༡
ཆང་གིས་བཟི་རྗེས
ཁེར་རྐྱང་དུ་རོལ་དབྱངས་ལ་ཉན་པ་ཡིན
རོལ་དབྱངས་འདི་གཏིང་རིང་པོ་ཞིག་ནས་སམ་རྒྱང་རིང་པོ་ཞིག་ནས་གྲགས་འོང་གི
རོལ་དབྱངས་འདི་ཇེ་སྙན་ནས་ཇེ་སྙན་དུ་འགྲོ་བ་དང
སེམས་པ་ནི་ཇེ་ལྷོད་ནས་ཇེ་གཉོམ་དུ་གྱུར
ཐ་ན་མིག་ཀྱང་ཕྱེ་འདོད་མེད་པར་རོལ་དབྱངས་ལ་ཉན་ན་འདོད
༢
ངས་ཆང་འཐུང་ཐེངས་རེ་རེར
ཅི་ཡང་དྲན་མི་འདོད་མོད
འོན་ཀྱང ཆང་གིས་ཅུང་ཙམ་བཟི་རྗེས
ཨ་ཕ་དང་ཕུ་བོ་ཚོ་ཆང་གིས་བཟི་སྟངས་དེ་ངང་གིས་དྲན་འོང
ཨ་ཕ་བཟི་ན་ཨ་མས་སྐྱོར་བཞིན
ཕུ་བོ་བཟི་ན་སྲུ་མོ་དང་ཨ་ཅེ་ཚོས་སྐྱོར་ནས་སྒོ་ཕྱི་ནང་དང་གཅིན་ཐོག་ཏུ་ཁྲིད་བཞིན་པ་དེ་ཡང་ཡང་དྲན་འོང་གི
༣
ཆང་གིས་བཟི་རྗེས་ཨ་མ་དང་ཆུང་མ
སྲིང་མོ་ཚོས་ཕྱི་སྐྱོར་ནང་སྐྱོར་བྱས་ན་སྐྱིད་སྐྱིད་འདྲ་ཞིག་ཡིན་ནམ
ངས་གཏན་ནས་མི་ཤེས་ལ གཅིག་བྱས་ན་ནམ་ཡང་ཤེས་མི་སྲིད
༤
ཆང་གིས་མ་བཟི་བར་རོལ་དབྱངས་འདི་སྙན་མོ་ཞིག་ཡིན་ནམ
མ་གཞི་རོལ་དབྱངས་འདི་ཆེས་རྙིང་པ་ཞིག་ཡིན་པས་ན
ཆང་གིས་མ་བཟི་བར་ངས་ཉན་འདོད་མེད་ལ་ཉན་ཁོམ་ནི་དེ་བས་ཀྱང་མེད
འོན་ཏེ ཆང་གིས་བཟི་རྗེས ཆང་དང་རོལ་དབྱངས་འདི་གཉིས་ངའི་མཚན་མོའི་དགའ་རོགས་དང་ཡང་ན་སྐྱོ་རོགས་ཡིན་ནམ
༥
ཀྱེ______
ས་མཐའི་མི་ལོ་བཅུ་གསུམ་ནི་ཆང་ཧུབ་གང་གིས་བསྐྱེལ་སོང་ཨང
༦
ང་རོལ་དབྱངས་འདིའི་མགོ་ཁུངས་ཇི་བཞིན་ཆེས་གཏིང་ཟབ་ས་ཅིག་ཏུ་འཛུལ་ནས་ཁུ་སིམ་མེར་འདུག་ན་འདོད
ང་རོལ་དབྱངས་འདིའི་འགྱུར་ཁུག་ཇི་བཞིན་ཆེ་མཐོ་ས་ཞིག་ནས་རྔམ་རྔམ་བརྗིད་བརྗིད་ཀྱིས་འགྱིང་ན་འདོད
ང་རོལ་དབྱངས་འདིའི་ཆེས་མཐའ་མཇུག་གི་གཅོད་མཚམས་ཆད་པ་ཇི་བཞིན་ད་ལྟ་རང་འཇིག་སོང་ན་འདོད་དོ
༧
རོལ་དབྱངས་ལ་ཉན་ཚར་རྗེས
སྟོན་མཇུག་གི་རྩྭ་ཐང་དུ་གོམ་ཁ་ལྷོད་ཀྱིས་སྒྱུར་བཞིན་ང་གང་དུ་འགྲོ་ཨང
ཨ ངས་བྱང་ཐང་དུ་འབྲོང་རྒོད་ཁེར་རྐྱང་ཞིག་བག་ཡངས་ཀྱིས་རྒྱུ་བ་མཐོང་བྱུང་ཡ
