ལྷ་ཆབ་སྦྱིན་པ།
སྤར་མོའི་ཚིགས་གསུམ་གྱི་སྐས་ནས་ཡར་འབབ་མར་འབབ།།
མ་བུ་དགྲ་གྲོགས་ཀྱི་རྩ་བ་བློ་ལ་སྐྱོར་ན།།
འབྱུང་བོའི་ལོ་ཟླ་འདི་ཡང་ཡང་རྩིས་ལ་བབས་ནས།།
སང་ལོའི་བཀའ་སྤྱི་ཡི་འོས་ལ་བར་ཆད་འདུག་གོ།
དགྱ་ནག་སྐེག་ཟློག་གིས་ཐལ་མོ་ཇི་ལྟར་བརྡབས་ཀྱང་།།
སྲུང་མའི་གཏོར་ཟོར་གྱིས་དགྲ་ཁ་ཇི་ལྟར་བཀག་ཀྱང་།།
གཉན་པོ་གླུད་ཚོགས་ཀྱིས་ཕྱོགས་བཞིའི་སྒོ་ཆེན་བསྡམས་ཀྱང་།།
སང་ལོའི་བར་ཆད་འདི་ཟློག་ལ་དཀའ་སེ་འདུག་གོ།
བཀའ་ཁྲིའི་རྐུབ་སྟེགས་འདི་འབྱུང་བོའི་འདུ་རར་འདྲ་བྱུང་།།
ལྷ་སྲིན་སྡེ་བརྒྱད་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཀི།
ཉི་མ་རེ་རེ་ལ་འོས་གཞི་གཅིག་རེ་སླེབས་པ།།
བྱིན་རླབས་ཆེ་འདོད་ཀྱི་ལྷ་སྐུ་དེ་དང་འདྲ་བྱུང་།།
མ་འོངས་མངོན་དཔག་གི་ལས་འཆར་སྣ་གཅིག་མི་འདུག།
རྒྱལ་དོན་སྙིང་སྟོབས་ཀྱི་ཁ་གཡང་དེ་བས་མི་འདུག།
བཅུ་གསུམ་འཁོར་བཞག་ལ་བབས་པའི་བཀའ་ཁྲི་འདི་དག།
བྱེ་མའི་ལ་ཆེན་ལ་འགོ་བའི་རྔོན་པ་ཡིན་བཞག།
གཅིག་ལངས་གཉིས་ལངས་ཀྱི་རྫིག་ཉམས་འདི་ལ།།
མ་བུ་དགྲ་གྲོགས་ཀྱི་གསང་ལམ་ཕྱེས་འདུག།
གཅིག་སྔུན་གཅིག་གཅོད་ཀྱི་འཐབ་ཚུལ་འདི་ལ།།
དམག་དོན་བསྟན་བཅོས་ཤིག་ཡོད་ན་ཆོག་པ།།
གསང་ཆེན་རིག་མ་ཚོའི་ལྟེ་ཐག་སྦྲེལ་ནས།།
བུ་དང་བུ་མོ་ཚོ་ཕུ་ནུར་བསྒྲིགས་ཡོད།།
མི་མངོན་དབྱིངས་རིམ་གྱི་ལག་གདང་དེ་ཡིས།།
གཤིན་རྗེའི་འཕྲུལ་འཁོར་ཞིག་འདི་རུ་བསྐོར་བཞག།
སྤྱི་དོན་ཁ་འཁྱེར་གྱི་ལག་རྡུམ་དཔའ་བོས།།
མཚོན་ཆའི་དགྲ་སྟ་དེ་ཁ་ལ་བསྣམས་ནས།།
ནང་དམེའི་དམར་མཆོད་ཀྱི་གྲབས་ལ་ཆས་པ།།
ཆོལ་གསུམ་སྤྱི་འཐུས་དག་ཡོང་བའི་ངང་ཚུལ།།
ཤོག་ལྷེ་གྲུ་བཞི་འདིར་སྨྱུ་གུ་ཡང་ཡང་བཙུགས་ནས།།
ཁྱི་དང་སྤྱང་ཁུ་ཡི་མིང་ཡིག་འབྲི་བར་རྩོམ་ཚེ།།
མཇུག་མཐའི་འབབ་ས་དེ་རང་གི་ཚེ་སྲོག་ལགས་ན།།
མང་གཙོའི་ཁ་གཡང་དེར་ཁོ་ཐག་གཏིང་ནས་ཆད་ཡོང་།།
མ་ཡིས་བུ་ཆུང་གི་མིང་ཡིག་ཤར་སེ་བྲིས་ཤིང་།།
བུ་ཡིས་ཨ་མ་ལ་རེ་བ་བརྟན་པོར་བཅངས་པའི།།
དགྲ་མགོ་གནོན་ཐབས་ཀྱི་ས་འོག་དར་འཐག་འདི་ལ།།
སྤར་ཁ་བཅོ་བརྒྱད་ཀྱི་རྩིས་ཁྲ་ལྷང་ངེར་འདུག་གོ།
མ་བུ་དགྲ་གྲོགས་ཀྱི་རྩིས་མགོ་བསྒྲིགས་ཐེངས་ཤིག་གིས།།
