དཔལ་ལྡན་རྒྱལ།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ། ཁེ་ན་ཌའི་ཝེན་ཁུ་ཝར་གྲོང་ཁྱེར་ནང་ཡོད་པའི་ British Columbiaསྦུ་རེ་ཐའེ་ཞི། ཀོ་ལམ་སྦི་ཡ། སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱིས་སྒྲིག་འོག ཟླ་བརྒྱད་པའི་ཚེས་༡༥ནས་༢༡བར་སློབ་གྲྭ་ཆེན་མོ་དེའི་ནང་འཚོགས་ཡོད་པ་རེད། ང་རང་ས་གནས་དེ་ལ་ཆེད་དུ་བཅར་ནས་ཉིན་གཉིས་རིང་གནས་ཚུལ་མཁོ་སྒྲུག་བྱས་པ་ཡིན། ཚོགས་ཆེན་དུ་བོད་དང་། རྒྱ་ནག་ནས་ཕེབས་པའི་མི་བཞི་བཅུ་ལྷག་ཐེ་བའི་འཛམ་གླིང་གི་རྒྱལ་ཁབ་༢༡་ནས་བོད་རིག་པར་ཞིབ་འཇུག་གནང་མཁན་མི་གྲངས་བཞི་བརྒྱ་ལྷག་འཛོམས་བྱུང་། ཞིབ་འཇུག་པ་ཚོ་ཚོགས་ཆུང་ཁག་བགོས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་སྒྲོག་སྦྱངས་དང་། བགྲོ་གླེང་གནང་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་འདུ་འདི་ལ་བོད་ནས་ཕེབས་མཁན་མི་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པའི་དབང་གིས་ཚོགས་འདུར་བཅར་ཐུབ་མི་འདུག
ད་ཐེངས་ཀྱི་ཚོགས་འདུའི་སྐོར་ལ་ Oxford སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble བཅར་འདྲི་ཞུས་བར་ཉན་རོགས།charles-ramble
ཡང་ད་ཐེངས་ཀྱི་ཚོགས་འདུའི་སྐོར་ལ། ཚོགས་འདུ་གོ་སྒྲིག་གནང་མཁན་British Columbia སྦུ་རེ་ཐའེ་ཞི། ཀོ་ལམ་སྦི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཤཀྱ་ལགས་སུ་བཅར་འདྲི་ཞུས་བའི་བརྙན་འཕྲིན་ལ་གཟིགས་རོགས
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱི་ངོ་བོ་དང་། མ་འོངས་པའི་མདུན་ལམ་སོགས་ཀྱི་ ཐད།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ། མཁས་དབང་མཁར་རྨེའུ་བསམ་བསྟན་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་བར་ཉན་རོགས།མཁར་རྨེའུ་བསམ་བསྟན་རྒྱལ་མཚན་ལགས་
ཡང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐོར་ལ།
ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling ལགས་སུ་བཅར་འདྲི་ཞུས་བར་ཉན་རོགས།elliot-sperling
