འཇིགས་མེད་ཟླ་བ།
—————
ཉལ་ཁྲིའི་སྟེང་ནས།
མདང་དགོང་མར་མ་ཉལ་བའི་སྔོན་ལ། བོད་ཀྱི་སྐད་ཡིག་་ཞེས་བའི་དྲ་ཚིགས་དེའི་ཁ་ཕྱེས། བོད་ནང་གི་རྩོམ་འབྲི་བ་ཚོའི་རྩོམ་ཡིག་འགའ་རེ་བྐླགས།
མི་ཉག་ལམ་རིང་ཞེས་བའི་གློག་བརྙག་འཁྲབ་ཚན་ཞིག་དྲ་ངོས་སུ་འདུག གློག་བརྙན་དེ་བཟོ་མཁན་རྒྱ་རིགས་ཤིག་རེད་འདུག འོན་ཀྱང་། གློག་བརྙན་འཁྲབ་མཁན་གྱི་མི་སྣ་མང་ཆེ་བ་བོད་པ་རེད་འདུག བོད་ཀྱི་གཞས་པ་གྲགས་ཅན་བདུད་བྷེ་དེའི་ནང་གི་གཅིག་རེད་འདུག
ད་དུང་གཞས་པ་གྲགས་ཅན་ཡ་དུང་དང་ཀུན་དགའ་སོགས་ཀྱིས་ཀྱང་གློག་བརྙན་འཁྲབ་ཀྱི་འདུག་ཞེས་གོ་ཐོས་བྱུང་། ངེད་ཀྱི་སེམས་ན་གསལ་ལྷེང་ངེར་ཡོད་པ་ནི་པད་མ་ཚེ་བརྟན་གྱི་འཁྲབ་གཞུང་ལྷིང་འཇགས་ཀྱི་མི་ཎི་རྡོ་འབུམ་ཞེས་པ་དེར་རྒྱལ་ནང་དང་རྒྱལ་སྤྱིར་བྱ་དགའ་རེག་སོང་། ད་དུང་བཀྲ་ཤིས་ཟླ་བས་རི་དྭགས་སྲུང་སྐྱོབ་གྱི་སྐོར་ནས་བཟོས་བའི་་གློག་བརྙན་དེར་ཡང་རྒྱལ་ནང་དང་རྒྱལ་སྤྱི་ནས་བྱ་དགའ་འཐོབ།
ངེད་ཀྱི་སེམས་ལ། བོད་ནང་གི་བོད་མི་འདི་ཚོས་མི་འཇོན་ན་མ་གཏོགས་རང་གིས་ནུས་ཚོད་ཀྱིས་ཕྱོགས་ཚང་མར་འཐམ་གྱིན་འདུག་སྙམ་པའི་ཚོར་བ་ཞིག་བྱུང་། འོན་ཀྱང་། བཙན་བྱོལ་དུ། རང་དབང་ཡོད་ས་རུ། འཛམ་གླིང་མཐོང་ས་རུ། གློག་བརྙན་སྐད་གྲགས་ཅན་ཞིག་བཟོ་བསྐྲུན་མ་ཐུབ་ཅི་རེད། བོད་པ་རང་གི་ངོས་ནས་བཟོས་བ་ཅུང་སྐད་གྲགས་ཡོད་པ་ནི་ཕོར་བ་དང་ལྷ་སའི་རྨི་ལམ་ལྟ་བུ་རེད།
གཞན་བསོད་ནམས་དབང་འདུས་ཀྱིས་འཁྲབ་བའི་གློག་བརྙན་དེ་གཉིས་དང་མི་ཚེ་ཟེར་བ་དེ་ཚོ་ནི་དེ་འདྲ་ཞིག་རེད། འོན་ཀྱང་། ཕྱི་རྒྱལ་བས་བཟོས་བའི་བོད་ནང་ལོ་བདུན་དང་སྐུ་མདུན་ལྟ་བུ་ཡིན་ན་སྐད་གྲགས་ཆགས་ཡོད་པ་རེད། ཉེ་ལམ་ཅུང་སྐད་གྲགས་ཡོད་པ་་དེ་འཇིགས་བྲལ་དང་བོད་ནང་དུ་གསང་མྱུལ་བ་གཉིས་རེད།
དེ་གཉིས་ལ་སྐད་གྲགས་ཆགས་ཀྱི་རེད། རྒྱུ་མཚན། ཚེ་སྲོག་ལ་མ་འཛེམས་པར་སོང་ནས་བཟོས་བ་རེད། གཞན། བཙན་བྱོལ་དུ་དབྱིན་བོད་རྒྱ་གསུམ་གྱི་གང་རུང་ལ་འཁྲབ་གཞུང་འབྲི་མཁན་དང་གློག་བརྙན་བཟོ་བསྐྲུན་བྱེད་མཁན་གྱི་ཆེད་ལས་པ་དཀོན་པོ་འདུག ྐླུ་སྨྱོན་ལྟ་བུས་སྔོན་མ་འཁྲབ་གཞུང་ཁ་ཤས་བོད་ཡིག་གི་ནང་ལ་བྲིས་ཡོད་སྙམ། འོན་ཀྱང། ཉེ་བའི་ལོ་ཤས་ནང་ཅང་མཐོང་རྒྱུ་མི་འདུག གཞན་འཇམ་ནོར་གྱི་ཞཱེ་ལོ་ཁུ་ཧཱོམ་སུའི་དཀྱིལ་འཁོར་ལྟ་བུ་གློག་བརྙན་བཟོ་ཐུབ་ན་དམིགས་བསལ་ཆགས་ཀྱི་རེད།
སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཟེར་བ་དེ་ག་འདྲ་ཡིན་ནམ། ད་དུང་ལག་ཏུ་རེག་མ་སོང་།
ཞོགས་ཟས་ཀྱི་རྗེས་སུ།
ངེད་ཀྱི་སྦྱངས་བྱ་གཙོ་བོ་དཔལ་འབྱོར་རིག་པའི་སྐོར་ལ་རེད། ནག་པང་དང་གློག་ྐླད། འཛིན་ཁང་དང་ྐློག་དེབ་བཅས་བེད་སྤྱད་ནས་དཔལ་འབྱོར་རིག་པའི་སྐོར་གྱི་གཞུང་ལུགས་སྦྱངས་ཀྱི་ཡོད་་པ་རེད། ཚང་མ་ངག་ཐོག་དང་ཡིག་ཐོག་ནས་རེད། ལག་ལེན་གྱི་ཐོན་ནས་མ་རེད།
དེ་རིང་སང་ཉིན་གྱི་འཛམ་གླིང་སྤྱིའི་དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཁག་ལ་ཡིག་ཐོག་ཏུ་ཡོད་པ་རྒྱལ་སྤྱིའི་དུས་བབ་དང་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་དུས་དེབ། གཞན་རྒྱལ་སྤྱིའི་བདུན་རེའི་དུས་དེབ་གསུམ་རེད། བར་གསེང་ནམ་ཡོད་ལ་ངེད་ཀྱིས་ྐློག་བཞིན་པའང་དེ་དག་རེད།
ངས་གཙོ་བོ་རྒྱ་ནག་གི་ཕྱོགས་ྐློག་གི་ཡོད། དེ་རིང་སང་ཉིན། རྒྱ་ནག་གིས་དཔལ་འབྱོར་གྱི་སྒྲོམ་གཞི་བཅོས་བསྒྱུར་སླད་ས་ཞིང་བཅོས་བསྒྱུར་གྱི་དཔལ་འབྱོར་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད། དཔལ་འབྱོར་གྱི་སྲིད་ཇུས་འདིས་ངེད་ཀྱི་མི་མང་གི་འཚོ་སྐལ་འཕྲོག་གི་འདུག ངེད་ཀྱི་མི་མང་དབུལ་བོ་བཟོ་གི་འདུག ངེད་ཀྱི་མི་མང་རྣམས་གྲོང་གསེབ་ནས་གྲོང་ཁྱེར་དུ་འདེད་ཀྱི་འདུག ངེད་ཀྱི་མི་མང་རྣམས་ལས་ཡོད་ནས་ལས་མེད་བཟོ་གི་འདུག དཔལ་འབྱོར་གྱི་ཁྲོམ་རྭ་ཆེན་མོ་འདིའི་འཁོར་བསྐྱོད་འོག། ངེད་ཀྱི་མི་མང་གིས་རང་གི་རིག་གཞུང་བརླགས། ཡུལ་སྲོལ་བོར། སྐད་ཡིག་བརླགས། ད་དུང་དེས་ག་ལ་ཚད། རྒྱ་ནག་གི་ཁྲོམ་རྭའི་དཔལ་འབྱོར་འདིས་ངེད་ཀྱི་མི་མང་གི་འཚོ་རྟེན་དང་ས་ཞིང་འཕྲོགས། རྒྱ་ནག་གི་ཁྲོམ་རྭའི་དཔལ་འབྱོར་གྱི་རླུང་འཚུབ་འདིས་ངེད་ཀྱི་མི་མང་རྣམས་གྲོང་གསེབ་ནས་གྲོང་ཁྱེར་ལ་འདེད་ཀྱི་འདུག་ལ་རྒྱ་ནག་ཆབ་སྲིད་ཀྱི་གཉའ་གནོན་དེས་ངེད་ཀྱིས་མི་མང་ཚོའི་རྨོངས་དད་བཅོམ་གྱི་འདུག ངེད་ཀྱི་མི་མང་རྣམས་གྲོང་གསེབ་ནས་གྲོང་ཁྱེར་ལ་དེད་ཅིང་ངེད་ཀྱི་མི་མང་ཚོའི་སེམས་ཀྱི་རྨོངས་དད་བརླགས་པ་ཡིན་ན། ངེད་ཀྱི་སྐད་ཡིག་དང་རིག་གཞུང་། འཚོ་རྟེན་བཅས་བརླག་རྒྱུར་ཡང་ལོ་ངོ་བཅུ་ཕྲུག་ཁ་ཤས་མ་གཏོགས་མི་འགོར།
