(བོད་ཀྱི་སྲིད་དོན་སྐྱར་ཞིབ་རྩོམ་སྒྲིགས་ཚོགས་ཆུང་གིས།)
པདྨ་ཚེ་དབང་ཤཱསྟྲིས་བསྒྱུར།
བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཀྱི་འོས་དམིགས་སུ་སླེབས་པའི་རེ་བ་ཡོད་མཁན་ཚང་མའི་ཐད་ལ། ཁོང་ཚོའི་འདོད་ཚུལ་ངོ་མ་གང་ཡིན་གྱི་སྐོར་ལ་ད་བར་ཉུང་ངུ་ཞིག་ལས་རྟོག་ཐུབ་མེད། དེ་གང་གིས་ཞེས་ན། ད་ལྟ་བར་དུ་འོས་གཞི་རྣམས་ཀྱིས་རང་རང་གིས་སྤེལ་བའམ། ཡང་ན་ཁོང་ཚོའི་སྐོར་ལ་གཞན་གྱིས་སྤེལ་བའི་གཏམ་བཤད་མང་ཆེ་བ་འོས་གཞི་སོ་སོའི་སྐོར་ལ་ཡིན་པ་ལས། འདེམས་ཐོན་བྱུང་ན་ཁོང་ཚོས་སྲིད་ཇུས་གང་ཞིག་ལག་བསྟར་བྱེད་རྒྱུའི་སྐོར་ལ་མིན། གལ་ཏེ་བོད་ཀྱི་མང་གཙོའི་ལམ་ལུགས་དེ་ཡོངས་སུ་སྨིན་དགོས་ན། འདི་ནི་ངེས་པར་དུ་སེལ་དགོས་པའི་དཀའ་ངལ་ཞིག་རེད།
གནས་སྟངས་འདི་དོན་མཐུན་འདྲོགས་འགོ་སློང་བའི་མཚུངས་དཔེ་ཞིག་ལ་སྦྱར་ན། ཡོངས་སུ་སྨིན་ལ་མདུན་བསྐྱོད་ཀྱི་བསམ་བློ་ལྡན་པའི་སྤྱི་ཚོགས་ཞིག་གིས་རང་ཉིད་ཀྱི་མ་འོངས་པའི་ཁ་ཕྱོགས་བགྲོ་གླེང་བྱེད་པ་དང་། དམའ་རིམ་གྱི་སློབ་ཕྲུག་ཚོས་ཁོང་ཚོའི་ནང་ནང་སློབ་ཕྲུག་སྐད་གྲགས་ཆེ་ཤོས་དེ་འཛིན་གྲའི་རྒན་བདག་ཏུ་འོས་འདེམས་བྱེད་པ་དེ་གཉིས་དབར་གྱི་ཁྱད་པར་དེ་ཡིན།
བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དེ་དེ་ལྟའི་སྐྱེད་འཕེལ་འགྲོ་བཞིན་པའི་དཀའ་ངལ་གདོང་ལེན་བྱེད་མཁན་གྱི་སྤྱི་ཚོགས་དང་པོ་དེ་མིན་ལ། རྒྱལ་ཁབ་གཞན་ནས་བསླབ་བྱ་མང་དག་ལེན་རྒྱུ་ཡོད། ཉེ་བའི་ཆར་བོད་ཀྱི་སྲིད་དོན་སྐྱར་ཞིབ་རྩོམ་སྒྲིག་པའི་ནང་ནས་གཅིག་གིས། བོད་མི་ཚོས་མིག་ལྟོས་བྱེད་འོས་པའི་ལྟ་གྲུབ་སྨྲ་བ་གཅིག་ནི་འཇར་མན་གྱི་སྤྱི་ཚོགས་རིག་པ་བ་ཆེན་པོ་མེཀས་ཝེབྷར་ཡིན་ཞེས་བྲིས་ཡོད།
