བོད། ལྷ་ཀླུ་གཉན་གསུམ་ནས།
མིའི་ཡུལ་ཁམས་ཤིག་ག་དུས་ནས་ཆགས་པ་རེད། སྐབས་དེར་མི་སྐད་གང་འདྲ་ཞིག་བཤད་ཀྱི་ཡོད་པ་རེད། མི་སྐད་བཤད་ཤེས་པའི་མི་སྡེ་དང་བོ་དེ་ནི་གང་ནས་བྱུང་བ་རེད་དམ། མི་སྡེ་དེ་ཡི་ཡི་གེ་གང་ཡིན་ནམ། གང་ལྟར། དེ་ལྟར་མི་ཡུལ་ནས་མི་སྐད་བཤད་འགོ་བཙུགས་པ་རེད།
དེ་ནས་བཟུང་མི་རིགས་ཤིག་བྱུང་བ་རེད། མི་རིགས་དེ་ལ་ཡང་སྐད་ཡིག་བྱུང་བར་ཀུན་གྱིས་དེང་སང་ཁས་ལེན་གྱི་ཡོད་ལ། མི་རིགས་རེ་ལ་རང་ཉིད་ཀྱི་མི་རིགས་དེ་ཡི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པར་ཡིད་ཆེས་བྱེད་ལ། ལོ་རྒྱུས་དེ་ཡང་གཟི་བརྗིད་ལྡན་པ་དང་དོན་སྙིང་ཡོད་པ་ཤ་སྟག་དུ་གླེང་གི་ཡོད་ལ། གླེང་སྲོལ་དེ་ཡང་མི་རིགས་སོ་སོ་ནས་དེ་ནི་བདེན་པ་ཞིག་དུ་བརྩི་ལ། དེ་ལ་བཀུར་བསྟུ་བླ་མེད་བྱེད་ཀྱི་ཡོད།
ལོ་དུས་ནམ་ཞིག་དུ་མི་རིགས་སུ་ཞིག་འཛམ་གླིང་འདིའི་བདག་པོ་ངོ་མར་གྱུར་བ་ད་ལྟའི་བར་དུ་རྒྱལ་ཁབ་སུ་ལ་ཡང་བཤད་རྒྱུ་མེད་པ་ཡིན་ལ། ཡོད་དུ་གླེང་མཁན་ཡང་ད་ལྟའི་བར་དུ་སུ་ཡང་བྱུང་མེད་ཚོད་དུ་ཡིན། འོན་ཀྱང་། མི་རིགས་རེ་རེ་ནས་རང་ཉིད་ལ་ཡོད་པའི་བདེན་པ་གཅིག་ཡོད་པ་དེ་ནི་རང་མི་རིགས་ཀྱི་ལོ་རྒྱུས་ལ་ཁུངས་གཏུགས་བྱེད་པ་དེ་ཡིན། དེས་ན་ང་ཚོ་བོད་པ་རེད། དེ་རིང་བོད་ཡིག་འབྲི་མཁན་གྱི་བོད་པ་རེད། དེ་རིང་བོད་སྐད་བཤད་མཁན་གྱི་བོད་པ་རེད། དེ་རིང་རྒྱལ་ཁབ་མེད་པའི་བོད་པ་རེད། ཡིན་ཡང་། ང་ཚོ་ལ་ཁུངས་ལྡན་གྱི་ལོ་རྒྱུས་ཡོད་དམ། ང་ཚོ་ལ་ལོ་ངོ་སྟོང་ཕྲག་གི་གཟི་བརྗིད་ལྡན་པའི་སྐད་དང་ཡི་གེ་ཡོད་དམ།
འདི་ལྟར་བསམ་བློ་བཏང་དེ་འོང་དུས། ང་ཚོ་ཡང་འཛམ་གླིང་འདིའི་སྒང་གི་མི་རིགས་ཤིག་ཆགས་ཡོད་ལ། བོད་ཀྱི་སྐད་དང་ཡི་གེ་ཟེར་ནས་ལོག་སུ་སྟོན་རྒྱུ་ཡོད་ལ། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ཟེར་ནས་ཐུན་མོང་རང་བཞིན་གྱི་བག་ཆགས་དང་འབྱར་ནས་འོང་བའི་མི་རིགས་ཤིག་གིི་སྲོལ་རྒྱུན་མི་ཉུང་བ་ཞིག་ད་དུང་ཡང་གསོན་པར་གནས་ཙམ་ཡོད། དེ་དག་ལ་བདག་པོ་རྒྱགས་མཁན་ཡང་མི་རིགས་རང་ཉིད་ཡིན་དགོས་པ་དང་། དེ་དག་ལ་བདག་པོར་རྒྱགས་པར་ཡང་མི་རིགས་རང་ཉིད་ལ་འགན་འཁུར་ཡོད་པ་དང་དེ་དག་གི་བདག་དབང་རྩོད་ལེན་བྱེད་པར་མི་རིགས་རང་ཉིད་ལས་མི་རིགས་གཞན་སུ་ལ་ཡང་འགན་འཁུར་མེད་པ་ཀུན་གྱིས་ཤེས་གསལ་རེད་ལ། མི་རིགས་གཞན་དག་གིས་ཀྱང་དེ་ལྟར་ཁས་ལེན་བྱེད་ཀྱི་ཡོད་ལ། དེ་ལྟར་རྩོད་ལེན་ཡང་རང་གི་ཤ་ཁྲག་རུས་གསུམ་གྱིས་འགྲོ་སོང་བཏང་ནས་བྱེད་ཀྱི་ཡོད།