ངེད་ཀྱིས་གསལ་བོ་ཞིག་དྲན་གྱི་མི་འདུག ཕལ་ཆེར་ངེད་ཀྱི་དྲ་གྲོགས་ཤིག་ཡིན། ཁོང་གིས་རྒྱ་ནག་གི་དངུལ་གྱི་འཛའ་དང་བོད་མིའི་འཚོ་བའི་དཀའ་ངལ་གྱི་སྐོར་ནས་གླེང་སློང་ཞིག་བྱས་ཡོད་སྙམ།
རྒྱལ་སྤྱིའི་ཁྲོམ་རྭའི་ཐོག་ན་རྒྱ་ནག་གི་དངུལ་གྱི་འཛའ་འཕར་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་། དཔལ་འབྱོར་རིག་པའི་ཐོག་ནས་བཤད་ན། དངུལ་གྱི་འཛའ་འཕར་བ་ཙམ་གྱིས་དཔལ་འབྱོར་གྱི་ཡར་རྒྱས་སུ་བགྲངས་མི་རུང་། གཙོ་བོ་རྒྱལ་ཁབ་དེའི་དཔལ་འབྱོར་གྱི་ལམ་ལུགས་ལ་བལྟ་རྒྱུ་གལ་ཆེན་པོ་ཆགས་ཀྱི་རེད། རྒྱལ་ཁབ་དེའི་དཔལ་འབྱོར་ལམ་ལུགས་དེ་ཁྲོམ་རྭའི་དཔལ་འབྱོར་ལམ་ལུགས་རེད་དམ་ཡང་ན་གཞུང་འཛིན་དཔལ་འབྱོར་ལམ་ལུགས་རེད་། ཡང་ན་མཉམ་བསྲེས་དཔལ་འབྱོར་ལམ་ལུགས་རེད།
རྒྱ་ནག་ལྟ་བུར་མཚོན་ན་། ཕྱི་ཕྱོགས་སྒོ་འབྱེད་བྱས་ནས་མི་ལོ་སུམ་ཅུ་ལྷག་དང་ཁྲོམ་རྭའི་དཔལ་འབྱོར་ལམ་ལུགས་ཀྱི་ཕྱོགས་སུ་བསྐྱོད་ནས་ལོ་ངོ་བཅུ་གྲངས་ཤིག་མ་གཏོགས་འགྲོ་གི་མེད། ཁྲོམ་རྭའི་དཔལ་འབྱོར་ལམ་ལུགས་ལ་མཚོན་ན་གཞུང་གི་ཐེ་ཇུས་དང་སྟངས་འཛིན་ཧ་ཅང་ཤུགས་ཆུང་ཆུང་ཡིན། དཔལ་འབྱོར་གྱི་མ་དངུལ་མང་ཆེ་བ་ཁེ་ལས་མཉམ་འབྲེལ་ཁག་དང་མཉམ་འབྲེལ་བཟོ་གྲ་ཁག་ མ་རྩ་མཉམ་འབྲེལ་གྱི་སྡེ་ཚན་ཁག་ མ་རྩ་མཉམ་འཇོག་་གི་ཚོང་ཤག་ཁག་ དངུལ་ཁང་ཁག་བཅས་གྱིས་ཁ་ལོ་བསྒྱུར་གྱི་ཡོད། འདི་ཚོ་གཅིག་ལ་གཅིག་བརྟེན་ལྟ་བུ་ཡིན། གཅིག་ཚགས་ཚུད་མ་ཡོང་ན་གཞན་དེ་ཚོ་ཡང་ཚགས་ཚུད་ཡོང་་དཀའ། རྒྱལ་སྤྱིའི་ཁྲོམ་རྭའི་ཐོག་རྒྱ་ནག་གི་དངུལ་གྱི་འཛའ་འཕར་བཞིན་པའི་གནད་དོན་ལ་བསམ་ན་ཡང་། དངུལ་གྱི་འཛའ་འཕར་བ་ཡིན་ན། རྒྱ་ནག་གི་ཚོང་ཤག་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་རྩ་ནས་སྔར་བཞིན་དངོས་ཟོག་འབོར་ཕོན་ཆེ་ཉོ་ཐུབ་ཀྱི་མ་རེད། རྒྱ་ནག་གི་དངོས་ཟོག་ཉོ་བའི་འབོར་ཉུང་