སྲིད་པའི་ཡུལ་ཁམས་མིག་ཆུས་སྦངས་པའི་ང་ཡི་འབྲུག་དཀར་ཆུ་བོ་ཀྱེ།།
མ་མཇལ་རེ་བའི་མཐོང་སྣེ་ཞིག་ནས་སྐྱིད་ཀྱི་རྩ་བ་བཀོག་ནས་ཐལ།།
ཁ་བའི་སྐྱོ་བ་འབྲུག་ཆུར་འདྲེས་ཡོད་གདུང་བས་མ་ངུ་འབྲུག་ཆུ་བ།།
མེས་པོའི་འབྲུག་དཀར་ཆུ་བོའི་བཞུར་རྒྱུན་ད་དུང་ལུས་ཡོད་མ་སྐྱོ་ཨང་།།
འདམ་ཟེགས་ཆུ་ལོག་རླབས་ཀྱིས་སྐྱོམ་པའི་འཇིགས་སྐྲག་དེ་ནི་ཨུ་ཧུ་ཨུ་ཧུ།།
ཉམ་ཆུང་མི་ལུས་རྟག་ཏུ་སྡང་བའི་རང་བྱུང་གནོད་པར་སྙིང་ལངས་པ།།
ཟོས་ཀྱི་ཕུད་མཆོད་ས་བདག་གནས་སྐྱོང་ཀླུ་ཡི་ཚོགས་འདིར་ཁྲེལ་མེད་ལ།།
མིག་ཆུར་བྲུག་པའི་འབྲུག་དཀར་ཆུ་བོ་འདི་ལྟར་བཞུར་འགྲོ་སུ་ཡིས་རློམ།།
མཁར་དང་ཁང་པའི་ས་ཕག་རྩིག་གྱང་ཐལ་བར་བརྫིས་ཀྱང་འོར་གྱིས་བརྩིག།
རྩ་བར་གཏུབ་པའི་མྱི་སྲོག་སྟོང་ཕྲག་གང་དུ་འཚོལ་ལམ་འཇིག་རྟེན་གན།།
གསོན་པོ་སྙིང་གི་རྩུབ་རུས་གཟེར་བའི་མྱ་ངན་ན་ཟུག་འཕྱུར་ནས་འོང་།།
གཏན་ཚིགས་མེད་པའི་རྒྱུ་འབྲས་འདི་ལ་འུ་ཐུག་མཆིལ་ཞགས་འཕང་ན་སྙམ།།
སྤུར་རྒྱལ་བོད་ཀྱི་བཙན་པོའི་དམག་དཔུང་ང་ཡི་འབྲུག་ཆུའི་སྤུན་ཟླ་ཡ།།
སྐྱོ་བའི་སྡུག་བསྔལ་རུས་ལ་ཟུག་ཀྱང་འབྲུག་ཆུའི་མ་འོངས་ཁྱོད་ལ་ཐུག།
ད་ནི་ཡིད་ཀྱི་གདུང་བ་ཆེ་ཡང་བཟོད་བསྲན་བསྐྱེད་ནས་ཡར་ལ་ལོངས།།
ལས་ཀྱིས་བསྐོས་པའི་དཀའ་སྡུག་འདི་ལས་ང་ཚོ་སླར་ཡང་རྒྱལ་དུ་འཇུག།
༢༠༡༠ ༨ ༡༥ ཉིན་ཕྰ་རེ་སི་ནས་བྲིས།
སྙན་ངག་ཡག་པོ་བྲིས་འདུག སྙན་ངག་པར་བཀྲ་ཤིས་བདེ་ལེགས་ཞུ།
ཨ་ཚོགས་བློ་བྷེ་ལགས།
འབྲུག་ཆུ་ལ་སྙན་ངག་གིས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ།
བཟེ་རུང་འོད་ཟེར
གཞན་ལ་ཐུགས་རྗེ་ཟེར་བ་ལས། རང་གིས་ཚིགས་གསུམ་བྲིས་ན་དགའ། ཕན་ནུས་ཆེ་བ་དེ་ལ་ཡོད། གོ་ན་རྣ་བའི་བདུད་རྩི་ཡིན། མ་གོ་གླུ་ལ་འབྲེལ་བ་མེད།
རེད་རེད་
སྔ་ལོ་དང་ནི་ད་ལོ་གཉིས་ཀ་སྒང་བ་བོད་ཀྱི་ལོ་ནག་ཅིག །
ས་བདག་སྲིན་པོ་འགུལ་ཐེངས་གཅིག་གིས་ཡུལ་ཤུལ་ས་འོག་བརྫངས་དང་ཐལ། །
རང་བྱུང་རི་བོ་ཉིལ་ཐེངས་གཅིག་གིས་འབྲུག་ཆུའི་རྫོང་མཁར་གཤགས་དང་ཐལ། །
རིགས་མཐུན་སྤུན་ཟླ་དག་གི་མགོ་ལ་སྡུག་བསྔལ་གཅིག་ཐོག་གཉིས་བརྩེགས་བྱུང་། །
ཙི་ནའི་ཡུལ་གྱི་རྒྱ་འདྲེ་དག་ནི་གཅིག་ལས་གཅིག་འགྱོག་རྒྱུགས་ཡོང་སྟེ། །
འབུམ་ཕྲག་རི་བའི་ལྷ་སྐུ་དག་དང་དགོན་པ་ཕལ་ཆེར་གཏོར་དང་ཐལ། །
སྐྱབས་གནས་དགེ་འདུན་བླ་མ་ཕལ་ཆེར་བཙན་གྱིས་བཙོན་ལ་བཅུགས་དང་ཐལ། །
འདི་ལྟར་ན་ཡང་རྒྱ་པང་ཚང་ལ་ཁ་ལས་རླུང་རྟ་ཡར་རྒྱུགས་རེད། །
རང་བྱུང་རི་བོའི་ནང་གི་ཡང་སྙིང་གསེར་དངུར་ཟངས་ལྕགས་བྲུས་ནས་སོང་། །
ལོ་མང་སྐྱེས་པའི་ནགས་ཚལ་དག་དང་དར་བུར་འགྲོ་བའི་ཆུ་ཕྲན་དག །
ཉིན་མ་རེ་ལ་མཚར་སྡུག་འཛུམ་མདངས་ཞེན་ནས་ཞེན་དུ་འགྲོ་བ་འདིའི། །
ནག་ཉེས་ཡོད་ཚད་བོད་པ་ཚང་གི་མགོ་ལ་མ་འཇོག་གནམ་རྒན་མ། །
ང་ཡི་ཕ་ཡུལ་འབྲུག་ཆུའི་ཡུལ་ལ་འདི་འདྲའི་ཆད་པ་བཅད་དོན་ཅི། །
ཁྱོད་ཀྱི་སེམས་ཁམས་གདོན་ནག་ཅིག་གིས་བསླས་པ་ཡིན་ནམ་ཅི་ཞིག་ལ། །
ཁྱོད་ཀྱི་མིག་ཟུང་ལྕགས་ཐུར་གནོན་པོས་ཁུང་ནས་བྲུས་སམ་ཅི་ཞིག་ཡིན། །
སྙིང་རྗེ་མེད་པའི་གནམ་རྒན་མ་ལ་རྒྱུ་འབྲས་ཟེར་བ་མེད་པ་འདྲ། །