ཝེབྷར་གྱིས་ཆབ་སྲིད་དབང་འཛིན་པ་ལ་རིགས་གསུམ་ཡོད་ཅེས་བྲིས་ཡོད། དེ་དག་ནི། ཡིད་འགུགས་ཀྱི་ཁྱད་ཆོས་ཅན་དང་། སྲོལ་རྒྱུན་ཅན། རྟོག་དཔྱོད་ལྡན་ལ་ཁྲིམས་ལུགས་ཅན་བཅས་རེད། སྨིན་བཞིན་པའི་སྤྱི་ཚོགས་དག་གིས། ཡིད་འགུགས་ཀྱི་ཁྱད་ཆོས་ཅན་དང་། སྲོལ་རྒྱུན་ཅན་གྱི་དབང་འཛིན་པ་ལས་རང་ཉིད་རྒྱང་རིང་དུ་བཏང་སྟེ། རྟོག་དཔྱོད་ལྡན་ལ་ཁྲིམས་ལུགས་ཅན་གྱི་དབང་འཛིན་པའི་རྒྱུན་ཞིག་གི་ཕྱོགས་སུ་སྐྱོད་ཐབས་བྱེད་པའི་འགྲོས་ཞིག་ཡོད།
༡། ཡིད་འགུགས་ཁྱད་ཆོས་ཅན་གྱི་དབང་འཛིན་པ་དེ་ནི། དཔའ་བོའམ། ཡང་ན་ཆོས་ཕྱོགས་ཀྱི་འགོ་ཁྲིད་དམིགས་བསལ་བ་ཞིག་ཡིན།
༢། སྲོལ་རྒྱུན་ཅན་གྱི་དབང་འཛིན་པ་ནི། བྱ་བ་ཡོངས་རྫོགས་དུས་རྟག་ཏུ་འགྲོ་སྟངས་སྔར་སྲོལ་གཞིར་བཟུང་བྱེད་དགོས་པའི་རྟོག་འཆར་ལ་གཞི་རྟེན་བྱས་ཡོད།
༣། རྟོག་དཔྱོད་ལྡན་ལ་ཁྲིམས་ལུགས་ཅན་གྱི་དབང་འཛིན་པ་ནི། གང་ཟག་གི་ཁྱད་ཆོས་ལས་གཞན་དུ་སྒྲིག་འཛུགས་དག་ལ་གཞི་རྟེན་བྱས་ཡོད་པ་དང་། རྒྱུ་མཚན་དང་ཁྲིམས་མཐུན་གྱིས་གཏན་ལ་ཕབ་པའི་ལས་ཁུངས་ལམ་ལུགས་ཁྱབ་སྤེལ་བྱེད་ཀྱི་ཡོད།
ཡིད་འགུགས་ཁྱད་ཆོས་ཅན་གྱི་དབང་འཛིན་པ་གཞིར་བྱས་པའི་སྤྱི་ཚོགས་༼མང་གཙོའི་རིང་ལུགས་ཞིག་ཡིན་པ་ཆར་བཞག་༽ཞིག་གི་ནང་དུ་འོས་གཞི་ཚོས་སྲིད་གཞུང་གིས་གདོང་ལེན་བྱེད་དགོས་པའི་ཆབ་སྲིད་ཀྱི་གནད་དོན་ཆེ་ཁག་ལས་ཁ་བྲལ་ཏེ། རྒྱལ་ཞེན་ནམ། ལྷག་བསམ། དྲང་བདེན་བཅས་སྒེར་གྱི་ཁྱད་ཆོས་དག་གིས་བློ་འགུགས་འུད་སྒྲོགས་བྱེད་པའི་འགྲོས་ཤིག་ཡོད། ཕྱོགས་མཚུངས་སྲོལ་རྒྱུན་ཅན་གྱི་དབང་འཛིན་པར་གཞི་རྟེན་བྱས་པའི་ལམ་ལུགས་ཞིག་གི་ནང་དུ་འོས་གཞི་ཚོས་གཏན་ལ་ཕབ་པའི་ལམ་ལུགས་ཞིག་ལ་རང་རང་གི་ཡིད་ཆེས་སམ། ཡིད་རྟོན་སྒྲོགས་ཀྱི་རེད།
འོས་གཞི་ཞིག་རང་ངོས་ནས་དཔའ་བོའམ། སྲོལ་རྒྱུན་པ་ཡིན་པ་དེར་ནོར་འཁྲུལ་མེད་པ་གསལ་པོ་རེད། ཨ་རིའི་ནང་དུ་དམག་འཐབ་ཀྱི་དཔའ་བོ་ཇོརྗ། ཝཤིངཊོན། ནི་ཁྱད་དུ་འཕགས་པའི་སྲིད་འཛིན་ཞིག་བྱུང་བའི་དན་རྟགས་ར་འཕྲོད་ཡོད་ལ། འོན་ཀྱང་དམག་འཐབ་ཀྱི་དཔའ་བོ་ཛེཁེརི། ཊེལོར། ནི་དེ་ལས་ལྡོག་སྟེ་ཕན་ནུས་བྲལ་བ་ཞིག་བྱུང་བ་རེད། གནད་དོན་འདིའི་རིགས་ལ་བློ་རྩེ་གཏོད་པའི་དཀལ་ངལ་ནི་དེ་དག་གིས་༼གང་ཟག་གྱི་ཁྱད་ཆོས་དག་གོས་བཤུས་བྱས་ཏེ་སྲིད་ཇུས་དེ་གང་ཡིན་གྱི་༽དོན་གནད་ཆེན་པོ་དེར་བལྟ་བར་འགོག་རྐྱེན་བྱེད་ཀྱི་ཡོད།
