ཟླ་ཤས་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དེང་དུས་ཀྱི་ནང་ཆོས་བཤད་མཁན་དག་གིས་དེང་རབས་ཀྱི་འགྲོ་སྟངས་དང་མཐུན་པའི་སྒོ་ནས་ཆོས་བཤད་རྒྱུ་ལས་གནའ་སྔ་མོའི་ལུགས་སྲོལ་སྐྱར་ཟློས་ཡང་ཡང་མི་བྱེད་རྒྱུ་དང་། བཤད་སྟངས་དེ་ཡང་མདོར་དྲིལ་ན་དེང་སང་གི་མིའི་འདོད་བློ་དང་འཚམ་པ་ཞིག་བཤད་རྒྱུ་དེ་རེད་ཟེར། འདིར་ང་རང་གིས་ཨ་རིའི་ནང་དུ་ལོ་ངོ་དྲུག་གི་རིང་ལ་ཕྱི་གླིང་བ་ཚོར་ནང་ཆོས་ཕྲན་བུ་ཞིག་ངོ་སྤྲོད་བྱས་པའི་ཉམས་མྱོང་འདྲ་བོ་ཞིག་མཚམས་སྦྱོར་བྱས་པ་ཡིན་ན། ཨ་རིའི་མི་ཕལ་མོ་ཆེར་གཞི་རིམ་སློབ་སྦྱོང་གི་ཤེས་ཚད་ཡོད་པས། ནང་པ་མ་ཆགས་པའི་སྔོན་དང་ཡང་ན་ནང་པ་ཆགས་པའི་ཕྱི་ཉིན་ནས་བཟུང་སྟེ་ནང་ཆོས་ངོ་སྤྲོད་ཀྱི་དཔེ་དེབ་འབོར་ཆེན་ཞིག་ཀློག་རྒྱུའི་གོམས་གཤིས་བཟང་པོ་ཞིག་འདུག་ལ། དེ་ཡང་ང་ཚོ་བོད་པ་ལ་མཚོན་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་འཇིགས་སུ་རུང་བ་འདི་ངོ་མ་ཅིག་བཙོག་པས། གལ་སྲིད་དགེ་ལུགས་པའི་མཁས་པའི་བརྩམས་ཆོས་ཤིག་ཡིན་ན་ས་སྐྱ་དང་བཀའ་བརྒྱུད་པ་སོགས་ཀྱིས་ཕལ་ཆེར་ལག་པ་ཡང་མི་འཆང་བ་དང་། དེ་བཞིན་དགེ་ལུགས་པའི་གྲྭ་པ་དག་གིས་རྙིང་མ་དང་བཀའ་བརྒྱུད་པའི་རྫོགས་ཆེན་ཕྱག་ཆེན་ལྟ་བུར་མིག་ཟུར་ཡང་མི་གཡོ་བའི་ལུགས་སྲོལ་གུ་དོག་འདི་འདྲ་ཞིག་ཕྱི་རྒྱལ་བ་ཚོའི་མང་ཤོས་ཤིག་ལ་མི་འདུག ཁོ་ཚོ་དེབ་འདྲ་མིན་ཀློག་རྒྱུའི་ལུགས་སྲོལ་དེའི་གཏིང་རུམ་དུ་བྱིངས་ཟིན་པས། ནང་ཆོས་ཀྱི་དེབ་ཅིག་ཡིན་ན་དེའི་རྩོམ་པ་པོ་དེའི་ཆོས་རྒྱུད་གང་ཡིན་རྩད་གཅོད་བྱེད་རྒྱུ་དེ་ཨང་དང་པོར་མི་འཇོག་པར་དེབ་དེའི་བརྗོིད་བྱ་དེ་ཅི་ཞིག་རེད་ཨང་དང་པོར་ལྟ་གིན་འདུག