དུ་འགྲོ་གི་རེད། རྒྱལ་སྤྱིའི་ཁྲོམ་རྭའི་ཐོག་རྒྱ་ནག་གི་དངོས་ཟོག་་ཕྱིར་འཚོང་གི་འབོར་མར་ཆགས་ཀྱི་་རེད། རྒྱ་ནག་གི་དངོས་ཟོག་ཕྱིར་འཚོང་འཕྲི་བ་ལ་བརྟེན་ནས་རྒྱལ་ནང་གི་བཟོ་གྲ་ཁག་གི་དངོས་ཟོག་ཐོན་སྐྱེད་གྱི་འབོར་མར་ཆགས་ཀྱི་ཡོད། དངོས་ཟོག་བོར་འདྲེན་ཡང་མར་ཆགས་ཀྱི་ཡོད། དངོས་ཟོག་དབོར་འདྲེན་དང་ཐོན་སྐྱེད་གཉིས་མར་ཆགས་པ་ལ་བརྟེན་ནས། བཟོ་གྲའི་ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་གྱི་ཡོད། ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་གཞུང་གི་དཔྱ་ཁྲལ་གྱི་ཡོང་འབབ་ཉུང་དུ་འགྲོ་བ་མ་ཟད་མི་སེར་རེ་རིའི་དངུལ་གྱི་སྤྱོད་སྒོ་ཆུང་དུ་འགྲོ་གི་རེད། ད་དུང་དེས་ག་ལ་ཚད། ད་ནི་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་ནས་དཀའ་ངལ་འཕྲད་འགོ་ཚུགས་ཀྱི་རེད། ལྷག་པར་དུ་ལས་བཟོ་བ་ཚོའི་ངོས་ནས་བཟོ་གྲ་དང་སྲིད་གཞུང་ལ་མ་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་གིན་ཡོད། རྒྱ་ནག་ལ་ཡང་དཀའ་ངལ་འདི་འཕྲད་བཞིན་ཡོད།
ཇ་ཁང་ཆུང་ཆུང་དེར།
ཉེ་ཆར་བོད་ཁྱིམ་དབུ་བརྙེས་བའི་དུས་དྲན་གྱི་ཐོག་ཏུ་༧གོང་ས་མཆོག་གིས་བཙན་བྱོལ་དུ་བོད་ཡིག་གི་་གནས་སྟངས་ཉམས་ཆག་འགྲོ་གི་ཡོད་ཚུལ་དང་ཤེས་རིག་སློབ་གསོ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཞེས་ནན་ཏན་དགོས་གསུངས་སོང་། ད་དུང་དེས་ག་ལ་ཚད།
༧གོང་ས་མཆོག་གིས་ཕྱི་རྒྱལ་ཁག་ན་ཡོད་་པའི་བོད་པའི་ཤེས་ཡོན་པ་ཚོས་བཀའ་ཤག་ལ་གཞོགས་འདེགས་བྱེད་དགོས་ཀྱི་འདུག་ཟེར། འདི་ངོ་མ་བདེན་པ་རེད། གསུངས་འདི་གཉིས་ཀ་བཙན་བྱོལ་ཚགས་ཚུད་དུ་གཏོང་ཐབས་རེད། བོད་ཀྱི་སྐད་རིག་ཡར་རྒྱས་གཏོང་མིན་དང་གཏོང་སྟངས་ཀྱི་ཐད་ལ་རྩོད་པ་མང་། རྩོད་པ་བརྒྱབ་ན་མ་བརྒྱབ་ན་དགེ་རྒན་དང་ྐློག་དེབ་གཉིས་གནད་དོན་གཙོ་བོ་ཡིན། དགེ་རྒན་སྤུས་དག་ཞིག་དགོས་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན། ད་ཕན་བཙན་བྱོལ་གྱི་བོད་ཡིག་གི་མཐོ་སློབ་རེ་གཉིས་ཡོད་པ་ཕར་ཕུད་པའི་གཞི་རིམ་སློབ་གྲ་ཁག་ཏུ་ནམ་རྒྱུན་བོད་ཡིག་ཐོག་མཁྱེན་རྒྱ་ཡོད་མཁན། རྩོམ་འབྲི་ཐུབ་མཁན། ཞིབ་འཇུག་གི་ལས་དོན་གཉེར་མཁན་ཚོས་དགེ་རྒན་མཐོང་དཀོན་པོ་རེད།
