གཡུ་དྲུག་དཀར། རྡ་ས།
ཞིང་བདག་ཚོའི་གཅེས་སེམས་ཀྱི་ཨ་ལོང་འཁོན་ཞིང་། རེ་ལྟོས་ཀྱི་མིག་ཟུང་ཅེར་ལ། རེ་སྨོན་གྱི་ས་བོན་འདེབས་ས། ལོ་འབྲས་སྨིན་ས།
འབྲས་ཞིང་ཁ། ཞིང་བདག་དག་གི་རྔུལ་ཆུས་མ་གཏོགས་མི་ནེམ་ཞིང་། ཆར་དུས་ཀྱི་ཆར་ཆུས་མ་གཏོགས་མི་ཁེངས་པའི་འབྲས་ཞིང་ཁ།
ཁྱོད་ཀྱི་རིང་ཐུང་དང་ཁ་ཞེང་ཆེ་ཆུང་ཇི་ལྟར་ཡང་། ཁྱོད་ཀྱི་མཐའ་ཚད་ནི་ཁྱིམ་ཚང་ཞིག་གི་འཚོ་བའི་མཐའ་རྒྱ་རེད་པས། ཞིང་ཚིགས་ཕྲ་མོ་དེ་དག རྒྱལ་མཚམས་ལྟར་གསལ་ཞིང་སྲུང་ལ། གཅེས་དགོས་པ་ཞིག་ཅི་ལ་མིན།
ནངས་སྔ་ལངས་དང་དགུང་ཕྱི་ཉལ་གྱིས་ཞིང་ཚིགས་ན་འགྲེང་ཞིང་། ཉི་མ་ཉིན་གང་བོར་རྔུལ་ནག་གཉའ་ལ་ཁུར། ས་ནག་འདོམ་ལ་སྦྱར་ནས་ཞིང་མཐའ་ནས་ཞིང་དཀྱིལ་དང་། ཞིང་དཀྱིལ་ནས་ཞིང་མཐའ་བར་སྐོར་གྱིན་པའི་ངལ་རྩོལ་གྱི་རི་མོ་ཡིས། འབྲས་ཞིང་ཁར་སྔོ་ལྡེམ་མེར་འཁྱིལ་བའི་ལོ་ཡག་དེ། ཞིང་བདག་ཅིག་གི་རྔུལ་ཆུས་བསགས་པའི་ལོ་རྒྱུས་ཀྱི་བྱུང་བ་གསལ་བོར་བཀོད་འདུག་ཨང་།
གླང་རྒན་གཉིས་དོར་བྱས་ཏེ། ཉྭ་སུག་ཀྱང་མཐོང་དཀའ་བའི་འདམ་བག་ཁྲོད། ས་ནག་དང་། ཆུ་ནག འདམ་ནག་གི་སྟེང་འོག་བརྗེས་ཏེ་ཁ་ལོ་སྐོར་དུས། ངོ་གདོང་ནག་རོག་གེར་རྒྱབ་ནས་འདེད་ཀྱིན་པའི་བདག་པོའི་ཁ་ཁྲིམས་དང་། དབྱུག་ཁྲིམས་ཅི་ཙམ་ཁུར་དགོས་པར་བསམ་ན། འབྲས་ཞིང་ཁ། མྱི་ཟོག་གཉིས་ཀའི་རྔུས་ཆུས་ཁེངས་སོང་བའི་མཚོ་མོ་དེ་ཡིན་ཆོག
སོན་སྤར་མོ་རེ་རེ་བཞིན་ས་ལ་བཏབས། ལྗང་མྱུག་སྡེབ་ཤོག་རེ་རེ་བཞིན་ས་ཐོག་ལ་བླངས། དེ་ནས་སླར་ཡང་མྱུ་གུ་རེ་རེ་བཞིན་ས་ལ་བཙུགས་ཏེ་གནམ་ལ་སློང་བའི་གོ་རིམ་སྟེ། འབྲས་ཞིང་ཁའི་ངལ་རྩོལ་ལྷག་མ་མང་པོ་མང་པོ་ཞིག སྟོན་ཚིགས་གཉིས་པའི་ཞིང་བདག་དག་གི་ཁུར་བོ་ལྕི་མོའོ།།
འབྲས་ཞིང་ཁ། ས་འདིའི་སྡུག་གི་མེ་ཕུང་གིས་བཞུས་པའི་འཚོ་ཚིས་སྣུམ་པོ། ཞིང་བདག་དག་གི་རུས་རྐང་ཕྱི་ལ་བཞུར་བའི་ཐོན་དངོས་སོ།།
འཚོ་ཚིས་མཚོན་པའི་ལྷུག་རྩོམ་སྙིང་རྗེ་བོ་ཞིག ཡིག་འབྲི་རེ་རེ་བཞིན་ཞིང་འབྲས་ནང་གི་ལྗང་ཏིག་ཏིག་གི་འབྲས་སྨྱིག་ཇེ་འདྲའི་མཛེས་ཞིང་ཡིད་དུ་འོང་བ་ཞིག་རེད་ཨང་།