དེ་ནས་ཆོས་ཚོགས་ཤིག་ལ་མཚོན་ན་ཟླ་བ་ཞིག་གི་ཉི་མ་ངེས་ཅན་འགའ་རེར་ནང་ཆོས་ཉམས་ལེན་པ་ཚོ་མཉམ་དུ་འདུས་ནས་ནང་ཆོས་ཀྱི་དཔེ་དེབ་ལ་ལྟ་ཀློག་དང་དེས་རང་རང་ལ་བཞག་པའི་ཚོར་བ་དང་ཉམས་མྱོང་བརྗེ་རེས་བྱེད་པ་དང་། དེབ་དེ་ཚོའི་ནང་ནི་དཀའ་གནད་ཀྱི་རིགས་ལ་ཟིན་ཐོ་བཀོད་དེ་བླ་མ་དགེ་བཤེས་ནང་ཆོས་ལ་ཆ་རྒྱུས་ཡོད་པ་དག་ལ་འདྲི་ཞིབ་ཀྱིས་རང་རང་གི་ཐེ་ཚོམ་གཅོད་པའི་ཐབས་ལ་འབད་ཀྱིན་འདུག དེ་བཞིན་བླ་མ་དགེ་བཤེས་དག་གིས་ཀྱང་ཕྱི་གླིང་བ་ཚོར་ཐོག་མར་ནང་པར་འཇུག་པའི་སྒོ་ཐོག་མ་སྐྱབས་འགྲོའི་སྡོམ་པ་སྤྲོད་པ་དང་དེ་ནས་ལམ་ཐུན་མོང་བས་རྒྱུད་སྦྱོང་བ་སྟེ་སྔོན་འགྲོ་འབུམ་ལྔ་ལྟ་བུའི་རིགས་ལ་སྒོམ་སྒྲུབ་བྱེད་དུ་འཇུག་པ་དང་། དེ་ནས་དབང་རྗེས་གནང་གི་རིགས་སྐུར་དུས་བོད་པ་ཚོར་བྱེད་པ་བཞིན་ཤར་རྒྱག་ཚར་གཅིག་ཀློག་པ་དེ་འདྲ་མ་ཡིན་པར། ཡི་དམ་གྱི་ལྷ་དེའི་སྐོར་ངོ་སྤྲོད་དང་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་སྐུར་སྐབས་ཀྱི་དབང་གི་དམིགས་རྣམ་སྐྱོང་དུ་འཇུག་གིན་འདུག་ལ། དེ་འདྲ་བྱས་ནས་དབང་དོན་ངོ་འཕྲོད་ན་ད་གཟོད་དབང་ཐོབ་པའི་གོ་ཡང་ཆོད་པ་ནི་ནང་པའི་ཆོས་ཀྱི་འགྲོ་སྟངས་ངོ་མ་དེ་ལོས་ཀྱང་ཡིན། ཡིན་ན་ཡང་བོད་པ་ནང་བཞིན་བླ་མ་སྤྲུལ་སྐུ་ཞིག་གི་མིང་ཐོགས་ཚད་ལ་མགོ་སྒུར་བྱེད་པའི་ལུགས་སྲོལ་ཅུང་ཟད་ཁྱབ་ཆུང་ལ། གལ་སྲིད་བླ་སྤྲུལ་དགེ་བཤེས་དེའི་མདུན་ནས་རང་ལ་མེད་པའི་ཤེས་བྱ་ཡོན་ཏན་རེ་རེག་པ་ཡིན་ན་གཞི་ནས་མགོ་བོ་སྒུར་བཞིན་འདུག ཡིན་ན་ཡང་ཕྱི་གླིང་བ་ཡོད་ཚད་དེ་འདྲ་ཡང་ག་ལ་ཡིན། རྨོངས་དད་ཅན་ཡང་གང་འཚམ་ཞིག་འདུག་ལ་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་ཅན་ཡང་འདུག ད་དུང་བོད་པ་ནང་བཞིན་དབང་སྐུར་ཞིག་ཞུས་ནས་འདོད་པ་ཚིམ་སྟེ་སྡོད་མཁན་དང་གསང་སྔགས་ཀྱི་དབང་སྐུར་མ་ཞུས་ན་ནང་པའི་སློབ་དཔོན་ལ་བླ་མར་མི་བཀུར་བའི་ལུགས་སྲོལ་དེ་ཡང་ཤ་ཐོན་རུས་ཐོན་དུ་སྐྱོང་མཁན་གང་མང་འདུག