གཞི་རིམ་ཡག་པོ་ཞིག་མེད་ན་མཐོ་རིམ་དེ་ཡང་འཁྱར་འཁྱོར་ཞིག་མ་གཏོགས་ཡོང་གི་མ་རེད་སྙམ། བོད་ཡིག་ཡག་པོ་ཡོད་མཁན་དེས་དགེ་རྒན་མ་བྱས་ན་བོད་ཡིག་ཡག་་པོ་མེད་མཁན་ཞིག་གིས་དགེ་རྒན་བྱས་ནས་སློབ་ཕྲུག་གི་རྒྱུད་ལ་བོད་ཡིག་གི་བག་ཆགས་ཤིག་ཇི་ལྟར་འཇོག་ བོད་ཡིག་གི་གནས་ཚད་དང་རྨང་གཞི་ཡག་པོ་ཡོད་མཁན་ཚོས་བཙན་བྱོལ་ནང་གི་སློབ་གྲ་ཁག་ཏུ་བོད་དགེ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་འདུག གླ་ཕོགས་གཅིག་པོ་མ་བསམ་པར་ལས་འགན་འདི་ཕྲག་ལ་ལེན་དགོས་ཀྱི་འདུག མི་རིགས་འདིའི་མ་འོངས་པ་བསམ་ནས་བྱ་བ་འདི་བསྒྲུབ་འགོ་ཚུགས་དགོས་ཀྱི་འདུག ཁྱེད་ཀྱི་བུ་ཕྲུག་དང་བུ་ཕྲུག་ཚོའི་བུ་ཕྲུག་བསམ་ནས་བྱ་བ་དང་ལེན་བྱེད་དགོས་ཀྱི་འདུག དེས་ན། ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་བོད་མི་བོད་ཡིག་་གི་གནས་ཚད་མཐོ་བོ་ཡོད་མཁན་འདི་ཚོས་གཞི་རིམ་སློབ་གྲ་ཁག་ཏུ་དགེ་རྒན་བྱེད་དགོས་ཀྱི་འདུག མ་རེད་དམ། ད་དུང་འདི་གཅིག་པོ་མ་རེད། ཕྱི་རྒྱལ་ཁག་ན་ཡོད་པའི་མཁས་པ་དང་ཆེད་ལས་པ་ཚོས་བཀའ་ཤག་དང་གཞུང་ལ་གཞོགས་འདེགས་བྱེད་དགོས་ཀྱི་འདུག དུས་ནས་དུས་སུ་གཞོགས་འདེགས་བྱེད་དགོས་ཀྱི་འདུག འདི་ལྟར་བྱས་ན། ཡོང་རྒྱུར་བསྡད་པའི་བཙན་བྱོལ་གྱི་ལོ་ཟླ་དེ་དག་ཕན་མེད་འབྲས་མེད་ཆགས་ཀྱི་མ་རེད་བསམ། དེས་ན། འགན་འདི་ང་ཚོ་ཚང་མར་འདུག ངེད་ལ་འདུག་ལ་ཁྱེད་ལ་ཡང་འདུག མདོར་ན་འུ་གཉིས་ཀར་འདུག འུ་གཉིས་ཀས་འཁྱེར་དགོས་བའི་འགན་ཞིག་རེད།
གྲོང་ཁྱེར་གྱི་བཞི་མདོ་རུ།
མི་རྣམས་བྲེལ་འཚུབ་ཀྱི་ྐློང་ལ་ཚུད་པའི་བརྡ་འཕྲིན་རིག་གནས་ཀྱི་འཁོར་རྒྱུག་ཡངས་བའི་སྲང་ལམ་དེར། ང་སྲང་ལམ་གྱི་མི་ཚོགས་ལ་ཅེར་བཞིན། རང་གི་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་རྩ་ཐང་དྲན། སྡེ་འདབས་ཀྱི་ཆུ་ཕྲན་དྲན། མ་ཎི་ཁང་གི་སྒོ་འགྲམ་ན་ཉི་མར་ལྡེ་བའི་ལོ་ལོན་ཚོ་དྲན་། རི་མགོའི་དར་ལྕོག་དྲན། རི་མགོའི་ལུག་རྫི་དྲན། སེམས་པའི་གཏིང་ནས་དྲན།
i like to read this article.