༨
ལུག་ཤ་འཚང་ར་འདི་གནམ་ནས་ལྷུང་ཡོང་བ་མིན་པས་ངས་ཅིས་ཀྱང་ཟོས་ཚར་དགོས་བསམ་མོད
ཕ་ཡུལ་ནས་ཟ་རྐྱང་འཐུང་རྐྱང་ལ་བྱང་ཆུབ་པའི་ངས
སང་ཉིན་གྱི་ཞོགས་ཟས་སོགས་ཀྱང་ས་མཐའ་ནས་འཚོལ་དགོས་པས
ལྟོགས་སྐོམ་ལ་གོམ་པའི་ངའི་ལུག་ཤ་འདི་ཅི་ནས་ཀྱང་ཟ་འཕྲོས་ལུས་དགོས་སམ
ད་དུང་ཆང་འདི་ཡང་འཐུར་འཕྲོར་ལུས་ན་སྙམ
༩
ས་མཐའ་འདིར་ང་ལ་དབང་བ་ནི
རྙིང་ཧྲལ་དུ་གྱུར་བའི་དཔེ་དེབ་འདི་དག
ཆར་དུས་སུ་རང་གི་གཟུགས་ཕུང་ལས་ཀྱང་གཉོར་དཀའ་བ་ལ་ཨང
ཆར་རླུང་ཙམ་ཡང་ཁོག་དཀའ་བའི་ལྕགས་ཤོག་ཁང་ཁྱོག་འདི་ལ
དེ་འདྲའི་བརྩེ་བ་ཞིག་ཡོད་དོན་མེད་མོད
མི་ཚེ་ལ་བརྒྱུས་པའི་ས་མཐའི་དུས་ངན་འདི་ཅིས་ཀྱང་བསྐྱེལ་དགོས་པས་ན
ངས་ཁྱོད་ལ་བསྐྱར་སྒྲིག་དང་ཕྱི་དར་ཡང་ཡང་ལོས་གཏོང་ཡ
༡༠
ཞེན་ཆགས་གཅིག་ཀྱང་མེད་པའི་ས་མཐའ་འདིར
སེམས་པ་ལྷོད་དེ་འཁེན་ས་ཞིག་ཡོད་པས་སྐྱིད་ཅིང་བག་ལྷོད་པོ་ཡིན་མོད
ཉི་མ་ནུབ་ཏུ་ཞོགས་པ་འདི་ཧ་ཅང་བཞུད་མགྱོགས་པ་མཐོང་ན
ཀོ་ཐུམ་གྱིས་བསྡམས་པའི་ཟུག་གཟེར་དེ་སྙིང་ལ་ལྕིད
༡༡
ས་མཐའ་འདིར
སེམས་སྡུག་དུས་ཆང་རེ་འཐུང་བ་ཡིན
ཆང་འཐུང་ཐེངས་རེར་སེམས་སྡུག་ཡོང་གི
ཆང་གིས་ཅུང་བཟི་རྗེས
ལམ་འགྲམ་གྱི་རྒན་རྒོན་ཚོར་ལྟ་རུ་འགྲོ་དགོས
ཨོ དེ་རིང་ཚང་མ་ཁ་ཚང་རེད
༡༢
ལམ་འགྲམ་གཡས་གཡོན་གྱི་རྒན་རྒོན་འདི་ཚོ
ངའི་སེམས་རྟེན་ཡིན ངའི་རྒྱལ་རི་ཡིན
ཐར་མདོའི་མ་ཎི་དང་ཕྲེང་བ་ཟད་པོ་འཛིན་པའི་རྒན་རྒོན་འདི་ཚོས
རྒྱུན་པར་ཁ་ནས་ལོ་རྒྱུས་གླེང་བཞིན སེམས་ཀྱིས་རེ་སྒུག་བྱས་འདུག
ལོ་རྒྱུས་ཉམས་མྱོང་གིས་ཕྱུག་པའི་རྒན་རྒོན་འདི་ཚོ
ཕྱི་གླིང་བའི་པར་ཆས་གྱི་མཆུ་ཏོས་མ་གཏོགས་ངོ་མི་ཤེས
སྐྲ་ཟེར་ཚོས་སྨྱུ་གུས་མ་གཏོགས་བྲིས་མ་མྱོང་བའི་རྒན་རྒོན་ཚོ
ལམ་འགྲམ་ནས་ཉི་མ་འཁྱོལ་དཀའ་ཨང
༡༣
ལོ་རྒྱུས་ཤིག འདི་ལྟར་ས་མཐའ་ནས་ས་རུ་འཐིམ་གྱིན་འདུག