ཁོ་ཚོའི་ཡོན་ཏན་གལ་ཆེན་གཅིག་ནི་རང་གིས་མི་ཤེས་པ་དེ་ཐད་ཀར་བླ་མ་དགེ་བཤེས་སོགས་ཆོས་ཀྱི་སློབ་དཔོན་དེ་ལ་འདྲི་རྒྱུའི་གོམས་གཤིས་བཟང་པོ་དེ་རེད། དེ་བཞིན་ཆོས་ཀྱི་སློབ་དཔོན་གྱིས་ནང་ཆོས་བཤད་དུས་སྒྲ་ལེན་པ་དང་ཟིན་ཐོ་འབྲི་བ་གཉིས་ནི་ཧ་ཅང་གལ་ཆེན་དུ་རྩི་གིན་འདུག་ལ། སྐད་སྒྱུར་ཅི་ཙམ་བཟང་ན་ཡང་ཆོས་ཀྱི་སློབ་དཔོན་དེ་རང་གིས་དབྱིན་སྐད་ཀྱིས་བཤད་པའི་ཆོས་ལ་དོ་སྣང་ཆེན་པོ་འདུག ཁོ་ཚོའི་མང་པོ་ཞིག་གིས་སྐད་སྒྱུར་ཅི་ཙམ་ཞིག་བཟང་ན་ཡང་ཚིག་གནད་འགག་ཅན་དེ་འདྲ་ལྷགས་འགྲོ་བས་སློབ་དཔོན་རང་གི་ཞལ་ནས་ཐོན་པ་དེར་བྲོ་བ་དམིགས་བསལ་བ་ཞིག་འདུག་ཟེར། དེ་ནི་གོང་ས་མཆོག་གིས་ཀྱང་། བོད་པ་ཚོས་ངས་གང་བཤད་ལ་ཟིན་བྲིས་འདེབ་ཀྱི་མ་རེད། ཡིན་ན་ཡང་ཕྱི་གླིང་བ་ཚོས་ལམ་སེང་ཤོག་བུ་དང་སྨྱུ་གུ་ཞིག་བླངས་ནས་ཟིན་བྲིས་འདེབ་ཀྱི་རེད་གསུངས་པ་དེ་ཁོ་ན་རེད། ཁོ་ཚོའི་ཞན་ཆ་དག་ལས་ང་ཚོའི་མིག་ལམ་དུ་ཆེས་མི་མཛེས་པ་ཞིག་ནི་ཁོ་ཚོའི་རིག་གཞུང་གི་ནང་ལ་མེད་པའི་རྐྱེན་གྱིས། དཔེ་དེབ་གཞན་དང་འདྲ་བར་ནང་ཆོས་ཀྱི་དེབ་ཀྱང་གདན་ཐོག་ཏུ་མི་འཇོག་པ་དང་དེའི་སྟེང་དུ་མི་འགོམ་པ་སོགས་ལ་དོ་སྣང་ཧ་ཅང་དཀོན། དེ་བཞིན་མི་ཕལ་མོ་ཆེ་ཡི་གཤིས་ཀ་སྟེ་ཟབ་ཟབ་གཉན་གཉན་ཞིག་ལ་འཇུ་རྒྱུར་དགའ་མོས་ཡོད་པ་དང་། རྒྱུ་མ་བསྒྲུབས་པར་འབྲས་བུ་ལ་རེ་མཁན་ཡང་གྲངས་ཀྱིས་ག་ལ་ཆོད། གང་ལྟར་བོད་ཀྱི་ནང་ཆོས་འདི་ལ་བསྟེན་ནས་ཕྱི་གླིང་བ་ཁྲི་ཕྲག་མང་པོ་ཞིག་གིས་བོད་པ་ཟེར་བའི་མི་རིགས་ཉམས་ཆུང་འདི་ངོ་ཤེས་པ་དང་དེ་དང་ལྷན་དུ་ཆེ་ཆུང་མི་འདྲ་བའི་ཤ་ཚ་སེམས་ཁུར་རེ་ཡང་ཉིན་རེ་ནས་ཉིན་རེར་ཡར་རྒྱས་སུ་