དེས་ན་རྟོག་དཔྱོད་ལྡན་ལ་ཁྲིམས་མཐུན་གྱི་དབང་འཛིན་པ་དེ་སྐབས་འདིར་སླེབས་ཀྱི་ཡོད། དེང་རབས་རྒྱལ་ཁབ་ཀྱི་རྨང་གཞིའམ། རྟོག་དཔྱོད་ལྡན་ལ་ཁྲིམས་མཐུན་གྱི་དབང་ཆ་དེ་༼མིའི་མིན་པར་ཁྲིམས་ཀྱི་སྲིད་གཞུང་ཞིག་༽ཞེས་ཇཱོན། ཨེཌམས། ཀྱིས་བསམ་ཚུལ་འགྲེལ་བརྗོད་བྱས་པར་ལྟར་ཁྲིམས་ཀྱི་དབང་བསྒྱུར་གྱི་ལྟ་གྲུབ་ཀྱི་ཐོག་ཏུ་གནས་ཡོད། དེས་ལུཝིས་བཅུ་བཞིས་༼ང་ནི་རྒྱལ་ཁབ་ཡིན།༽ ཞེས་པའི་ཕལ་ཆེར་དྲན་གཏམ་གསར་སྐྱེས་ཀྱི་བསྒྲགས་གཏམ་དེའི་ལྡོག་ཕྱོགས་ཏེ། རྒྱལ་ཁབ་ནི་སྐྱེས་པའམ། བུད་མེད་སུ་འདྲ་ཞིག་ལས་ཀྱང་ཆེ་བ་ཡིན་པའི་བསམ་ཚུལ་ལ་གཙིགས་སུ་འཛིན་པ་རེད།
འདོད་ཚུལ་འདི་གཞིར་བཟུང་བྱས་ན། སྲིད་གཞུང་གི་ལས་དེ་འགོ་ཁྲིད་ཀྱི་ཁྱད་དུ་འཕགས་པ་ཉིད་ལ་རག་མ་ལས་པར། དེ་ལས་ལྡོག་སྟེ་འགོ་ཁྲིད་དེའི་ལམ་སྟོན་འོག་འཛུགས་སྐྲུན་བྱས་པའི་སྒྲིག་འཛུགས་དང་སྲིད་ཇུས་ཁག་ཡིན་ལ། མཐའ་མ་དེར་དེ་དག་ཀྱང་ཁོ་པའམ་ཁོ་མོ་ལས་ཆེ་བ་ཡིན།
འདི་ལས་ལྡོག་སྟེ་འགྲོ་བཞིན་པའི་བོད་མིའི་འོས་བསྡུ་དེས། ཧ་ལམ་བགྲོ་གླེང་ཆ་ཚང་གང་ཟག་སྒེར་གྱི་ཁྱད་ཆོས་ལ་གཞི་རྟེན་བྱས་ཏེ་འོས་གཞི་ལེགས་ཤོས་སུ་ཡིན་ལ་བལྟ་གི་ཡོད། ཁྱད་ཆོས་འདི་དག་གི་ནང་དུ། ནང་ཁུལ་བ་དང་། ཕྱི་ལོག་པ། ཉམས་མྱོང་ཅན། ཤེས་ཡོན་ཅན། གཞོན་སྐྱེས། བུད་མེད་ཅིག སེམས་ཤུགས་ཅན། ཆོལ་ཁ་དེ་ནས་ཡིན་པ། ཆོས་ལུགས་འདི་ནས་ཡིན་པ་བཅས་ཡོད། དོན་དངོས་སུ་འོས་གཞི་བྱེ་བྲག་པ་སུ་རུང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་རང་རང་བློ་ལ་འཐད་པའི་འོས་གཞི་དེའི་འདོད་ཚུལ་དངོས་གང་ཡིན་གསལ་བཤད་ཐུབ་རྒྱུ་ནི་ཐེ་ཚོམ་རེད།