མུ་མཐུད་དྲན་འཆར་སྤེལ་བར་དགའ་བསུ་ཞུ།
དྲན་འཆར་རེ་སྤེལ་ནས་ཁ་བརྡ་རེ་བྱོས་དང་། དེ་མིན་བསམ་ཚུལ་ཡིན་ཟེར་ནས་བྲིས་བ་ཡིན་ན། མི་མང་བོ་ཞིག་གི་ཁ་མི་ཁོམ་ཁོ་ཐག་ཡིན་ནི་རེད། ཨ་ལ་ཀུ་རེ་ཡིན། དྲན་འཆར་སྙིང་རྗེ་བོ་ཞིག་འདུག
གལ་སྲིད་བཙན་བྱོལ་ནང་དུ་གློག་བརྙན་འཁྲབ་མཁན་བྱུང་ན། དངུལ་གཏོང་མཁན་ཡོད་དམ། ང་རང་གློག་བརྙན་བལྟ་རྒྱུར་དགའ་བ་མཟད་འཁྲབ་རྒྱུར་ཡང་དགའ།
དངུལ་གཏོང་མཁན་གྱི་སྦྱིན་བདག་འདྲ་ཡོད་དམ།
དགེ་རྒན་ལ་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད་ནའང་། ལྟ་བ་མཁྲེགས་པོ་ཡིན་ན་ཡག་པོ་མི་འདུག། བོད་ནས་སླེབས་བའི་བོད་ཡིག་ཡག་པོ་དེ་ཚོ་མགོ་མཁྲེགས་པོ་རྡོ་འདྲ་བོ་འདུགདབྱིན་ཡིག་དང་ཧིན་རྡིའི་སྐད་ལ་སྐྱོ་བོ་འདུག་པ་མ་ཟད་དེང་རབས་ཀྱི་སློབ་སྦྱོང་སྐྱོ་བོ་འདུག བོད་ཡིག་གཅིག་པོ་ཡག་པོ་ཡོད་ན་འགྲིག་གི་མི་འདུག གཙོ་བོ་དེང་སང་གི་སློབ་སྦྱོང་ཡང་ཡག་པོ་ཡོད་དགོས།
རང་ལུགས་མེད་མཁན་གྱི་མི་གང་མང་མང་ཞིག་སློབ་གྲ་དག་གི་དགེ་རྒན་དུ་འདེམས་བསྒྲིགས་བྱས་དེ་ལོ་ངོ་སུམ་བཅུ་འདས་པས་དེ་རིང་ང་ཚོ་ལ་གྱོང་རྒུད་ཐེབས་པ་ལས། བོད་ཡིག་ཤེས་མཁན་གྱི་ལྟ་བ་མཁྲེགས་པོ་དེ་ཚོ་དགེ་རྒན་དུ་མ་བཞག་པར་བོད་ཀྱི་མ་འོངས་སོན་རྩ་དེ་དག་གི་བོད་ཡིག་གི་ཤེས་ཚད་གང་མཐོར་སོང་ཡོད་མེད་དེ་ལ་ད་ལོ་༧གོང་ས་མཆོག་གིས་སྡོམ་ཚིགས་དང་བློ་ཕམ་གནང་བ་དེ་ནི་གང་ལ་ཡང་འགྱུར་ཆོག་ཆོག་གི་བོད་ཡིག་གི་ཆུ་ཚད་ཞན་པས་དབྱིན་ཡིག་དང་ཧིན་རྡིའི་ཤེས་མཁན་དེ་དག་གི་བཞག་པས་བྱས་རྗེས་མ་ཡིན་ནམ། ད་དུང་ཡང་མུ་མཐུད་དུ་བོད་ཡིག་ཤེས་མཁན་ལ་ལྟ་བ་མཁྲེགས་པོ་འདུག་ཟེར་ནས་དམའ་འབེབས་དང་བརྩི་མཐོང་མེད་པས་སྐད་ཆ་དེ་དག་བཤད་བསྡད་ན། མུ་མཐུད་དུ་བོད་པ་ཚང་གི་བཙན་བྱོལ་བས་བོད་ཡིག་གི