དེ་རིང་གི་ང་ཚོ་སྟེ། མི་རིགས་ཤིག་ཡིན་པ་ནི་ཀུན་ལ་བཤད་མི་དགོས་པར་ཇེ་གསལ་དུ་འགྲོ་བཞིན་ཡོད་ལ། ཆབ་བསྒྲགས་བྱེད་རྒྱུའི་དུས་ཚོད་ཀྱང་གཡོལ་ཟིན་པ་ཡིན། ད་ནི་རང་གིས་རང་ལ་བལྟས་དེ་ང་བོད་མི་ཡིན། ངས་རང་དོན་བྱེད་དགོས། ང་རང་བོད་དུ་སྐྱེ་བའི་དུས་རབསཉེར་གཅིག་པའི་ནང་གི་བོད་མི་ཞིག་ཡིན། ངས་རང་གི་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་ལ་བདག་པོ་རྒྱགས་དགོས། བོད་མི་རིགས་ཀྱི་འཆི་གསོན་ནི་ང་རང་གི་བླ་སྲོག་དང་འདྲེས་ནས་ཡོད། ང་ནི་ལས་དབང་གི་བོད་དུ་སྐྱེ་བ་དང་རྒྱུ་འབྲས་ཀྱིས་ངས་བོད་ལ་ཞབས་འདེགས་ཞུ་དགོས།
ངས་དེ་རིང་བོད་སྐད་བཤད། ངས་དེ་རིང་ནས་བོད་ཡིག་འབྲི། ངས་དེ་རིང་བོད་རིགས་གང་ན་སུ་ཡོད་པ་དག་ལ་སྤུན་ཟླའི་འདུ་ཤེས་མ་བརླག་པར་མཐུན་སྒྲིལ་བྱེད་པ་དང་སྐྱིད་སྡུག་མཉམ་མྱོང་གི་བགྲོ་གླེང་དང་། སྐྱིད་སྡུག་མཉམ་གནས་ཀྱི་ལག་ལེན་ལ་འབད། རང་གི་བུ་ཕྲུག་དང་ཆང་མ། རང་གི་ཕ་མ་དག་ལ་ཡང་ང་ཚོ་བོད་མི་ཡིན་པ་དང་བོད་སེམས་ཡོད་པ་ཁ་ནས་གླེང་བ་ལས་ཀྱང་ལག་ལེན་དུ་འཁེལ་བར་ཆེ་མ་ཆུང་གསུམ་ནས་འབད་བརྩོན་བྱེད་པར་སྐུལ་སློང་བྱེད། ཆབ་བསྒྲགས་བྱེད། བསྒྲགས་ཡིག་སྤྱོར། ཤ་དང་རུས་པའི་གསེང་ནས་ཀི་ཞིག་འདེབས། རང་ཉིད་བོད་པ་ཡིན་པའི་ཀི་ཞིག་འདེབས། རང་དོན་རང་གིས་བྱེད་པའི་ཀུ་ཞིག་འདེབས། རེ་བ་རང་ལ་བྱེད་པའི་ཀི་ཞིག་འདེབས། མགོ་སྐམ་ས་ལ་མ་བཞག་བར་དུ་བོད་མི་ཡིན་པའི་ཀི་ཞིག་འདེབས། བོད་མི་ཡོངས་ཀྱིས་གོ་བའི་ཀི་ཞིག་འདེབས། བོད་ཀྱི་ས་དང་གནམ་གྱི་གོ་བའི་ཀི་ཞིག་འདེབས། བོད་ཀྱི་རི་ཆུ་ནགས་གསུམ་གྱི་གོ་བའི་ཀི་ཞིག་འདེབས། བོད་ཀྱི་གངས་རི་དང་བྲག་རི། རྫ་རི་ཡོད་ཚད་ཀྱིས་གོ་བའི་ཀི་ཞིག་འདེབས། རྨོངས་མུན་གཉིད་ལས་སངས་པའི་ཀུ་ཞིག་འདེབས། ཉི་ཟླ་སྐར་གསུམ་གྱིས་གོ་བའི་ཀི་ཞིག་འདེབས། འཛམ་གླིང་སྐྱེ་འགྲོ་གཞན་གྱིས་བོད་མི་གོ་བའི་ཀི་ཞིག་འདེབས། བོད་དོན་བོད་མིས་འཇོན་པའི་ཀི་ཞིག་འདེབས།