འདི་རྒྱབ་སྐྱོར་བ་ཚོའི་ནོར་འཁྲུལ་ཡིན་དགོས་པའི་ངེས་པ་མེད། ཉེ་ཆར་བཀའ་བློན་ཁྲི་པའི་བགྲོ་གླེང་སྐབས་སུ་སྲིད་ཇུས་ཀྱི་གྲོས་འཆར་འགའ་ཞིག་ཆུ་ཐིག་གི་ཚུལ་དུ་གསང་བརྟོལ་བྱུང་ཡོད་ནའང་། གནད་དོན་གྱི་ཐད་ལ་འོས་གཞི་ཚོས་གསུང་བྱོན་པ་ཤས་ཆེར་བྱུང་མེད། དཔེར་ན། ཉེ་ཆར་ཕུར་བུ་རྡོ་རྗེ་དང་། བློ་བཟང་སེང་གེ། བསྟན་འཛིན་རྣམ་རྒྱལ་བཀྲེས་མཐོང་བཅས་ཀྱི་དབར་ལ་པོཊལེཎཌ་དུ་ཚོགས་པའི་བགྲོ་གླེང་གི་སྐབས་སུ། ཚོགས་བཅར་བ་ཞིག་གིས་དམིགས་སུ་བཀར་ཏེ་ཁོང་ཚོ་རང་རང་གི་སྲིད་ཇུས་འདོད་ཚུལ་ངོ་མ་གང་ཡིན་༼དྲི་ཁག་གཉིས་ཅན་ཞིག་༽བརྒྱུད་དེ་དྲིས་ཀྱང་། འོས་དམིགས་གསུམ་གས་ལན་འདེབས་ལ་གཡོལ་གནང་སོང་།
ཕྱོགས་མཚུངས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ཉེ་ཆར་སྐུ་ཞབས་ཐུབ་བསྟན་དབང་ཅན་ལགས་ཡོ་རོབ་ཁུལ་གྱི་སྤྱི་འཐུས་གཉིས་ནས་གཅིག་ལ་རྒྱབ་གཉེར་བྱས་འདུག་ཀྱང་། སྐུ་ཞབས་ལགས་ཀྱི་ལྟ་བ་འཛིན་ཕྱོགས་དང་། ཁོང་གིས་བོད་ཀྱི་གྲོས་ཚོགས་སུ་ཡོ་རོབ་བོད་མིའི་འཐུས་ཚབ་ཇི་ལྟར་གནང་མིན་གྱི་སྐོར་ལ་གང་ཡང་གསལ་མི་འདུག། འོས་འཕེན་མཁན་ཚོར་གནས་ཚུལ་དེ་ལས་མང་བ་ཤེས་པའི་འོས་འབབ་ཡོད། དཔེར་ན། མང་གཙོ་ཚོགས་པས་སྐུ་ཞབས་ལགས་ཀྱིས་རྒྱ་ནག་དཔོན་རིགས་འགའ་ཤས་ཀྱི་ཐད་དུ་མི་རིགས་སྡེབ་གསོད་བྱས་པའི་ཁྲིམས་གཏུགས་ཀྱི་འགོ་འཛུགས་སིཔེན་དུ་བྱས་ཡོད་པའི་ནང་ཆ་ཤས་བླངས་པ་དང་། དེ་དང་འབྲེལ་མཚུངས་འོས་གཞི་རང་ངོས་ནས་རྒྱ་ནག་གཞུང་ཕྱོགས་ལ་འབྲེལ་ལམ་ཡག་ཤོས་ཇི་ལྟར་བྱེད་པའི་འདོད་ཚུལ་འཁོད་དགོས་པ་ཡིན།
༢༠༡༡ ལོའི་བོད་མིའི་འོས་བསྡུ་དེ་སྐད་གྲགས་སུ་ཆེ་བལྟ་རྒྱུའི་འགྲན་རྩོད་ཙམ་ཞིག་ཡིན་པ་ལྟར་། འདི་དག་ནི་འོས་དམིགས་ཚོའི་རང་རང་གི་སྲིད་ཇུས་འདོད་ཚུལ་ལས་གཞན་པའི་སྒེར་གྱི་ཁྱད་ཆོས་བློ་འགུགས་འུད་སྒྲོགས་བྱེད་པའི་སྟབས་མི་ལེགས་པའི་གནས་བབ་ཀྱི་དཔེ་མཚོན་འགའ་ཞིག་རེད། གྱོང་གུན་འཕོག་མཁན་ངོ་མ་དེ་ནི། རྒྱལ་ཁབ་ཀྱི་མ་འོངས་པའི་ཐོག་ལ་དགོས་ངེས་ཅན་དང་གནད་དུ་སྨིན་པའི་བགྲོ་གླེང་དང་བྲལ་བའི་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