་ཤེས་ཚད་སྐྱོ་ནས་སྐྱོ་རུ་འགྲོ་བ་དང་ནམ་ཞིག་བོད་ཡིག་ནི་སློབ་གྲ་ཁག་དུ་སློབ་བཞིན་ཡོད་པས་མིང་ཞིག་ལས་གང་ཡང་མི་ལུས་ཁོ་ཐག་ཡིན། དེ་ལས་བོད་པ་བོད་ཡིག་ཤེས་མཁན་དག་ལ་གོ་སྐབས་མང་བོ་ཞིག་སྤྲད་དེ་བོད་ཡིག་གི་སྲོག་རྩ་ཤོར་ལ་ཉེ་བས་བཙན་བྱོལ་བོད་ཀྱི་སློབ་གྲ་ཁག་ལ་བོད་ནས་སླེབས་པས་བོད་ཡིག་ཤེས་མཁན་གང་མང་ཞིག་སློབ་གྲ་ཁག་ལ་གཏོང་ཐུབ་ན་དངོས་ནས་ཡག་པོ་རེད། དབྱིན་ཡིག་དང་ཧིན་རྡིའི་ཁྲིད་མཁན་ནི་ཕལ་ཆེར་དཀའ་ལས་ཁག་འདོག་མ་རེད།
བོད་ཡིག་ལ་ཡག་པོ་ཡོད་མཁན་ཚང་མ་ལྟ་བ་མཁྲེགས་པོ་རེད་ལབ་ཀྱི་མེད། འོན་ཀྱང་། བོད་ཡིག་ལ་ཡག་པོ་ཡོད་མཁན་དེ་ཚོ་དེང་རབས་ཀྱི་སློབ་སྦྱོང་ཡག་པོ་མི་འདུག
ཕྱི་ལོག་གི་ཆབ་སྲིད་ཀྱི་གནས་ཚུལ་ཡག་པོ་མཁྱེན་གྱི་མི་འདུག དཔེར་ན། ང་ཚོའི་བོད་དགེ་རྒན་པ་སངས་ལགས་ལ་མཚོན་ན། བོད་ཡིག་ཡག་པོ་ཡོད་རེད། འོན་ཀྱང་། ལྟ་བ་མཁྲེགས་པོ་རྡོ་འདྲ་བོ་ཡོད་རེད།
ཁོང་གིས་ག་རེ་གསུངས་ན་དེ་ཡིན་དགོས་རེད། ང་ཚོས་རྩོད་པ་བརྒྱབ་ཆོག་གི་མ་རེད། རྩོད་པ་བརྒྱབ་ན་ཁོང་ཁྲོ་ལང་གི་རེད། ལམ་སེང་སློབ་ཕྲུག་ལ་ཚིག་ནག་པོ་དེ་འདྲ་ལབ་ཡོང་གི་རེད།
དེ་ཡག་པོ་རེད་དམ།
ང་ཚོའི་སློབ་གྲའི་ཆོས་དགེ་དེ་བོད་ཡིག་ལ་ཡག་པོ་ཡོད་རེད། འོན་ཀྱང་། ལྟ་བ་མཁྲེགས་པོ་རྡོ་འདྲ་བོ་འདུག
སློབ་ཕྲུག་ཚང་མ་དགའ་གི་མ་རེད། ང་ཡང་དགའ་གི་མེད། ཁོང་གི་སྣང་བར་མ་སོང་ན། སློབ་ཕྲུག་ལ་དོན་མེད་དུ་གཅར་རྡུང་བྱེད་ཀྱི་རེད།
ང་ཚོར་བོད་ཡིག་དགེ་རྒན་དེ་འདྲ་དགོས་ཀྱི་མེད།
དྲ་གྲོགས། ལྷ་ྐླུ་གཉན་གསུམ་གྱིས་གསུངས་བ་དེ་དངོས་བདེན་རེད། བོད་ཡིག་ཡག་པོ་ཡོད་མཁན་དེ་ཚོ་མེད་ཙང་། སློབ་ཕྲུག་ཚོའི་བོད་ཡིག་གི་གནས་ཚད་མ་འཁྱོངས་བ་རེད།