འགྲོ་བཞིན་པ་ནི་ང་ཚོས་མཐོང་བཞིན་པ་འདི་རེད། དེ་བཞིན་ཁོ་ཚོས་རང་གི་ལུགས་སྲོལ་དེ་རང་གི་བྱིས་པ་ལ་ཡང་འགོ་རུ་འཇུག་པ་སྟེ། གཟའ་ཉི་མ་དག་ཏུ་རང་རང་གི་ཕྲུ་གུ་དག་ཆོས་ཚོགས་སུ་ཁྲིད་ཡོང་ནས་སྐྱབས་གསུམ་དང་བདེན་བཞི། སྟོན་པའི་མཛད་རྣམ་སོགས་ངོ་སྤྲོད་བྱེད་པའི་ལུགས་སྲོལ་ཡིད་དབང་འཕྲོག་པ་ཞིག་ཀྱང་འདུག ཡིན་ན་ཡང་ཕྱི་གླིང་བ་ཆོས་ཚོགས་སུ་ཡོང་མཁན་ཚང་མ་ནང་པའི་ཆོས་ལ་ཧབ་ཤ་ལངས་ནས་ཡོང་བ་ཞིག་ག་ལ་ཡིན། ཨ་རི་ལྟ་བུར་མཚོན་ན་མི་ས་ཡ་དུ་མ་ཁེར་རྐྱང་གི་སྡུག་བསྔལ་གྱིས་མནར་བཞིན་ཡོད་པས། རང་རང་གི་གནས་སྐབས་ཀྱི་སུན་སྣང་སེལ་ཐབས་དང་ཡང་ན་དགའ་རོགས་རེ་ཨེ་རེག་གི་རེ་བས་དེད་དེ་བོད་པའི་ཆོས་ཚོགས་སུ་ཡོང་མཁན་ཡང་ཡོད་པ་རེད། དེ་བཞིན་བོད་པའི་ནང་ཆོས་དེ་དོན་ངོ་མར་ག་འདྲ་ཞིག་རེད་འདུག བོད་པའི་བླ་མ་གྲྭ་པ་དེ་ཚོའི་བྱ་སྤྱོད་ག་འདྲ་ཞིག་འདུག་པའི་ཉམས་ཚོད་ལེན་དུ་ཡོང་མཁན་ཡང་ཡོད་སྲིད།
ཀླུ་སྨྱོན་ཁྱེད་ཀྱིས་ད་རེབ་ཉམ་མྱོང་ཡོད་པས་སྐད་ཆ་ཞིག་བཤད་འདུག དངོས་ནས་ཤེས་ནས་དད་པ་ཐོབ་པ་ནི་གལ་ཆེན་རེད་ལ། མ་ཤེས་པར་བོད་པ་རྒན་པ་ཚོ་ནང་བཞིན་དད་པ་རྩེ་གཅིག་བྱེད་མཁན་དག་ལ་ཡང་དམའ་འབེབས་མཐའ་གཅིག་དུ་བྱས་ན་ཡང་དེ་འདྲ་འོས་པ་ཞིག་མ་རེད། ངེད་ཅག་གི་ནང་མི་དེ་དག་ལ་ནང་ཆོས་ཀྱི་དེབ་ཀློག་པ་དང་ནང་ཆོས་གོ་དོན་མི་ཤེས་བ་བདེན་ཀྱང་། ཁོང་ཚོས་སེམས་ནང་གི་ནང་ཆོས་ལ་བཅིངས་པའི་ལྷག་བསམ་རྣམ་དག་དེའི་ངེད་ཅག་གི་མི་རབས་གསར་བ་འདི་དག་ལ་གསོན་གནས་ཀྱི་འཚོ་བ་ཞིག་རེག་ཡོད་ཅེས་བཤད་ན་ཡང་མི་འགྲིག་པ་མེད། ཕྱི་གླིང་བ་མང་བོ་ཞིག་དེབ་ཀློག་རྒྱུར་དགའ་བ་དང་དེབ་ལ་ཁྱད་པར་མེད་པར་ཀློག་རྒྱུར་སྤྲོ་སྣང་ཡོད་པ་ནི་དངོས་ནས་རེད་ཟེར་རྒྱུ་དཀའ་མོ་རེད། གང་ཡིན་ཟེར་ན་དེང་རབས་ཀྱི་ཕྱི་གླིང་བ་མང་བོ་ཞིག་ནས་འདོད་པ་མ་འཁང་བས་དཀའ་ངལ་མང་བོ་ཞིག་གི་དབང་གིས་ཁོང་ཚོས་རང་ཉིད་ལ་ངལ་གསོ་ཐོབ་བྱེད་ཀྱི་རྒྱུ་ཆ་ཞིག་གང་ནས་རེག་མིན་ལ་འབད་བཞིན་པས་ཁུལ་ཡིན་མོད། འོན་ཀྱང་། ཁོང་ཚོས་སེམས་ནང་གི་ཧམ་སེམས་དེའི་ཁོང་ཚོ་བྲན་གཡོག་ཁོ་ནར་བཏང་སྟབས། ཁོང་ཚོས་འཁྲིས་ཀྱི་མི་མང་ཆེ་ཤོས་ཤིག་གི་ཨག་གསར་བྱེད་པ་ལས། ནང་ཆོས་དངོས་ཀྱི་གཏིང་སར་འཛུལ་མཁན་ད་སྔ་བྱུང་མེད་ཅེས་བཤད་ན་འགྲིག གང་ཡིན་ཟེར་ན་ཁོང་ཚོས་ཅུང་ཙམ་བྱས་པ་དེ་ནི་མི་ལ་ངོམ་གསོ་བྱེད་རྒྱུར་གཙོ་བོ་འཛིན་བཞིན་ཡོད་སྟབས་རེད། ངེད་ཅག་བོད་པ་ཚང་ལ་ཡང་གཏན་ནས་སྐྱོན་ཆ་མེད་པ་དེ་འདྲ་མིན་ཡང་། མེས་པོ་དེ་དག་གི་དད་པ་ནི། དེ་རིང་གི་ཤེས་ཡོན་པ་ཡིན་ཟེར་མཁན་གྱི་མི་དེ་དག་གི་དད་པ་དང་བསྡུར་ན། མེས་པོ་རྒན་པ་དེ་དག་གི་དད་ཞེན་གཙང་མ་ཡིན་པ་ལས། དེང་རབས་བོད་ཀྱི་ཤེས་ཡོན་པ་དེ་དག་གི་དད་ཞེན་ཆུང་བ་ཡོད།
ཨོ་རེད། རྒྱུ་མཚན་གཞན་ཞིག་ནི་དེང་རབས་ཤེས་ཡོན་པ་དེ་དག་ནི་དངོས་ཡོད་དང་མིག་མཐོང་ལག་ཟིན་མ་གཏོགས་ཁས་ལེན་མི་བྱེད་མཁན་ཆགས་ཡོད་སྟབས། མེས་པོ་དེ་དག་དང་བསྡུར་ཐབས་མེད། མེས་པོ་དེ་དག་ནི་དངོས་ཡོད་ལས་བརྒལ་བས་མི་མཐོང་བས་དངོས་བོ་མང་བོ་ཞིག་ཁས་ལེན་བྱེད་མཁན་ཡིན་ལ། དེ་དག་གི་ཆེད་དུ་དག་སྣང་གཙང་མ་ཞིག་གཉར་མཁན་ཆགས་ཡོད་པ་རེད།
ཁྱེད་ཀྱིས་ཕྱི་རྒྱལ་བ་ཚོར་ཆོས་བཤད་ན། ཁྱེད་ལ་དངུལ་སྒོར་ཉིན་རེར་ག་ཚོད་རེག་གི་ཡོད་དམ།
བཞུགས་ཁྲིའི་ཐོག་གི་བླ་མ་དེ་སུ་རེད་དམ། འདྲ་པར་འདིར་བལྟས་ན། ཆོས་ཞུ་མཁན་མང་པོ་ཡོད་ས་རེད། ཨ་ལགས་མཁྱེན།
ང་བོད་ནང་ལ་ལས་འཆར་ཆུང་ཆུང་ཞིག་ཡོད་། དེ་ལ་སྦྱིན་བདག་བྱེད་མི་ཐུབ་བ། འགྲོ་སོང་ཕོན་ཆེན་པོ་མ་རེད། ཡང་ན། ཁྱེད་ཀྱིས་ཆོས་འཆད་ཞོར་ལ་ངའི་ལས་འཆར་ཆོས་ཞུ་བ་ཚོར་ངོ་སྤྲོད་བྱེད་མི་ཐུབ་བ།