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་འདི་ནི། ཕྱི་ལོ་༡༩༧༧ལོར་སིད་སིའི་བཟེ་རིག་གྲོང་ཁྱེར་ནང་གཞོན་སྐྱེས་ཁག་ཅིག་འཛོམས་ནས་བོད་རིག་པའི་ཞིབ་འཇུག་སྐོར་ལ་བགྲོ་གླེང་ཐོག་མ་གནང་བ་དང་། ༡༩༧༩ Oxford སློབ་གྲྭ་ཆེན་མོའི་ནང་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་རྒྱས་བ་ཞིག་འཚོགས་སྐབས་གཞུང་འབྲེལ་གྱིས། ༡༩༧༧ལོར་སིད་སིའི་བཟེ་རིག་གྲོང་ཁྱེར་ནང་འཛོམས་པ་དེ། ཚོགས་ཆེན་དང་པོར་ངོས་འཛིན་བྱས་ཡོད་པ་རེད། དེ་ནས་བཟུང་ལོ་གསུམ་རེའི་ནང་འཛམ་གླིང་གི་རྒྱལ་ཁབ་འདྲ་ནང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་རེར་འཚོགས་བཞིན ཡོད་པ་རེད།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐོག་གཞིས་བྱེས་བོད་བཞུགས་མཁས་དབང་དང་། ཕྱི་རྒྱལ་ཁག་ནས་ཕེབས་པའི་བོད་རིག་པའི་མཁས་པའི་མཚན་འཛིན་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་ཡག་པོ་ཞིག་ཡོད་ན་འདིར་འགོད་རོགས། ང་ཡིན་ན་ཆོས་རྒྱུད་སོ་སོའི་བསྟན་རྒྱས་སྨོན་ལམ་འདོན་པར་དགའ་བོ་ཡོད། ཆོས་རྒྱུད་གྲུབ་མཐའ་རང་རང་གི་བསྟན་པ་རྒྱས་པའི་སྨོན་ལམ་དེ་ཚོའི་ནང་དུ་རང་རང་གི་ཁྱད་ཆོས་དང་རེ་སྨོན་ཚང་མ་གནད་འདུས་པ་ཁ་གསལ་བོའི་ཐོག་ཏུ་ཡོང་གིན་འདུག དད་པ་དག་སྣང་སྐད་ཅིག་མ་རེ་ཡང་སྐྱེད་ཐུབ་ཀྱིན་འདུག བྱིན་རླབས་ཟེར་བ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ་པ་འདུག དེ་མིན་གཞུང་ཚན་གཅིག་བཀླགས་པ་དང་ལོ་རྒྱུས་དམ་དུམ་རེ་བཀླགས་རུང་སེམས་ལ་ཚོར་བ་འདྲ་བོ་བསྐྱེད་ཐུབ་མི་ཐུབ་པ་ཅི་རིགས་རེད་འདུག གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་ཞིག་ཚང་མས་མཉམ་དུ་བཏབ་ནས་མཚམས་བཞག་ན་ག་འདྲ་འདུག ཡང་བསྐྱར་བརྗོད་གཞི་འདི་འདྲ་གཞན་བྱུང་ན་གང་བྱུང་མང་བྱུང་བཤད་ཆོག་གི་རེད་བ།
དགོངས་དག་ངས་འགོད་ས་ནོར་སོང་། དགོངས་པ་མ་འཚོམས།
རྒན་ལགས།
ཚོགས་འདུ་འདི་ལོ་བཞི་རེའི་ཐོག་ཐེངས་རེ་ཚོགས་ཀྱི་འདུག
ང་རང་ཡང་ཚོགས་འདུ་འདི་ལ་ཞུགས་པ་ཡིན། ཚོགས་ཐེངས་འདིའི་ཐོག་གི་མྱོང་འཚོར་ཁ་ཤས་བྱུང་བའི་ཐོག་མ་ནི། བོད་ནས་ལོ་གཞོན་ཞིབ་འཇུག་པ་ཁ་ཤས་ཕེབས་ཐུབ་འདུག ཁོང་ཚོ་ལ་ལ་ནི་ལོ་གྲངས་༢༠ལྷག་ལས་བརྒལ་མི་འདུག་རུང་། ཞིབ་འཇུག་གི་ཆུ་ཚད་དང་རྩལ། དེ་བཞིན་རྣམ་དཔྱོད་ནི་ཤིན་དུ་མཐོན་པོ་རེད་འདུག
དེ་བཞིན། རྒྱ་གར་ནས་ཕེབས་པའི་རྒན་བཀྲིས་ཚེ་རིང་ལགས་ནི། ད་ལྟ་བོད་ཕྱི་ནང་གཉིས་ཀར་ཡོད་པའི་མཁས་དབང་སྐར་ཚོགས་ལྟ་བུ་ལས་ཉི་མ་ལྟ་བུར་བརྩིས། བོད་ནས་ཕེབས་པའི་མཁས་དབང་རྒན་འགྲས་ཤིག་གི་གསུངས་རྒྱུར། བོད་ལ་ཁོང་ལྟ་བུའི་ལོ་རྒྱུས་དང་ཆོས་འབྱུང་ལ་མཁས་པ་མི་སུ་ཡང་མེད་ཅེས་གསུངས། ད་དུང་བོད་ཀྱི་མཁས་དབང་དེས་གསུངས་རྒྱུར། “ཕྱི་ལོགས་ནས་ཁོང་ལྟ་བུ་ལ་བདག་པོ་ཡག་པོ་རྒྱག་དགོས། བོད་ནང་ལ་དེང་སང་མཁས་པ་རེ་གཉིས་བྱུང་ན། སྲིད་གཞུང་ནས་རྒྱུ་དངོས་སྦྱོར་གསུམ་གྱིས་བསླུད་ནས། མཁས་དབང་རྣམས་ཁོང་ཚོའི་ཞབས་ཕྱིར་་བསྐོངས། ཕྱི་ནས་དེ་ལྟར་མ་བྱུང་རུང་། ཁོང་ལ་རོགས་པ་ཕྲན་བུ་རེ་བྱེད་ཐུབ་ན་ལེགས་ཟེར།”
སྐད་ཡིག་དང་ས་གནས་སོ་སོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ལ་བོད་ནང་ནས་མང་བ་འདུག བོད་སྨན་གྱི་ཐོག་ལ་རྒྱ་གར་ནང་གི་སྨན་པ་རྣམས་ཉམས་མྱོང་དང་ཤེས་ཡོན་གཉིས་ཀ་ལེགས་པ་འདུག དཔེར་ན། ཝ་ར་ན་སིའི་རྒན་རག་རྡོ་བློ་བཟང་བསྟན་འཛིན་ལྟ་བུ། བོན་པོ་དང་ནང་རིགས་པའི་ཐད་ལ་ཕྱི་གླིང་གི་མཁས་དབང་ཚོ་མཁས་པ་འདུག དཔེར་ན། མཁས་དབང་ཇེ་ཧྥེ་རི་ཧོབ་སི་དང་ཇིན་སི་མི་ཐ་ལྟ་བུ།
ཚོགས་འདུ་འདིར་མཁས་དབང་མང་པོར་བློ་ཕམ་ཅུང་སྦྱིན་པའི་རྩོམ་ཡིག་གཉིས་བྱུང་སོང་། དང་པོ་དེ། སྣར་སྐྱིད་ངག་དབང་དོན་གྲུབ་ཞུ་བ་དེས། གོ་མིན་ཏང་གི་ཡིག་ཆ་ཞིག་རྒྱ་ཡིག་ལས་བསྒྱུར་བ་ཡིན་ཟེར་སྐད། “པན་ཆེན་སྐུ་འཕྲེང་དགུ་པས་གོ་མིན་ཏང་གི་འགོ་གཙོ་ཅང་ཀེ་ཤི་ལ་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པར་སྐྱོན་བརྗོད་བཅུ་བྱས་པའི་ཡི་གེ་ཕུལ་འདུག”ཟེར། ཁོང་གི་ཡིག་ཆ་དེའི་ཁུངས་དང་དཔང་པོ་འདོན་རྒྱུ་མིན་འདུག་ལ། དེ་ལ་ཞིབ་འཇུག་དང་བརྟག་དཔྱད་ཀྱི་ཁྱད་ཆོད་མིན་འདུག དེ་ལ་བོད་ནས་ཕེབས་པའི་མཁས་དབང་ཚོར་བློ་ཕམ་ཞིག་སྦྱིན་པ་ནི། རྡ་རམ་ས་ལའི་དབང་འཛིན་པ་ཚོས་ད་དུང་བཀྲ་ཤིས་ལྷུན་པོ་དང་དགའ་ལྡན་ཕོ་བྲང་གི་འཁོན་འཛིན་གྱི་དུག་དེ་བོད་པ་ན་གཞོན་རྣམས་ཀྱི་ཡིད་ལ་འདྲེན་པའི་ཟློས་གར་སྐྱུར་མོ་དེ་རེད། རྡ་རམ་ས་ལའི་དབང་འཛིན་པ་ཚོ་ཟེར་བའི་རྒྱུ་མཚན་ནི།སྣར་སྐྱིད་ངག་དབང་དོན་གྲུབ་ནི་དབུས་ཀྱི་སྐུ་དྲག་ཞིག་ཡིན་པ་དང་། ཁོང་ལོ་མང་རིང་རྒྱལ་བ་རིན་པོ་ཆེའི་འོག་ལ་ཕྱག་ལས་གནང་མཁན་ཞིག་རེད་འདུག བོད་ནས་ཕེབས་པའི་རྒྱ་གཞུང་གི་ལས་བྱེད་མཐོ་འགྲས་ཤིག་གི་བརྗོད་རྒྱུར། “རྒྱལ་བ་རིན་པོ་ཆེས་ཁོང་གི་རྩོམ་འདི་འདྲ་སྤེལ་གྱི་ཡོད་པ་མཁྱེན་གྱི་ཨེ་ཡོད། རྩོམ་འདི་འདྲས་ཤ་སྟག་བྲིས་ཡོང་ན་ང་ཚོར་གནོད་ཀྱི་རེད་”ཟེར།