ངས་བལྟས་ན་དགེ་རྒན་གྱི་ཤེས་ཡོན་སྐྱོ་བ་ལ་བརྟེན་ནས་སློབ་ཕྲུག་ཚོའི་བོད་ཡིག་ཤེས་ཚད་ཡག་པོ་མ་བྱུང་བ་མ་རེད་སྙམ། དེ་ནི་གཙོ་བོ་སློབ་གསོའི་བྱེད་ཐབས་དང་སློབ་དེབ། གཞན་ཁོར་ཡུག་སོགས་མང་པོ་ཞིག་ལ་ཐུག་ཡོད་པ་རེད་སྙམ། མ་མཐའ་ཡང་སློབ་གསོའི་བྱེད་ཐབས་དང་སློབ་དེབ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་པ་རེད།
༧དང་༨པས་ལན་དུ། ཁྱེད་རང་གི་མཐོང་བ་ནི་བོད་དགེ་གཅིག་གཉིས་ཤིག་ཡིན་ལ། དེ་དག་ཡང་བོད་ཡིག་གི་ཤེས་ཚད་ཡོད་པ་རྐྱང་རྐྱང་ཡིན་པར་བཤད་ཐུབ་ཀྱི་མེད། ཁྱེད་རང་གི་བོད་དགེ་གཅིག་གཉིས་ཤིག་ལ་མ་དགའ་བ་དེ་ཙམ་གྱིས་བོད་ཡིག་ཤེས་མཁན་ཚང་མ་སྡུག་ཅག་ཡིན་པ་མཚོན་མི་ཐུབ་ལ་བོད་ཡིག་གི་ཤེས་ཚད་ཡོད་པ་ཞིག་ཡིན་པ་ཡང་དེ་བས་ཀྱང་བཤད་ཐུབ་ཀྱི་མེད། ལྷག་པར་དུ་བོད་ཡིག་ཤེས་མཁན་ཚང་མ་ལ་ཕྱི་ལོག་གི་གནས་ཚུལ་མི་ཤེས་པ་རྐྱང་རྐྱང་ཡིན་མི་དགོས། གལ་ཏེ། ཁྱེད་རང་གི་ང་ལ་དགེ་རྒན་དེ་འདྲ་མི་དགོས་ཟེར་ནས་མི་གཅིག་ལ་བཤད་ཀྱི་ཡོད་ན་ནི་འགྲིག་གི་རེད། མི་གཅིག་གིས་བྱས་ཉེས་ལ་བལྟས་དེ་ང་རང་ལ་བོད་ཡིག་དགེ་རྒན་མི་དགོས་ཟེར་ན་ནི་ཁྱེད་རང་བོད་པ་ཞིག་གིས་རང་ཉིད་ལ་བོད་ཡིག་མི་དགོས་ཟེར་གྱི་ཡོད་པ་ཡིན་པས། ཁྱེད་ཀྱིས་རང་རིགས་ཀྱི་སྐད་ཡིག་མི་དགོས་ཟེར་བ་དང་གཅིག་པ་རེད། དེ་ལས་ཁྱེད་རང་གི་བསམ་བློ་གཏོང་ཕྱོགས་དང་སྐད་ཆ་བཤད་ཕྱོགས་ལ་ཅུང་ཙམ་འགྱུར་བ་གཏོང་ཐུབ་ན་ངོས་ནས་ཡག་པོ་འདུག དེ་མིན་རྗེས་ཕྱོགས་མི་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་མི་ཚང་མ་ལ་སྡུག་དམོད་བྱེད་འདོད་མ་གནང་།
བོད་ཡིག་ལ་ཡག་པོ་ཡོད་མཁན་གྱི་དགེ་རྒན་དེ་ཚོར་དེང་རབས་སློབ་སྦྱོང་མེད་ཙང་སློབ་གསོ་སྐྱོ་བོ་རེད་འདུག། ད་དུང་ཡང་། ཨ་ཁུ་སྟོན་པ་དང་ཉི་ཆོས་བཟང་པོའི་སྒྲུང་བཤད་ཀྱི་འདུག།
ང་ནི་དེ་ཚོ་མཐོང་ན་རྣམ་རྟོག་ཟ་སོང་།