ཤ་གསེང་རུས་གསེང་ལ་འདར་ཤ་ཐེངས་རེ་རྒྱག་གི།
གྲོགས་མེད་ཁེར་རྐྱང་གི་རྒྱལ་གཅེས་ལྷག་བསམ་འདི་ཡང་།།
ཁོ་བོའི་སྒེར་གཅོད་ཀྱི་ཁེ་དབང་ལོས་ཡིན་འདོད་ཀི།
སྟོན་པའི་ན་བཟའ་འདི་བྲིན་པའི་དུས་རབས་ཤིག་ལ།།
རྒྱལ་བོའི་བཅའ་ཁྲིམས་ཀྱང་འདུལ་བའི་ལུང་གིས་བསྟིམ་བཞག།
དུས་རབས་ཉེར་གཅིག་པའི་འགྲན་རྩོད་ཆེན་མོའི་ནང་དུ།།
འདུལ་འཛིན་དགེ་སློང་དག་ད་དུང་གོར་སེ་བསྡད་ཡོད།།
གྲོས་ཚོགས་ར་བ་འདི་དགོན་སྡེའི་ཆོས་གྲྭར་འདྲ་བྱུང་།།
རྐུབ་སྟེགས་རེ་རེར་ཡང་རིགས་ལམ་མཁན་པོ་བཞུགས་སོང་།།
སྲིད་དོན་རིགས་འཕྲུལ་གྱིས་སྒྲུབ་པའི་རྩོད་ར་འདི་རུ།།
བོད་མིའི་མངོན་འདོད་དག་གྱོད་དང་ཁ་མཆུ་རེད་བཞག།
བླ་རྒན་མགོ་དཀར་དེས་ཆོས་དང་འདུལ་བ་བཤད་ནས།།
འཐུས་མི་རྒན་རྒོན་དག་དྲང་སྲོང་ཆེན་པོར་བཞེངས་བཞག།
བཀའ་ཁྲི་གསར་བ་ལ་གཞོན་སྐྱེས་འཐུས་མི་དགོས་པ།།
ནམ་ལངས་ཉི་ཤར་བཞིན་ང་ཚོའི་མགོ་ལ་བབ་ཡོད།།
འཐེན་འཁྱེར་ཕྱོགས་འཛིན་གྱི་མཐོ་བོའི་ཁྲི་ལས་བབས་ཅིང་།།
མ་ཤེས་རྨོངས་འཐོམས་ཀྱི་དམའ་བོའི་གཤོང་ནས་ཐོན་པའི།།
བདག་དང་བདག་འདྲ་བའི་མི་རབས་གསར་བ་རྣམས་ཀྱིས།།
སང་ལོའི་བཀའ་སྤྱི་ལ་གཟབ་པའི་རོགས་དན་མཛོད་ཅིག།
2010 8 19 ལ་བྲིས།
ཁ་བྱང་རྒྱ་ཆེ་དྲགས་འདུག་ག
གླེན་པས་གླེན་པ་སྐྱོང་བའི་སློབ་རྭ་ཡི་ཕྱི་ན།
ཞར་རས་ཞར་ར་ཁྲིད་པའི་སྤྱི་ཚོགས་འདིའི་དབུས་ན།
འོན་པས་འོན་པ་འབོད་པའི་ཀུ་ཅོ་འདིའི་ཁྲོད་ན།
དཔྱོད་ཤེས་བློ་མིག་འདི་ཀོ་ལན་ཆགས་ཤིག་རེད་འདུག
གྲོགས་པོ་ལྷ་ཆབ་ལགས། རྒྱ་ནག་ནས་དར་བའི་འབྱུང་བའི་རྩིས་ཀྱི་རིག་པ་དེར་སྤར་ཁ་བརྒྱད་ཡོད་ཚུལ་ལས་བཅོ་བརྒྱད་ཡོད་ཚུལ་གཞུང་ཆེན་གང་དུའང་གསལ་དུ་མི་མཆིས། དེ་བཞིན་ཁྱེད་ཀྱིས་བྲིས་གནང་བའི་སྙན་ཚིག་དེ་ཟུར་མཁར་གྱིས་གསུངས་པ་ལྟར་གནད་དོན་ཧ་ཅང་མང་དག་སྟེང་རབ་རིབ་ལྟ་བུར་གླེང་བའི་ཚོར་བ་ཞིག་ཐོབ་བྱུང་།
དྲ་གྲོགས་ལྷ་ཆབ་སྦྱིན་པ་ལགས།
བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་ག་ཚོད་མང་ན་དེ་ཙམ་མང་ཚོགས་ལ་གདམ་བསྲེས་བྱེད་རྒྱུའི་ཁྱད་པར་དང་ཁེ་ཕན་ཞིག་ཡོད་སྟབས། ད་དུང་ཉིན་མ་རེ་ལ་བཀའ་ཁྲིའི་འོས་མི་གཅིག་ཙམ་མ་ཟད། གཉིས་གསུམ་ག་ཚོད་མང་ན་ཆོག་གི་ཡཱ།