མི་རབས་ཤིག འདི་ལྟར་ས་མཐའ་ནས་རུས་ལ་འགྱུར་བཞིན་འདུག
རིག་གཞུང་ཞིག འདི་ལྟར་ས་མཐའ་ནས་གཞན་དུ་ཐིམ་གྱིན་འདུག
ཨ འཇིག་རྟེན་འདི འདི་ལྟར་འཇིག་གྱིན་པ་ཡིན་ནམ
འདི་ལྟར་འཇིག་དགོས་པ་ཡིན་ནམ
༼ཚར་མེད། མུ་འགོད་བྱ་རྩིས་ཡོད།༽
ངས་འདི་ནས་ཁ་བརྡ་ཚང་ལ་སྐད་ཞིག་འཇོག
ཁ་བརྡ་ཚང་ལགས། ཁྱེད་ཚང་ལ་རྩོམ་ཡིག་སྐུར་སའི་ཁ་བྱང་བརྟན་པོ་ཞིག་གློག་འཕྲིན་འདིའི་སྟེང་ལ་སྐུར་ཐུབ་ཀྱི་འདུག་གམ། མཚམས་རེར་རང་གི་བསམ་ཚུལ་དང་འབྲེལ་བའི་རྩོམ་ཆག་རེ་སྐུར་འདོད་ཆེན་པོ་ཡོད་ཀྱང་། དེང་སང་ཁྱེད་ཚང་ལ་རྩོམ་ཆག་རེ་ཟུང་ཡོད་པ་དེ་དག་འཕྲོད་ཐབས་ཤིག་འགྲིག་གི་མི་འདུག ངས་གློག་འཕྲིན་ཁ་བྱང་འདི་ཡིན། souloflove538@gmail.com
ཨ་རོགས་གཅན་བཟོད།
ཁྱེད་ཀྱིས་བཤད་སྟངས་ལ་བལྟས་ན་ཁྱེད་ཀྱིས་ཉན་བཞིན་པའི་རོལ་དབྱངས་དེ་ནི་དབྱངས་ཅན་མའི་ཕྱག་གི་རྒྱུ་མང་སྟོང་གི་སྒྲ་དབྱངས་ལས་ཀྱང་སྙན་པའི་སྙན་པོ་ཞིག་མེད་དམ་སྙམ་པ་ཞིག་སྟེར་འོང་བ་འདུག
ཨ་རོ། དངོས་ནས་རོལ་དབྱངས་དེ་ག་རེ་གི་རོལ་དབྱངས་རེད་ལགས།
ངས་ཐེངས་གཅིག་ཉན་ན་འགྲིག་གི་རེད་པས།
མདོ་ལྷ་ཁམས་པ་ལགས། ང་ཆུང་དུས་ནས་དབྱངས་ཅན་ལྷ་མོའི་མཚན་འདི་ཐོས་མྱོང་ཡོད། དེ་ཡང་ཐོས་ས་དེ་སྤོ་བོ་རྨོ་མོ་དང་ཕ་མ་སྤུན་མཆེད། དེ་ནས་དགེ་རྒན་དང་སློབ་གྲོགས་ཚོ། དེ་ནས་རྩོམ་ཡིག་འདྲ་མིན་སོགས་ནས་རིམ་པས་ཐོས་པ་ཡིན། འོན་ཀྱང་དབྱངས་ཅན་མའི་བུ་ཝང་ཟེར་ཐ་སྙད་འདི་ཐོས་པ་ལས་དབྱངས་ཅན་མའི་བུ་ཝང་གི་སྒྲ་ནི་ཐོས་མྱོང་མེད་ལ། ཕལ་ཆེར་ལས་དག་པ་ཞིག་གིས་ཐོས་ན་ལས་ང་ལྟ་བུས་བསྐལ་བར་ཐོོས་རྒྱུ་ཡོད་མེད་མི་ཤེས། འོན་ཀྱང་ངས་ནམ་རྒྱུན་ཉན་བཞིན་པའི་རོལ་དབྱངས་མིའི་བློ་གྲོས་ཀྱི་རྩལ་ལས་ཐོན་ཡོང་སྒྲ་དབྱངས་ཆེས་སྙན་མོ་ཞིག་སྟེ། དེ་ཡང་ངའི་མི་ཚེའི་འདིའི་རོལ་དབྱངས་ལ་ཉན་པ་དང་ཉན་ཤེས་པ། ཡང་ན་ཉན་དེ་ཚོར་བ་སྐྱེས་མྱོང་བའི་རོལ་དབྱངས་ཏེ། ཁ་སྙན་གྱི་སྙན་ངག་༼རོལ་དབྱངས་ཤིག་གི་བཞུར་རྒྱུན༽ཞེས་པ་ཡང་ངའི་ནམ་རྒྱུན་ཉན་བཞིན་པའི་རོལ་དབྱངས་དེ་དང་དམ་དུ་འབྲེལ་ནས་ཡོད་ཡ། ཨོ་རེད། ཁྱོས་ཉན་ན་ཨེ་ཆོག་ཟེར་ག