ད་ཚང་ཡིན་ན། ཨ་ལགས་འདི་བ་ཚང་ཤོར་བཅུག་ཉན་གྱི་མི་འདུག
ཨ་ལགས་རིན་པོ་ཆེ།
གོང་གི་ངའི་རེ་བ་དེར་ལན་ཞིག་གནང་རོགས།
ཁྲི་ཐོག་གི་སེར་ལྷང་ལྷང་དེ་ནི་ངོ་ཚ་རྒྱུ་མེད་པའི་དྲ་གྲོགས་ཀླུ་སྨྱོན་རེད།
ཆོས་བཤད་གཡོག་གླ་ནི་ལག་ཁྱེར་ཁ་པར་ཞིག་གི་ཟླ་རེའི་གླ་ཆ་སྤྲོད་ཐུབ་ཙམ་ཞིག་ཡོང་གི་འདུག
གོང་གི་སྐད་ཆ་འདི་བཤད་མཁན་ྐླུ་སྨྱོན་རེད་དམ་མ་རེད། ངེད་ལ་དོགས་པ་ཡོད། གང་ཡིན་ཞེ་ན། དེང་སང་། དྲ་གྲོགས་འགས་དྲ་གྲོགས་གཞན་གྱི་མིང་སྤྱད་ནས་འདྲ་མི་འདྲ་ལབ་ཀྱི་འདུག
ཁ་ཉིན་ཞིག་ལ་དྲ་གྲོགས་ཤིག་གིས་ཐེ་བོ་ཤེས་རབ་རྒྱ་མཚོའི་མིང་སྤྱད་ནས་མཆན་བུ་བཏབ་འདུག་ག། གོང་གི་མཆན་བུ་འདེབས་མཁན་འདི་ྐླུ་སྨྱོན་ཡིན་ན། ངེད་ལ་བསྐྱར་དུ་ཞུ་རྒྱུ་ཞིག་ཡོད།
གསལ་བོ་ཤེས་རྒྱུ་ཞིག་ནི་ཨ་རི་བ་མང་ཤོས་ཀྱིས་ཆོས་བཤད་མཁན་ཚོར་རྒྱ་མི་ནང་བཞིན་ཤོག་ཁུག་དམར་པོ་ལས་སླ་བོར་སྤྲོད་ཀི་མ་རེད།
ཡིན། ཀླུ་སྨྱོན་ཡིན། དོགས་པ་བྱེད་མི་དགོས།
འདྲ་པར་ཅན་གྱི་ཉིན་འདིར་ངས་ཨ་རི་བ་ཚོར་ས་པཎ་ནས་བརྒྱུད་པའི་འོད་དཔག་མེད་ཀྱི་ཉལ་འཕོའི་རྣལ་འབྱོར་ཞིག་བཤད་པ་ཡིན།
ཁྱེད་རང་ཡིན་ན། ང་ཡིན་ལབ་ན་འགྲིག་ག། ད་དུང་ངོ་ཚ་རྒྱུ་མེད་པའི་ྐླུ་སྨྱོན་རེད་ལབ་ནས་དོན་མེད་དུ་སོ་སོར་ཁ་རྡུང་བཏང་ནས་ཅི་བྱེད། ང་མགོ་རྨོངས་སོང་།
ཨ་རོ།དེ་རིང་སྐུ་རླུང་བཞེངས་ནས་ཡོད་ནི་མིན་ན། མི་འབབ་ས་ནས་ངའི་ཐོག་ལ་དྲག་ཆར་འབབ་རྒྱུ་ཡིན་པ་འདྲ།
ལས་ཀར་འགྲོ་བ་ནང་བཞིན་ཉི་མ་རྟག་པར་ཆོས་བཤད་ཀི་མེད། ཟླ་བ་རེའི་ནང་ལ་ཚར་གཉིས་གསུམ་རེ་མ་གཏོགས་བཤད་པའི་ཆུ་ཚོད་མི་འདུག ཡིན་ན་ཡང་མཚམས་རེར་གཟའ་ཉི་མ་རྟག་པར་བཤད་ཀི་ཡོད་ལ་གཟའ་ཉི་མར་གླ་མེད་ཆོས་བཤད་བྱེད་པ་ཡིན། ཨ་རི་ནས་སྦྱིན་བདག་ཕྱུག་པོ་རེར་ཁ་ཐུག་མ་བརྒྱབ་ན་ཐེ་ཝན་དང་ཧོང་ཁོང་ནང་བཞིན་ཆོས་བཤད་གཅིག་པོས་ཕྱུག་པོ་ཆགས་མཁན་ཧ་ཅང་དཀོན་པོ་རེད། ཆོས་ཚོགས་མང་ཤོས་ཡོང་སོང་མགོ་ཐུག་ཙམ་རེད་ཡ།
