལ་ཐུབ་མཁན་ཞིག་ཡིན་རྒྱུ་ན། ད་གཟོད་བོད་པ་ཚང་གི་ཤོར་ལ་ཉེ་བས་བོད་དོན་འདི་ཡང་གསོན་པའི་རེ་བ་ཕྲན་བུ་ཞིག་ཡོད་མི་སྲིད་པ་གཏན་ནས་རེད་མི་འདུག ལོ་ན་ཆུང་ཆུང་ཉམ་མྱོང་མ་ཐོབ་པས་ངར་ཤུགས་ཀྱི་སྐད་ཆ་ཡང་མང་བོ་སླེབས་ཡོད་ངེས་རེད་འདུག་མོད། འོན་ཀྱང་། གནས་ལུགས་གང་ཙམ་ཡོད་པ་རེ་ཡང་བཤད་འདུག སྐད་ཆ་འདི་འདྲ་རྣ་བའི་གོ་མཁན་ནི་བོད་མི་མང་མང་ཤོས་ཡིན་རྒྱུ་ན། གཟོད་ནས་གྲོས་མོལ་རེ་བྱེད་རྒྱུ་ཡོད་པ་མ་ཟད། གྲོས་ཐོག་ལ་ཡང་འཇོག་རྒྱུ་རེ་ཟུང་ཡོད་ངེས་རེད། ཡིད་འཕངས་པ་ཞིག་ལ་བཤད་མཁན་དང་ཉན་མཁན་ཚང་མ་བོད་མི་ལ་སེམས་འཁུར་ཆེ་བས་བོད་མི་མི་ཉུང་བ་ཞིག་ཡིན་པ་ལས་བོད་མི་མང་རེད་མི་འདུག དེའི་སྟབས་ཀྱི་སྐད་ཆ་གང་མང་མང་ཞིག་བཤད་མཁན་དང་ཉན་མཁན་རེ་ཟུང་གི་རྩོད་གཞི་ལས་གང་ཡང་མེད་པར་འགྱུར་བཞིན་ཡོད། འདི་ནི་ངེད་ཅག་བོད་པ་ཚང་གི་ཕམ་ཁ་རེད།
༢༠༠༨ལོའི་ཉམས་མྱོང་ལས་ཐོབ་པའི་བསླབ་བྱ།
བདེན་པ་དང་དྲང་བདེན་ནི་ལྐོག་འགྱུར་རེད།
སྤྱི་ཟླ་གཉིས་པ་ནས་བོད་ཁྱོན་ཡོངས་ཀྱི་ས་ཁུལ་ཁག་ལ་རང་དབང་གི་ལས་འགུལ་སྤེལ་བ་དང་། དེ་དག་ལ་རྒྱ་གཞུང་གིས་ཡ་ང་བྲལ་བའི་རྡུང་རྡེག་བཏང་སོང་། རྒྱལ་སྤྱིའི་ས་ཁུལ་ཁག་ལ་བོད་མི་དང་བོད་མིའི་གྲོགས་པོ་ཚེས་བོད་ནང་གི་གནས་སྟངས་ལ་འགྱུར་བ་གཏོང་ཆེད་ལས་འགུལ་ཇི་ཙམ་སྤེལ་ཡང་། མཐའ་མ་བོད་པ་རྣམས་ཕམ་སོང་། རྒྱ་གཞུང་གིས་བོད་ནང་ལ་མི་གསོད་དགོས་པ་རྣམས་བསད་སོང་། བཙོན་ལ་འཇུག་དགོས་པ་རྣམས་བཅུག་སོང་། མནར་གཅོད་གཏོང་དགོས་པ་རྣམས་ཚད་ལས་འདས་པའི་མནར་གཅོད་བཏང་སོང་། ཕྱི་དང་ནང་གི་དཔུང་ཤུགས་ཇི་འདྲ་ཞིག་གིས་རྒྱ་ཡིས་དབང་ཤུགས་ལ་འགུལ་བ་གཏོང་ཐུབ་མ་སོང་།
དྲང་བདེན་དང་བདེན་པ་ཟེར་བ་འདི་ཇི་འདྲའི་བླུ་བྲིད་ཀྱི་གཏམ་ཞིག་རེད་ཨང་། བདེན་པ་དངོས་ནི་དཔལ་འབྱོར་དང་དམག་ཤུགས་ཀྱི་བདེན་པ་རེད། རྒྱ་ལ་བདེན་པ་ངོ་མ་དེ་གཉིས་ཡོད་པ་དེས་ཁོང་ཚོ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཚང་མས་བསུ་བ་བྱེད་པའི་གྲོགས་པོ་དང་། བོད་པ་རྣམས་བསུན་སྣང་དང་གཡོལ་དགོས་པའི་མི་ལ་ཐུག་འདུག
