དཔལ་རྡོར་ནས།
—————————-
དྲ་གྲོགས་རྣམ་པས་འདི་འཐུས་ཚང་དུ་གཏོང་བར་ཞུ།
༡ བོད་ཆོལ་ཁ་གསུམ་དུ་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ།
༢ པེ་ཅིང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་སྔ་གཞུག་ཏུ་རྒྱལ་སྤྱིའི་སྟེང་བོད་པ་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་སྐད་འབོད་དང་རྒྱལ་ཁབ་འགོ་ཁྲིད་མང་པོས་བོད་དོན་ལ་དོ་སྣང་གནང་བ།
༣ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཧྥ་རན་སི་དང་འཇར་མན་སོགས་ཀྱི་དབུ་ཁྲིད་ལ་མཇལ་འཕྲད་གནང་ནས་ཡུ་རོབ་གྲོས་ཚོགས་སུ་གཏམ་བཤད་གནང་སྟེ་རྒྱལ་སྤྱིའི་རྡིངས་ཆའི་སྟེང་མང་དུ་ཕེབས་པ།
༤ བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་དང་བརྒྱད་ཕ་གཉིས་གནང་སྟེ་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བཏོན་པ།
༥ བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ནས་བོད་དོན་ལས་འགུལ་ཡོངས་ལ་སྤྱི་ཁྱབ་བཀོད་འདོམས་གནང་བ།
༦ བོད་ཀྱི་གཞོན་ནུ་ཚོགས་པས་མདུན་བསྐྱོད་ལས་འགུལ་ཆེན་མོ་ཐེངས་གཉིས་པ་སྤེལ་བ་དང་། ཕྱིར་བོད་དུ་བསྐྱོད་པའི་ལས་འགུལ་མང་དུ་སྤེལ་བ།
༧ དམིགས་བསལ་ཚོགས་ཆེན་༢༠༠༨་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་འཚོགས་ཏེ་གྲོས་ཆོད་རབ་དང་རིམ་པ་བཞག་པ།
༨ རྒྱལ་བ་ཀརྨ་པ་ཐེངས་དང་པོར་ཨ་རིར་ཕེབས་ཏེ་མཛད་འཕྲིན་བསྐྱངས་པ།
༩ འཇིགས་བྲལ་དང་བོད་ནང་གསང་མྱུལ་ཟེར་བ་སོགས་ཀྱི་སྤུས་ཚད་མཐོ་བའི་གློག་བརྙན་བརྒྱུད་བོད་མིའི་མངོན་འདོད་གསལ་བོར་བསྟན་པ།
༡༠ རྩིས་འཁོར་ནང་བོད་ཡིག་གི་འཛམ་གླིང་གཅིག་གྱུར་ཡིག་གཟུགས་དར་ཁྱབ་ཕྱིན་ཏེ་བོད་ཡིག་གི་དྲ་གནས་མང་དུ་འཁྲུངས་པ་དང་། གློག་ཡིག་སོགས་སུ་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ།།
ཟླ་བཅུ་གཉིས་པའི་ཚེས་༡༤་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས།
༧གོང་ས་མཆོག་ལ་སྐུ་སྙུང་བཞེས་པ་དེ་གལ་ཆེན་མ་རེད་དམ། དེ་ན་ལྷོ་ཕྱོགས་ཀྱི་ཤང་བཟའ་སྤྲུལ་སྐུ་ཚང་གི་དབུ་ཁྲིད་དེ་ཕྱིར་བོད་ཡུལ་དུ་ལོག་པ་ཟེར་བ་དེ་ནི་གནས་ཚུལ་གལ་ཆེན་གྱི་འཁྲིས་སུ་མི་འཚུད་དམ། ད་དུང་བོད་ནང་དུ་ལོ་ངོ་བརྒྱད་བཅུ་གྱ་གཅིག་ཅན་གྱི་རྒད་པོ་ཞིག་བཙོན་ལ་བཅུགས་པ་དེ་དག་ཡང་གནད་དོན་ཆེན་པོ་མ་ཡིན་ནམ། འཛམ་གླིང་ལོ་རྒྱུས་སྟེང་གི་བཙོན་པ་ཆེ་ཤོས་ཤིག་བོད་དུ་བྱུང་བ་དེ་ནི་གནས་ཚུལ་གལ་ཆེན་མ་རེད་དམ།