མི་སྐྱོན། སྟག་སྨྱོན་དང་དཀོན་མཆོག་སོགས་ཀྱིས་ང་ལ་ཁ་རྡུང་གཏོང་རྒྱུ་མང་དྲགས་པས་ད་ནི་ང་རང་གིས་ཀྱང་རང་ཉིད་མི་ངན་ཁྱི་འདྲ་བ་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། ང་ལ་ངོ་མ་མིའི་མཚན་ཉིད་མི་ཚང་ཀི་ཡ། ཡིན་ན་ཡང་མ་ཤི་བར་དུ་མི་འཆི་གི་ཡ།
འོད་དཔག་མེད་ཀྱི་ཉལ་འཕོ་ལབ་ན་། དེའི་དོན་རྡོག་རྡོག་འདྲ་བོ་དེ་ང་ལ་གསུངས་རོགས།
ངེད་ལ་དེ་འདྲའི་ཕྱོགས་ལ་ཤེས་རྒྱ་ཆུང་ཆུང་ཡིན།
ཡིན་གཅིག་མིན་གཅིག། སྔ་མའི་མཁས་པ་དེ་ཚོའི་གསུང་འདྲ་བོ་དེ་བསྐྱར་བཤད་དང་ཡང་བཤད་བྱས་ནས་འདུག་དགོས་དོན་ཅི་རེད། སོ་སོའི་བསམ་ཚུལ་དང་ཉམས་མྱོང་བཤད་ན་མི་འགྲིག་ནི་རེད། གཞུང་དང་འགལ་སོང་ནི་རེད། མཁས་པར་གྲགས་པ་ཚོར་མ་བརྩིས་ནི་རེད།
དེ་ན། དུས་རབས་གཅིག་ཕྱིན་པའི་རྗེས་སུ་ཡང་ས་པཎ་གྱིས་གསུངས་དེ་བསྐྱར་དུ་བཤད་ནས་འདུག་དགོས་ཀྱི་རེད་དམ། ཁྱེད་ཀྱི་བསམ་ཚུལ་ཅི་འདྲ་ཡིན།
ས་པཎ་གསུང་འབུམ་ཁྲོད་དུ་ནུབ་ཕྱོགས་བདེ་བ་ཅན་དུ་བཞུགས་པའི་སངས་རྒྱས་འོད་དཔག་མེད་ལ་བརྟེན་པའི་ཉལ་འཕོའམ་ཉལ་བའི་རྣལ་འབྱོར་ཞིག་གསུངས་ཡོད་པ་རེད། ངས་འདི་གནད་འགག་ཅན་ཞིག་ཏུ་མཐོང་ནས་སྐྱའི་ཀླུ་ལྡིང་མཁན་ཆེན་རིན་པོ་རེ་སྐུ་རྒན་གཞོན་གཉིས་ཀ་ལས་འདིའི་ཆོས་རྒྱུན་ཞུས་ཏེ་མི་གཞན་ལ་དེ་སྒོམ་ལུགས་ངོ་སྤྲོད་རེ་བྱེད་བཞིན་ཡོད།
ཙོག་ནས་སྒོམ་རྒྱག་པ་ནུབ་ཕྱོགས་སུ་རྙིང་བ་ཞིག་ཡིན་ན་ཡང་། ས་པཎ་གྱི་ཉལ་འཕོ་འདི་ནི་ནུབ་ཕྱོགས་སྤྱི་ཚོགས་སུ་གསར་བ་ཞིག་རེད། དེའི་ཁྱད་པར་ཤེས་ན་ལེགས།