ཡིན་ནའི་ངེད་ཚོའི་སྲིད་གཞུང་དེས་བདེན་པ་དེ་གཉིས་རྩ་བ་ནས་ཁས་མི་ལེན་པར། དེ་ལས་མིའི་ཀླད་རྩ་དང་བརྒལ་བའི་བསམ་བློ་གཏོང་མཁན་ཤ་སྟག་གིས་སྲིད་དབང་འཛིན་ནས། ད་བར་གྲངས་བྱ་མང་པོ་ཞིག་རང་མེད་མི་མེད་དུ་འགྲོ་བའི་ལམ་གུ་གདོག་པོ་ཞིག་ལ་ཁྲིད་བཞིན་གདའ།
ངེད་ནས་འདི་ལ་དཔྱད་པ་བྱེད་པའི་ཚེ། རྒྱའི་དཔུང་ཤུགས་ནི་གཉིས་རང་སྟེ། དམག་ཤུགས་དང་དཔལ་འབྱོར་གྱི་ཤུགས་ཁོ་ན་རེད། ངེད་ཚོ་བོད་པ་ལ་འདི་གཉིས་རྩ་བ་ནས་མེད་སྟབས། སེམས་ཤུགས་དང་དད་པ། རྨོངས་དད་ག་ཚོད་ཆེ་ཡང་རྒྱའི་ཁ་གཏད་གཅོག་ཐུབ་མ་སོང་། འདིས་ང་མི་སྒེར་ལ་སློབ་གསོ་ཞིག་ཐེབས་པ་ནི་རང་ལ་སྟོབས་ཤུགས་མེད་ན། ལྷ་དང་ཆོས་སྐྱོང་ཟེར་བ་འདི་ཚོ་དངོས་ནས་ནུས་མེད་རེད།
ད་འདི་ཡིན་པ་ཤེས་བཞིན་དུ་ད་དུང་གནས་ཚུལ་འདིར་ཁས་ལེན་མ་བྱས་ན། ཇི་འདྲ་རེད། ད་རེས་དམིགས་བསལ་གྱི་ཚོགས་འདུ་འདིས་འདིའི་སྐོར་རྩ་བ་ནས་བཤད་མ་སོང་།
ཟུར་གནས་ཟེར་བ་ཡང་མིང་རེད་འདུག་ལ། བསམ་ཚུལ་ཡང་ཟུར་གནས་སུ་འབུད་དེ་འགན་འཁུར་མེད་པ་དང་རྒྱུ་མཚན་མེད་པ་ནས་ཡོད་པ་་ཅུང་ཙམ་འདུག་ཀྱང་ཤུགས་ཆེན་པོ་མི་འདུག ཡིན་ཡང་། རང་ལ་སྟོབས་ཤུགས་མེད་ན་ལྷ་དང་ཆོས་སྐྱོང་ཟེར་བ་ཡང་སྐྱག་རྫུན་རེད་ཟེར་བ་ནི་དྲང་བདེན་མ་ཡིན་པར་འདོད། གང་ཡིན་ཟེར་ན་ཁོ་རང་གི་ལྷ་དང་སྲུང་མ་ལ་བསང་གསོལ་ཡག་པོ་ཞིག་ཀྱང་བྱེད་མྱོང་མེད་ངེས་དུས། ཁོ་རང་གིས་ལྷ་དང་སྲུང་མ་ནུས་མེད་ཡིན་པ་ག་ལ་ཤེས། དེ་ལས་མི་འདི་ཚོས་རང་གི་མ་འཇོན་པར་ལྷ་དང་སྲུང་མ་ལ་ཡང་ངན་ཁག་འདྲི་བཞིན་འདུག་ཟེར་ན་འགྲིག་འགྲོ
ལྷ་ཀླུ་གཉན་གསུམ་ལགས།
ཁྱེད་ཀྱི་མིང་འདི་གོ་བ་ཙམ་གྱིས་ཡིད་ལ་སྦིར་སྦིར་བྱེད་པའི་སྐྱི་གཡའ་བའི་འཚོར་སྣང་ཞིག་ངོ་མ་སྦྱིན། ངས་བཤད་པ་ནི། ད་བར་བོད་པ་རྣམས་ཀྱིས་བློ་ལྷ་ལ་བཅོལ་ནས་བྱ་བ་མང་པོ་ྩམས་སོང་། ཡིན་ནའི་འབྲས་བུ་འདིར་གཟིགས་དང་། ད་ལྟ་དངོས་ཡོད་ཀྱི་གནས་ཚུལ་གཅིག་ཡོད་པ་ནི། ལྷ་གསོལ་མཁན་གྱི་བོད་པ་རྣམས་སྐྱབས་བཅོལ་དང་རྡུང་རྡེག་མྱོང་མཁན་དུ་འགྱུར་ཡོད། ལྷ་མེད་སྨྲ་བའི་གུང་ཁྲན་དེ་བོད་ཀྱི་རྒྱུ་ནོར་རྣམས་ལོངས་སྤྱོད་མཁན་དུ་འགྱུར་ཡོད།
ད་ཁྱེད་ཤོད་དང་། རྒྱུ་མཚན་སྟོན་དང་། དཔང་པོ་འབུད་དང་།