འབྲས་ཞིང་ཁའི་ཁྲོད་ཀྱི་དཀའ་སྡུག་མིག་ལམ་དུ་ཁྲ་ལྷམ་མེར་ཤར་བྱུང་ལ།
འབྲས་ཞིང་ཁའི་བརྒྱུད་རིམ་ཆ་ཚང་ཡང་མིག་ལམ་དུ་མངོན་བྱུང་།
དེའི་ཕྱིར། འབྲས་རྡོག་གཅིག་པུ་དེ་ཡང་ཅི་འདྲའི་རྩ་ཆེན་པོ་ཞིག་མ་རེད་དམ།
དེའི་ཕྱིར། ངས་སྡེར་མའི་ནང་གི་འབྲས་རྡོག་རེ་རེ་ཁ་ལ་བླུག་ཐེངས་རེར།
དེའི་ཕྱིར། ངས་འབྲས་རྡོག་རེ་རེ་གད་སྙིགས་བླུག་སྣོད་དུ་འཕོ་ཐེངས་རེ་རེར།
འབྲས་ཞིང་ཁའི་གཏམ་རྒྱུད་དེར་ཕྱིར་དྲན་ཞིག་ཅིའི་ཕྱིར་མི་བྱེད།
ཨོའོ། གཡུ་དྲུག་དཀར། གཡུ་དྲུག་དམར། དེའི་མིང་སྙིང་རྗེ་པོ་ཞིག
དོ་ལོ་སྔོན་པོ་ཁ་དོག་མཚར་ན་ཡང་། །དྲུག་དཀར་གཡུ་དང་མཐུན་སྡེབ་ཅི་ལ་ཡོད།།
གཡུ་དྲུག་དཀར་ཡིན་ན་འདི་བྱི་ལི་རེད་དམ་བྱི་མོ་རེད། འདིའི་རྩོམ་ཡིག་འདི་ལས། སྔར་སློབ་ཆུང་སྐབས་སུ་བཏོན་མྱོང་བའི་འབྲས་ལྡོག་བདུན་ཞེས་པའི་སློབ་ཚན་དེ་ཡིད་ལ་ལྷང་ངེར་དྲན་བཅུགས་སོང་། གཅིག་བྱས་ན་མོའམ་ཁོ་ཡང་ང་ནང་བཞིན་སློབ་ཚན་དེ་དགེ་རྒན་གྱི་རྒྱུགས་པའི་འོག་ནས་བཏོན་མྱོང་ཡོད་སྲིད།
འབྲས་ཞིང་ཁ་འདིས་ངའི་འབྲས་ཞིང་ཁ་དེ་ཡང་ཡིད་ལ་འཁོར་བྱུང་ ཡིན་ཡང་ཁྱེད་ཀྱི་འབྲས་ཞིང་ཁ་འདེབས་བསྟངས་དེ་ ང་ཡི་འབྲས་ཞིང་ཁ་འདེབས་བསྟངས་དང་འདྲ་མི་གདའ་ ངས་འབྲས་འདེབས་བསྟངས་དེ་འབྲས་སོན་རོལ་གྱི་ནང་འཕེན་ནས་འདེབས་པ་ལས་ ལྗང་མྱུག་མྱུ་གུ་རེ་རེ་བཞིན་ས་ལ་བཙུགས་ཏེ་གནམ་ལ་སློང་བའི་འདེབས་དགོས་ལེ་དེ་མིན་ ཁྱེད་ཀྱི་འབྲས་དེ་དྲི་ཞིམ་སྣ་གཟུགས་རྒྱག་པའི་འབྲས་༼རྦསི་མ་ཏི༽ཟེར་བ་དེ་ཡིན་ལེ་འདྲ་ ཨ་ཚི་འབྲས་དེ་འདེབས་རྒྱུར་དེ་འདྲའི་དཀའ་ལས་ཡོད་ན་ ད་ང་ཚོས་ངོ་མ་འབྲས་རྡོག་གཅིག་ཀྱང་འཕྲོ་རླགས་གཏོང་ཉེན་ལེ་མ་རེད་ཡ་།
འབྲས་ཞིང་ཁའི་སྡུག་བསྔལ་བོད་ལ་མེད།
ནས་འབྲུ་རྩམ་བཟོ་སའི་ཞིང་ལ་སོམས།
བལ་མར་ཕྱུར་ཡོང་སའི་འཕྱུགས་རྣམས་སྐྱོངས།
དེ་གསུམ་གར་དགོས་ན་སྐྱབས་འགྲོ་གྱིས།
ད་ནས་བཟུང་རིང་བོ་མ་ཐོགས་པར་ཇོ་མོ་གླང་མ་༼གངས་མཐོན་མཐིང་རྒྱལ་མོའི༽སྟེང་དུ་ཡང་འབྲས་ས་ལི་འདེབས་པའི་དུས་ལ་སླེབས་རྒྱུ་རེད།