བློ་ཕམ་ཅན་གྱི་རྩོམ་གཉིས་པ་དེ། པེ་ཅིང་བོད་ཀྱི་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་མོ་ཧོང་ཝུན་ཅན་ཟེར་བའི་རྩོམ་ཡིག་དེ་རེད། རྒྱ་མོ་དེ་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་ལས་བྱེད་དང་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་པ་དང་། ཁོ་མོའི་རྒྱབ་ལྗོངས་ནི་གཙོ་བོ་ཆབ་སྲིད་ཀྱི་ལས་ཀ་རེད། ཡིན་ནའང་། ད་རེས་ཁོ་མོས་བོད་སྨན་དང་དམངས་ཀྱི་
འཕྲོད་བསྟེན་ཟེར་བའི་རྩོམ་ཡིག་ཞིག་་བཀླགས་ནས། རྩོམ་ཡིག་འདིའི་དམིགས་ཡུལ་གཙོ་བོ་ནི། ཀྲུང་གོའི་ལྷུག་གཏོང་སྲིད་འཇུས་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་དྲིལ་བསྒྲགས་སྤེལ་བར་བྱེད། རྒྱ་མོ་དེ་ལ་བོད་སྨན་ཐོག་ལ་ཤེས་ཡོན་དང་ཉམས་མྱོང་ཅི་ཡང་མེད་བཞིན་དུ། བོད་ནང་ལ་བོད་སྨན་དང་འཕྲོད་བསྟེན་གྱི་བྱ་བ་མི་ཉུང་བ་སྤེལ་བའི་སྒྲུང་རིང་མོ་བཤད། དེ་ལ་ཚོགས་བཞུགས་པ་རྣམས་ཧོན་ཐོར། ཁོ་མོས་རྩོམ་ཡིག་གི་མཇུག་སྡོམ་ལ་འདི་ལྟར་བཤད་པ་འདིས་ཁྱེད་ཚོའི་བློ་ངོར་ཅི་ཤར།
“གུས་མོའི་བསམ་འཆར་ལ། མ་འོངས་པར། བོད་ནང་ལ་དགོན་པར་བཞུགས་པའི་དགེ་འདུན་པ་རྣམས་ལ་བོད་སྨན་དང་སྤྱི་ཚོགས་ཞབས་ཞུའི་སྦྱོང་བརྡར་སྤྲད་ནས། ཁོང་རྣམས་སྤྱི་ཚོགས་ཞབས་ཞུའི་དཔུང་ཁག་གཙོ་བོ་ཞིག་ལ་འགྱུར་དགོས།”ཟེར།
རྩོམ་འདི་མ་སྤེལ་བའི་ཟླ་ཤས་ཁོང་ལ། ཁམས་ཀྱི་ཡུ་ཤུལ་ལ་ས་ཡོམས་ཆེན་པོ་བྱུང་ཞིང་། དེ་ལ་མྱུར་སྐྱོབ་ཀྱི་བྱ་བ་སྒྲུབ་མཁན་དང་བླངས་དགེ་འདུན་པ་རྣམས་ལ་སྲིད་གཞུང་ནས་ཉེས་པ་ལྕི་མོ་སྦྱིན་ཡོད་པ་ནི། གསར་འགྱུར་ཁག་ནས་འཐོན་བཞིན་པས་སོ།
རྩོམ་སྒྲིག་པ་ལགས། གལ་ཏེ་ཁྱེད་ཀྱི་བློ་ལ་ཐད་ན། རྩོམ་འདི་དྲ་ངོས་ཐོག་འགེལ་རོགས། ཞུ་དག་ཡང་གཏོང་རོགས།
ཤེས་དགོས་པ་ཞིག་ལ། དེ་སྔ་སྣར་སྐྱིད་པས་བོད་གཞུང་དང་སྐུ་སྒེར་ཡིག་ཚང་དུ་ལས་ཀ་བྱས་མྱོང་ཡང་ཨ་རིར་གནས་སྡོད་བྱས་ཡོད་པའི་བོད་རིགས་ཀྱི་གྲས་ཡིན། རྩོམ་ཡིག་དེ་རྒྱ་ཡིག་ཏུ་སྒྱུར་མཁན་སུ་ཡིན་ནམ། ཡིན་ན་ཡང་སྐུ་ངོ་དང་སྐུ་དྲག་ཚོ་སྡིག་སེམས་ཆེ་བ་དེ་སྔའི་བོད་ཀྱི་ལོ་རྒྱུས་ལས་ཤེས་ཐུབ།
དྲྭ་གྲོགས་སྤོབས་པ་མཐའ་ཡས་ལགས་སུ།