་དེ་རེད། ལྷག་པར་དུ་བཙན་བྱོལ་བོད་མི་ཚོས། མང་གཙོ་དང་རང་དབང་གི་ནང་དུ་བོད་མི་རྣམས་དར་འཕེལ་བྱེད་ཐུབ་པའི་སྐོར་ལ་བོད་ནང་དུ་ཡོད་པའི་སྤུན་ཟླ་རྣམས་ལ་སྐུལ་མ་ཤུགས་ཆེ་ཐེབས་པའི་བརྡ་འཕྲིན་ཞིག་གཏོང་འདུན་ངེས་པར་དུ་ཡོད།
བོད་མི་འོས་འཕེན་པ་ཚོ་ལ་འདིས་གོ་རྒྱུ་གང་ཡོད་དམ། འོས་དམིགས་ཚོའི་ལོ་རྒྱུས་ལ་ལྟ་ཞིབ་བྱེད་པ་ནི། འོས་ཤིང་འཚམས་པ་ལོས་ཡིན། ང་ཚོས་ཁོང་རྣམ་པའི་འདས་དོན་ནས་ཁོང་ཚོའི་ཉམས་མྱོང་དང་། ཤེས་ཡོན། སེམས་ཤུགས། ཡིད་ཆེས་འཕེར་བ་ཉིད། འཆར་སྣང་བཅས་ཀྱི་སྐོར་ལ་ཁུངས་སྣེ་བཙལ་ཏེ་དཔྱད་པ་བྱ་དགོས། འོན་ཀྱང་དེ་གཅིག་པུས་འཐུས་པ་མིན། འོས་འཕེན་པ་ཚོས་འོས་དམིགས་རྣམས་ཀྱི་ངོས་ནས་གཟབ་ནན་དགོས་པ་དང་། ཁོང་ཚོའི་སྲིད་ཇུས་དང་འོས་བསྡུའི་སྡེང་ཆའི་ཐད་ལ་གསལ་ཁ་གཏོད་དགོས་པའི་དགོས་འདུན་ཡང་འདོན་དགོས། འོས་འཕེན་པ་ཚོས་ངོས་ནས་ཡིན་ནའང་། འོས་དམིགས་ཚོའི་གསལ་བསྒྲགས་དེ་འོས་བསྡུའི་རྒྱབ་སྐྱོར་བྱེད་པར་ཆ་རྐྱེན་དང་པོ་ཞིག་ཡིན་པ་དེ་གསལ་པོ་བཟོ་དགོས། འོས་འཕེན་པ་ཚོས་དྷ་རམ་ས་ལའི་རྒྱལ་ཁབ་བམ་སྲིད་གཞུང་གི་གྲུ་དེའི་ཁ་ལོ་བསྒྱུར་བའི་འགོ་ཁྲིད་རྗེས་མ་དེའི་ཐོག་ལ་མནོ་བསམ་གཏོང་སྐབས་དྲན་དགོས་པ་ཞིག་ནི། གལ་ཏེ་ཁྱེད་རང་གང་དུ་འགྲོ་འདོད་ཡོད་ས་དེར་ཁོང་གིས་འཁྲིད་ཀྱི་མེད་ན། གྲུ་དཔོན་ཡག་པོ་ཞིག་ཡིན་པར་ཕན་ཐོགས་གང་ཡོད་དམ།།
(པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༧ ཉིན་དབྱིན་སྐད་ཀྱི་མ་ཡིག་ནས་བསྒྱུར། འགོ་བརྗོད་དེ་༼སྲིད་ཇུས་དང་གང་ཟག་སྒེར་གྱི་ཁྱད་ཆོས་དབར་གྱི་འགྲན་རྩོད།༽ ལྟ་བུ་ཞིག་འདུག་ཀྱང་ཡིག་རྫོབ་ཉུང་བའི་ཆེད་གོང་ལྟར་བཞག་པ་ཡིན། བོད་འགྱུར་གྱི་གོ་བ་གསལ་པོ་མེད་རིགས་དབྱིན་སྐད་ཀྱི་མ་ཡིག་ལ་བསྟུན་གནང་ཡོང་བ་འཚལ།།)
འགྱུར་གྱི་མ་ཡིག་གཤམ་གསལ།
༡ ཕ་ཡུལ་དྲ་རྒྱ།
༢ བོད་ཀྱི་སྲིད་དོན་བསྐྱར་ཞིབ།
འདི་བསྒྱུར་བར་ཐུགས་རྗེ་ཆེ།