ཉན་ན་ལོས་ཆོག གཤམ་གྱི་དྲ་ཚིགས་འདི་ཁ་ཕྱེ་རྗེས་ཅུང་ཙམ་སྡོད་དང་། ངས་ནམ་རྒྱུན་ཉན་གྱིན་པའི་རོལ་དབྱངས་དེ་ཆེས་གཏིང་རིང་པོ་ཞིག་ནས་བརྩེ་དུང་གིས་ཕྱུག་ཅིང་བྱམས་བརྩེ་ཡིས་བལྟམས་ཏེ་ཧ་ཅང་གཉོམ་པོ་དང་། དལ་བ་དལ་བའི་ངང་ཁྱོད་ཀྱི་སྙིང་གི་དཀྱིལ་དང་སེམས་ཀྱི་ཟབ་སར་འཛུལ་ཡོང་ངེས་ཡིན་ཡ། ༼http://www.wretch.cc/blog/vivi64/7119095༽
ཨོ་རེད། དྲྲ་ཚིགགས་འདི་དང་དེ་བཞིན་ཡིན་ལ། རོལ་དབྱངས་འདི་དང་ལྷན་དུ་དྲ་ཚིགས་འདི་ལའང་ཡང་ཡང་ལྟ་དགོས་ཀྱི་འདུག
ཨོ་རེད། སྙན་ངག་དང་རྩོམ་ཡིག་གང་ཞིག རོལ་དབྱངས་སོགས་ཅི་དང་གང་ལ་རོལ་མྱོང་བྱེད་སྐབས་རང་ཉིན་དེ་དང་ལྷན་དུ་ཡོད་པའམ་དེ་དམ་དུ་ཡོད་པའི་ཚོར་བ་ཞིག་གིས་རོལ་མྱོང་བྱོས་ན། སྙན་ངག་གང་དང་རོལ་དབྱངས་གང་ཡིན་པ་དེའི་རྩོམ་པ་པོ་དང་མཉམ་པའི་ཙོར་རེ་མྱོང་སྲིད་ལ། གཅིག་ཐང་ན་དེ་བས་ཀྱང་ལྷག་པའི་ཚོར་བའི་རོལ་མྱོང་བྱེད་ཐུབ་པའི་སྐབས་རེ་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། དེ་བས་ཉིད་ཀྱིད་རོལ་དབྱངས་འདི་ལ་ཉན་དུས་ཀྱང་ངེས་དུ་སེམས་ལྷོད་པོའི་ངང་ནས་མ་ཚར་བར་དུ་ཐེངས་གཅིག་ཉོན་དང་། ངའི་ཚོར་བའི་མགོ་ཁུངས་རེའང་རྙེད་སྲིད་ན་ཐང་ཡ། ཧ་ཧ་ཧ།
ཨ་རོགས་ཚོ་ ད་དབྱངས་ཅན་ལྷ་མོ་དེ་གཞས་མ་སྐད་དྲགས་ཆེ་ལེ་ཞིག་ཆགས་གདའ་ གཞས་མ་དབྱངས་ཅན་ལྷ་མོ་གཉིས་ཡོད་ལེ་རེད་ གཅིག་བོད་ལི་ཐང་དུ་གཞས་མ་དབྱངས་ཅན་ལྷ་མོ་དང་ གཞན་དེ་ཕྱི་རྒྱལ་ཨོསི་ཀྲོ་ལི་ཡ་དང་ ཨ་རིར་ཡོད་ལེ་རེད་ རེད་དེ་ ད་ངོ་མ་བྱས་ན་བོད་གཞས་སྙན་ཤོས་ནང་གི་སྙན་ཤོས་ དབྱངས་ཅན་ལྷ་མོ་གཉིས་པོ་བསྡོམས་ནས་བཏང་བ་ལས་ཀྱང་སྙན་པའི་གླུ་དེ་ བསོན་ནམས་དབང་མོས་ལེན་ལེ་རེད་ བསོད་ནམས་དབང་མོས་གླུ་རེ་གཏོང་ཡོང་དུས་ དབྱངས་ཅན་ལྷ་མོ་དྲན་པ་ཐོར་འགྲོ་ལེ་རེད་ཡ་ དེ་མི་ཚད་ ལྷ་མོ་དབྱངས་ཅན་མ་ཡང་བསོད་ནམས་དབང་མོའི་གཞས་ལ་ངོ་མ་ཧང་སང་ལེ་གི་ལྷ་ཡུལ་ནས་མི་ཡུལ་ལ་མར་འཕུར་གྲབ་འཕུར་གྲབ་བྱེད་ལེ་ཡོད་གདའ་མོ་།
ཆང་དང་ཐ་མཁའི་གཟི་རྗེས་།
ཤོ་བག་རྒྱན་རྩེད་ཀྱི་འཕུངས་རྗེས་།
རོལ་དབྱངས་དང་ནང་མ་ཁང་གིས་བསླུས་རྗེས་།
བརྙེད་དཀའི་མི་ལུས་རིན་པོ་ཆེ་དེ་རུལ་ནས་རྫོགས་།
ཀྭ་ཡེ་གཅན་བཟོད་རྒྱམ་།
ས་མཐའི་འཚོ་བར་དེ་ཙམ་འོད་སྣང་མེད་ཀྱང་སྐྱོ་བ་དང་ལྷན་དུ་ཉལ་ཐའམ་་ཆང་དེ་ཙམ་མ་འཐུང་།
འཇིག་རྟེན་ནི་འགྲན་རྩོད་ཀྱི་གར་སྟེགས་ཡིན་པས་འཁྲོབ་དང་ནམ་ཞིག་རྒྱལ་ངེས་ཡིན་། སྐབས་དེར་བསྐོར་ལམ་གྱི་མོ་མོ་ཚོས་འཛུམ་སྟོན་ལ་དཔོན་པོ་ཚོས་ཀྱང་འཛུམ་སྟོན་ངེས་ཡིན་ཡ་།
ནུ་ཁའི་ལྗང་ལོ་ལགས། ཁྱོད་ཀྱི་མིང་དེའི་དོན་ཅི་རེད། ང་ལ་གཅིག་བཤད་ན་ཨེ་ཆོག ཆང་དང་ཐ་མག་ནི་ངའི་སྙན་ངག་གི་ལྷ་མོ་ཡིན། མི་ཚེ་སྐྱིད་དང་མ་སྐྱིད་དེ་ནང་གི་བདེ་སྐྱིད་ཡོད་མེད་དེ་རེད། ང་མ་གཞི་ནས་འགྲན་རྩོད་ལ་མི་དགའ། འགྲན་རྩོད་མེད་པའི་འཚོ་བ། ང་ཆེས་དགའ་ས་དེ་ཡིན།
རྒད་པོ་འདིས་དེང་སང་རྩོམ་བྲིས་སྟངས་ལ་བལྟས་ཡོང་དུས་འཚོ་བ་ལ་ཡིད་ཐང་ཆད་ཡོད་པ་འདྲ། ཨ་རོགས་བཟོད་པ། དེང་སང་ཁའོ་རེ་ཡའི་མི་དེ་ཚོ་ལོག་ཚར་སོང་ངམ།
ཧ་ཧ་ཧ་ཧ།
ཟུར་མཁར་ཟེར་བ་ལས་ཟུར་ཁང་ཟེར་ན་ཅི་འདྲ། ང་ཚོའི་ལོ་རྒྱུས་ནང་ན་ཟུར་ཁར་ཟུར་ནས་བྲོས་སོང་བ་སོགས་ཧ་ཅང་མང་། ཁོ་རི་ཡའི་ཞི་མོ་མང་དུ་འགྲོ་གི་འདུག རྒྱུ་མཚན་ནི་དྷ་སའི་ཆར་དུས་རྫོགས་གྲབ་ཡོད་པས་དང་། ལ་དྭགས་སོགས་ཀྱི་ནམ་དུས་༼སེ་སེན༽ཡང་ཚར་ནས་འགྲོ་གི་ཡོད་པ་རེད། ཁྱོད་ཟ་ལེ་རྒྱ་ཞིག་མིན་ན་འདི་མོ་འདི་བཤད་ཀྱང་དོན་གོ་གི་མ་རེད། ངའི་སྙན་ངག་དག་ནི་ངའི་འཚོ་བ་དངོས་དེ་ཡིན་ངེས། བཀའ་དྲིན་ཆེ།