ཟུར་གནས་བ་ལགས། ཁྱེད་རང་ནི་དེ་འདྲའི་རྣམ་དོག་ཆེ་བ་ལ། ཁྱེད་རང་ལྷ་འདྲེ་གདོན་འགེགས་ཁ་ལ་ལེན་པ་ནས་ཇི་ལྟར་བརྟེན་དགོས་མིན་མི་ཤེས་མཁན་ཞིག་ཡིན་ཚོད་འདུག རྣམ་དོག་ཆེ་ལུགས་ལ་བལྟས་ན། ང་རང་ནི་ལྷ་ཀླུ་གཉན་གསུམ་ལ་བཀུར་མཁན་ཞིག་མིན་ལ། ལྷ་ཀླུ་གཉན་གསུམ་མི་ཤེས་པར་ལྷ་ཀླུ་གཉན་གསུམ་ལ་འཕྱ་དམོད་དང་ཟུར་ཟ་བྱེད་འདོད་ཀྱང་མེད་མཁན་ཞིག་ཡིན། ཁྱེད་རང་ལྟ་བུ་གང་མང་ཞིག་གིས་ལྷ་ཀླུ་གཉན་གསུམ་ལ་ངན་ཁག་འདྲི་བ་ལས་ལྷ་ཀླུ་གཉན་གསུམ་ཟེར་བ་ནི་གང་འདྲ་ཞིག་ཡིན་པ་ཡང་གསལ་བོ་ཤེས་ཀྱི་མེད་པར་ཅལ་འདྲོགས་བྱེད་པ་དང་ཟེར་འགྲོས་སུ་འགྲེང་བར་དགའ་མཁན་དག་ལ་གནས་ལུགས་ནི་དེ་བས་ཀྱང་མི་འགྲོ་ན། ངས་ནི་ལྷ་ཀླུ་གཉན་གསུམ་གྱིས་བོད་པ་ཚང་སྡུག་ལ་སྤྱར་མཁན་གྱི་གཏམ་རྒྱུད་ནི་རྒྱ་འདྲེ་ཟེར་བ་ཞིག་གི་གཏམ་ངན་དེ་མ་གཏོགས་གོ་མྱོང་མེད་ལ། བོད་པ་ཚང་གི་ལྷ་ཀླུ་གཉན་གསུམ་ལ་བློ་སེམས་རྩེ་གཅིག་གི་མཆོད་འབུལ་བྱས་མྱོང་བས་ལོ་རྒྱུས་ཡང་མི་ཤེས། འོན་ཀྱང་། ངས་ཤེས་པ་ནི་བོད་ཀྱི་མི་མང་བོ་ཁྱེད་དང་འདྲ་བ་དག་གིས་ལྷ་ཀླུ་གཉན་གསུམ་ཟེར་བ་ནི་གང་ཡང་མི་འཇོན་པས་གཟུགས་མེད་ཀྱི་རིགས་ཤིག་ལ་ངོས་འཛིན་བྱེད་བཞིན་པ་གསལ་བོ་ཤེས་སོང་། ཡིན་ཡང་། ང་རང་ནི་ཁྱེད་དང་འདྲ་བར་སེམས་ནང་ལྷ་ཀླུ་གཉན་གསུམ་གྱི་མིང་གོ་ན་མི་བདེ་བས་ཚོར་བ་ཡོད་མཁན་དེ་འདྲ་ཞིག་གཏན་ནས་མེད། རྒྱུ་མཚན་ནི་ང་རང་ཁྱེད་རང་ལྟ་བུ་ཤེས་ལ་མི་ཤེས་བས་མཚམས་ནས་ཐག་གཅོད་བྱེད་རྒྱུར་དགའ་བ་དང་ཧོལ་རྒྱུུགས་བྱེད་རྒྱུར་མི་དགའ། དེ་ལྟར་བྱེད། ལྷ་ཀླུ་གཉན་གསུམ་གྱི་མིང་གོ་ན་མི་བདེ་ན། ལྷ་ཀླུ་གཉན་གསུམ་ཟེར་བ་དེ་ཡོད་མེད་ལ་བསམ་བློ་བཏང་ནས་རང་རྒྱུད་དུ་དོགས་པ་བསྐྲུན་དགོས་དོན་མེད་དོ། དེ་ལྟར་སེམས་སུ་ངེས་པར་གྱིས་ཤིག་ཟུར་གནས་པ་རྒད་པོ་ལོ་ལོན་པོ།
རྩོམ་ཡིག་འདི་འབྲི་མཁན་བློ་བཟང་ཆོས་འབྱོར་ཟེར་བ་འདི་དགེ་འདུན་ཆོས་འཕེལ་གྱི་དང་བླངས་སྤྲུལ་སྐུའི་གྲས་ཀྱི་གཅིག་རེད་ཟེར་བཞིན་འདུག ཁྱོད་ཚོས་དེ་འདྲ་གོ་བྱུང་ངམ། མ་གཞི་རྩོམ་ཡིག་གླེང་བ་ནི་རྩོམ་པོ་གླེང་བ་ལས་གལ་ཆེ་མོད་འདིར་དྲི་བ་དེ་ྐློག་པ་པོ་ཚོར་འདོན་དགོས་བྱུང་སོང་།