ཀརྨ་པ་ཨ་རིར་ཕེབས་པ་དེ་ཅིའི་ཕྱིར་༢༠༠༨ལོའི་བོད་ཀྱི་དོན་ཆེན་ཞིག་ཏུ་བགྲངས་པ་ཡིན། རྒྱུ་མཚན་གསལ་བོ་ཞིག་ཤེས་ན་འདོད།
སྐུའི་གཅེན་པོ་ལྟག་འཚེར་རིན་པོ་ཆེ་དང་དགའ་ལྡན་ཁྲི་ཐོག་བརྒྱ་དང་བརྒྱད་པ་དགོངས་པ་རྫོགས་པ་གནས་ཚུལ་འགངས་ཆེན་ཞིག་རེད་བསམ། དེ་བཞིན་དུ་བོད་རང་སྐྱོང་ལྗོངས་སུ་ས་ཡོམ་བརྒྱབ་པ་དེའང་གནས་ཚུལ་འགངས་ཆེན་ཞིག་ཏུ་བརྩི་འོས་བསམ།
ཀརྨ་པ་ཕྱི་རྒྱལ་དུ་སོང་བ་དེ་དོན་ཆེན་ཅིག་ཏུ་བགྲང་འོས་པ་ཞིག་གང་ཡང་མ་རེད། སྤྱིར་བཏང་ཀརྨ་པས་ཆབ་སྲིད་ཀྱི་ལས་ཀ་མི་མཛད་རྒྱུའི་ལངས་ཕྱོགས་བཟུང་ཡོད་ཐོག་ད་ལོའི་ཨ་རིར་འགྲུལ་བཞུད་དེའི་སྐབས་སུ་ཡང་བོད་དོན་སྐོར་ལ་ཚིག་གཅིག་ཀྱང་གསུངས་མེད་པ་རེད།
སྤྱིར་བཏང་དཔལ་རྡོར་ལགས་ཀྱིས་གསུངས་པ་དེ་ཚོ་གལ་ཆེན་རེད་མོད། ཀརྨ་ཨ་རིར་ཕེབས་པ་དེ་གལ་ཆེན་ཞིག་ཏུ་མཐོང་གི་མི་འདུག གོང་དུ་དྲ་གྲོགས་རྣམས་ཀྱིས་གསུངས་པ་ལྟར། ཁོང་ཨ་རིར་ཕེབས་དུས་བོད་ནང་དུ་རྒྱ་ནག་གཞུང་གིས་མནར་གཅོད་དྲག་པོ་གཏོང་བཞིན་པའི་སྐབས་ཡིན་མོད། ཁོང་གིས་བོད་མི་རིགས་ཀྱི་དཀའ་སྡུག་ཐད་ཚིག་གཅིག་ཀྱང་གསུངས་མེད་པས། དེ་དམིགས་བསལ་གྱི་གནས་ཚུལ་གལ་ཆེན་ཞིག་མ་རེད། དེ་བས་རྒྱལ་གཅེས་དཔའ་བོ་བླ་བྲང་ཨ་ཁུ་འཇིགས་མེད་ལགས་ཀྱིས། དངོས་ཡོད་ཀྱི་གནས་ཚུལ་རྒྱལ་སྤྱིའི་ཐོག་བརྙན་འཕྲིན་བརྒྱུད་གསལ་བཤད་གནང་བ་དང་། བོད་ཕྱི་ནང་གཉིས་ཀྱི་བླ་སྤྲུལ་རྣམས་འཇམ་ཐེང་ངེར་སྡོད་པའི་སྐབས་འདིར་སྐུ་ཕྱོགས་ཤང་བཟའ་མཆོག་སྤྲུལ་རིན་པོ་ཆེས་བོད་དོན་ཆེད་རླབས་ཆེན་ལས་འགུལ་གྱི་སྣེ་ཁྲིད་གནང་བ། རྒྱ་གཞུང་གིས་གནོན་ཤུགས་ལ་མ་ལྟོས་པར་ཧྥ་རེན་སིའི་སྲིན་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ། ༧གོང་ས་མཆོག་གིས་ད་ལོའི་བོད་ཁྱིམ་སློབ་ཁྲིའི་དུས་སྟོན་མཛད་སྒོ་དང་། དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་། རིགས་གཅིག་རྐང་འཛིན་ཐད་བཀའ་སློབ་ནན་ཏན་གནང་བ་སོགས་ལོ་འདིའི་ནང་བྱུང་བའི་གནས་ཚུལ་གལ་ཆེན་དུ་བརྩི་དགོས་སྙམ།