རྗེ་བཙུན་མི་ལའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ་བྱིན་གྱིས་རློབས་ཤིག
འདྲེ་མྱེ།
ཡུལ་འཁོར་བའི་གནས་ལུགས་རྟོགས་པ་མེད།།
བཀའ་དམ་ཆོས་དགོངས་པར་ཉམས་ལེན་མེད།།
ངག་བདེ་མོའི་གཏམ་ལ་ཡིད་ཆེས་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ངལ་གསོས་ནས་སྐྱིད་པོར་བསྡད་ལོངས་མེད།།
ངལ་མ་གསོས་བྱ་བ་བྱེད་རྒྱུ་མེད།།
བློ་རིག་པ་མ་བསྒྲིམ་ལྷོད་པ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
བཀའ་དབང་ལུང་མན་ངག་མ་ཞུས་མེད།།
དེས་སེམས་ལ་སྣུམ་ཐིག་བབ་པ་མེད།།
ཚུལ་དེ་ཡིས་བློ་སེམས་བདེ་མྱོང་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
གནས་བཅུ་ཕྲག་རིག་གནས་མ་སྦྱངས་མེད།།
སྦྱངས་ཟིན་པའི་དོན་རྣམས་ཤེས་པ་མེད།།
དེ་མེད་ཀྱང་བསྐྱར་སྦྱངས་བྱས་པ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ངས་ཤེས་པ་གཞན་ལ་བཤད་པ་མེད།།
གནད་མ་མཐུན་གཞན་ལ་རྩོད་པ་མེད།།
དོན་འདུས་པའི་གཞུང་ལུགས་རྩོམ་པ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
བཀའ་ཆོས་ཚུལ་རྟོགས་པའི་མཁས་ཉམས་མེད།།
ནང་དུལ་བས་རང་སེམས་བཙུན་པ་མེད།།
གཤིས་ཉོན་མོངས་དོར་བའི་བཟང་པ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
མང་འཁོར་དུ་བསྡུ་བའི་འཇོན་ཐང་མེད།།
གཞན་སྙིང་རྗེས་སྐྱོང་བའི་ལྷག་བསམ་མེད།།
དོན་གཡོ་སྒྱུ་འཁྲབ་པའི་ཟློས་གར་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ངའི་མདུན་ནས་འཁྲིད་པའི་ལམ་སྟོན་མེད།།
ངའི་རྒྱབ་ནས་སྐྱོང་བའི་དཔུང་གཉེན་མེད།།
ལས་བཟང་ངན་འབྱེད་པའི་དབྱེ་ཞིབ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ང་ཤི་རུང་གཉེན་གྱི་མིག་ཆུ་མེད།།
ང་མཚར་ཡང་དགྲ་ཡི་སྡང་སེམས་མེད།།
ང་འཁྱམས་ཀྱང་རྗེས་ནས་འཚོལ་མཁན་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ཚན་རིག་པའི་འཕྲུལ་ལ་དད་པ་མེད།།
བཀའ་དམ་པའི་ཆོས་ལ་ལོག་ལྟ་མེད།།
མོ་རྩིས་པའི་གཏམ་ལ་ཡིད་ཆེས་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
གྲོགས་གསར་པ་སྒྲིག་པའི་ཨ་གསར་མེད།།
གྲོགས་རྙིང་པ་དོར་བའི་སུན་སྣང་མེད།།
གྲོགས་ཕན་ཚུན་བར་ནས་མངོན་ལྐོག་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ངར་བསྟོད་པས་ཁོ་ལ་དགའ་བ་མེད།།
ངར་སྨད་པས་ཁོ་ལ་སྡང་བ་མེད།།
ངར་དོ་སྣང་ཡོད་ན་བསམ་པ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
གཞན་སྐྱོབ་པའི་ནུས་ཤུགས་ང་ལ་མེད།།
གཞན་བསླུ་བའི་ནུས་རྩལ་ང་ལ་མེད།།
རང་གཞན་གྱི་བར་ནས་ཚུལ་ཆོས་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
མཐོ་དཔོན་པོར་སྤྲེལ་ལད་འཁྲབ་པ་མེད།།
དམན་སྤྲང་པོ་སྡང་ཟུག་བསྟན་པ་མེད།།
དེའི་བར་ནས་རང་རློམ་འཁུར་བ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
གནས་རྒྱལ་ཁམས་འགྲིམས་པའི་རྣམ་དཔྱོད་མེད།།
གནས་གཅིག་ལ་སྡོད་པའི་བརྟན་ཚིགས་མེད།།
གནས་གང་ལ་དོ་སྣང་མེད་ས་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
དོན་ཡོད་པས་ནང་ནས་བསྡད་འདོད་མེད།།
དོན་མེད་པས་ཕྱི་ལ་འཁྱམས་འདོད་མེད།།
དོན་ཆེ་ཕྲའི་བྱ་བ་གཡུགས་འདོད་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
སྙིང་ཉེ་བའི་མི་རྣམས་བརྗེད་པ་མེད།།
བརྗེད་མེད་པའི་མི་ལ་ཕན་བཏགས་མེད།།
ཕན་མེད་པའི་སྐད་ཆ་བཤད་པ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
གནས་ཤེས་བྱ་མ་བཙལ་བསྡད་པ་མེད།།
བཙལ་ཟིན་པའི་གནས་རྣམས་ཤེས་པ་མེད།།
དེ་མེད་ཀྱང་རང་སེམས་སྐྱོ་བ་མེད།།
ངའི་མེད་པ་ཆོས་ཤིག་མི་ལ་རྗེ།།
ངའི་བཤད་པའི་གཏམ་ལ་རྫོགས་རྒྱུ་མེད།།
རྫོགས་མེད་པའི་གཏམ་ལ་སྙིང་བོ་མེད།།
དོན་སྙིང་བོ་མེད་པའི་སྐད་ཆ་འདི།།
རྗེ་མི་ལ་རས་པས་ད་ཆོས་ཤིག།