གང་གི་བདེན་ཚིག་རྟེན་འབྲེལ་བསླུ་མེད་ཀྱིས། །གངས་ཅན་མགོན་པོ་རྒྱལ་བ་སྨན་རི་བའི། །མདོ་སྔགས་བསྟན་པའི་བ་དན་མངོན་མཐོ་ཞིང་། །སྲིད་མཐའི་བར་དུ་ཡུན་རིང་འབར་གྱུར་ཅིག །༸དུས་ཀུན་རྒྱལ་འདུས་མཉམ་མེད་ཤེས་རབ་རྒྱལ། །བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྡེ། །རྨད་བྱུང་འཕྲིན་ལས་ཟབ་མོ་ཕྱོགས་ཀུན་ཏུ། །ཡར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ཤིས་ཤོག །༸རྒྱལ་བའི་བསྟན་པ་ཉི་མའི་འོད། །ལྷག་པའི་འོད་ཟེར་ཕྱོགས་བརྒྱར་འཕྲོ། །བོན་གྱི་རྒྱལ་མཚན་ལེགས་པར་ཚུགས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཞྭ་དཀར་རིང་ལུགས་འཛིན་པ་ཡི། །འཕྲིན་ལས་གང་ཡང་འགྲུབ་བྱེད་པའི། །མ་བདུད་ལྕམ་དྲལ་རྣམས་ཀྱིས་ཀྱང་། བསྟན་པའི་རྒྱལ་མཚན་ཕྱོར་ཞིག་ཀྱེ། །
གོང་གི་བོན་བསྟན་རྒྱས་པའི་སྨོན་ལམ་དེ་བོན་གྱི་བླ་མ་སྐུ་མདུན་གཡུང་དྲུང་རྒྱལ་མཚན་ཞེས་པས་བྲིས་གནང་བ་ཞིག་རེད་འདུག་ལ། ཝ་རི་ཎ་སི་ནས་པར་བསྐྲུན་ཞུས་པའི་དེབ་སྔོན་པོ་བོན་གྱི་ཞལ་འདོན་ཕྱོགས་བསྡུས་ཞེས་པའི་ནང་དུ་འདུག འདིར་ཁོ་མོས་དྲྭ་གྲོགས་སྤོབས་པ་མཐའ་ཡས་ལ་མཁྱེན་རྟོགས་ཙམ་གྱི་ཆེད་དུ་བཤུས་པ་ཡིན། འོན་ཀྱང་གྲུབ་མཐའ་དང་ཆོས་རྒྱུད་སོ་སོའི་ལེགས་པའི་སྨོན་ལམ་འདེབས་སྐབས་ཕན་ཚུན་ཟུར་ཟ་སོགས་མི་མཛད་པར་སྨོན་ལམ་རང་གི་སྐོར་ལ་བསམ་ཚུལ་རེ་བཀོད་ཀྱང་འོས་པར་མཐོང་།
འོན་ཀྱང་སྤོབས་པ་ནས། ཁོང་གི་འཆན་དེ་འགོད་ས་ནོར་འདུག་ཅེས་བཤད། ངས་ནི་ཁོང་གི་འགོད་ས་ཞེས་པ་གང་དུ་ཡིན་མ་ངེས་པས་འདིར་རང་བཀོད་པ་ཡིན།
གངས་དཀར་ལྷ་མོ་ལགས།
ད་ཐེངས་ཚོགས་འདུར་ཕེབས་ཡོད་ན། དུས་ཐུང་ཤིག་ནང་མཇལ་ཡོད་པར་སྨོན། ཡིན་ནའང་། གངས་དཀར་ལྷ་མོ་ཟེར་བ་ཞིག་ལ་མཇལ་བ་དྲན་ཡུལ་དུ་མི་འདུག གཞུང་འབྲེལ་སྒྲིག་གཞི་ལྟར་ན། ཚོགས་འདུ་འདི་ལོ་གསུམ་རེའི་ནང་འཚོགས་དགོས་པ་འདྲ། ཡིན་ནའང་གནས་སྟངས་འདྲ་མིན་གྱི་རྐྱེན་གྱིས་ལོ་བཞི་རེའི་ནང་འཚོགས་པའི་གནས་ཚུལ་ཐེངས་ཁ་ཤས་བྱུང་འདུག རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་འདི་ཡང་ལོ་བཞིའི་མཚམས་ལ་མ་གཏོགས་ཚོགས་མ་ཐུབ་པ་རེད། ཚོགས་ཆེན་ཐེངས་བཅུ་བ་༢༠༠༣ ལོར་Oxford སློབ་གྲྭ་ཆེན་མོའི་ནང་འཚོགས་ཡོད་ལ། ཐེངས་བཅུ་གཅིག་པ་༢༠༠༦་འཇར་མན་ནང་འཚོགས་ཡོད་པ་རེད།