ཟམ་གདོང་བླ་མའི་གསར་རྙིང་ཟེར་བ་དེ་ནི་འདི་ལྟ་བུར་ཟེར་བ་མ་ཡིན་པར། ཆོས་བཤད་དུས་ལུང་འདྲེན་མང་ཙམ་བྱེད་རྒྱུའི་ཚབ་ཏུ་སྤྱི་ཚོགས་དང་མི་སྒེར་གྱི་ཉིན་རེའི་འཚོ་བའི་གནས་སྟངས་དང་སྦྱར་ནས་ཆོས་བཤད་རྒྱུུ་ལ་གོ་ན་འགྲིག་བསམ། ངས་ནུབ་ཕྱོགས་པ་ཚོར་ཁྱོད་ཚོར་ཉིན་རེའི་འཚོ་བའི་ནང་ཙོག་ནས་སྒོམ་རྒྱག་ཁོམ་མེད་ན་ཡང་ཉལ་ནས་སྒོམ་རྒྱུག་པའི་དུས་ཚོད་ཅིག་ལྷག་གི་ཡོད་པ་རེད་ལབ་ཀྱིན་ཡོད།
ངས་ཡར་ལངས་ནས་འགྲོ་ཞོར་དུ་ཡང་སྒོམ་རྒྱག་གི་ཡོད།
གྲུཔ་སྨྱོན་ཡེ་ཤེས་ལགས། ངས་བལྟས་ན་རང་ཉིད་ཁྱབ་བསྒྲགས་བྱེད་སྟངས་འདི་འདྲ་ཡིན་རྒྱུ་རེད།
ཧྲ་གི་་་་་་་་་ཧྲ་གི་་་་་་་བླ་མ་འདྲ་བོ་ཞིག་འདུག
མུ་མཐུད་དུ་འདྲ་པར་འདི་འདྲ་ཡོད་ན་དྲ་ཐོག་ཏུ་བཀོད་རོགས
ཉལ་ནས་སྒོམ་རྒྱག་རྒྱུ་ཞིག་ཡོད་ན་མ་གསང་དྲང་མོར་ཅིག་གསུང་རོགས། ཡུལ་དུས་གནས་བབ་མང་པོ་ཞིག་གི་ཐོག་ནས་ཡོན་འབུལ་ཐུབ་ས་མ་རེད་མོད། ང་ལ་ངོ་མ་ཉལ་ནས་སྒོམ་རྒྱག་ཁོམ་ཞིག་ཀྱང་མེད་ཚོད་དུ་ཡིན་ཡ།
རྨི་ལམ་ནང་ནས་སྒོམ་རྒྱག་སྟངས་ཤིག་དྲ་གྲོགས་ཚོ་ལ་ང་སྤྲོད་ཞིག་བྱེད་ཐུབ་ན་དེ་ལས་ཀྱང་བཟང་ངེས་སྙམ། དེ་མིན་ངེད་ཅག་གི་རྣ་ལམ་དུ་སྐད་ཆ་རྙིང་བ་ཁ་ཤས་རེ་བསྐྱར་ཟློས་བྱས་ན་སྤྲུལ་སྐུ་ལགས་ཁྱེད་ཀྱི་དུས་ཚོས་འཕྲོ་བརླག་ཡིན་ངེས།
ལེགས་བཤད་སྨྱོན་པའི་ཁ་ནས་ཀྱང་ལེན་ཟེར་བ་ལྟར། གཤམ་གྱི་ཀླུ་སྨྱོན་གྱི་བརྗོད་པ་འདི་ལ་བསྔགས་བརྗོད། “དེ་ཡང་ང་ཚོ་བོད་པ་ལ་མཚོན་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་འཇིགས་སུ་རུང་བ་འདི་ངོ་མ་ཅིག་བཙོག་པས། གལ་སྲིད་དགེ་ལུགས་པའི་མཁས་པའི་བརྩམས་ཆོས་ཤིག་ཡིན་ན་ས་སྐྱ་དང་བཀའ་བརྒྱུད་པ་སོགས་ཀྱིས་ཕལ་ཆེར་ལག་པ་ཡང་མི་འཆང་བ་དང་། དེ་བཞིན་དགེ་ལུགས་པའི་གྲྭ་པ་དག་གིས་རྙིང་མ་དང་བཀའ་བརྒྱུད་པའི་རྫོགས་ཆེན་ཕྱག་ཆེན་ལྟ་བུར་མིག་ཟུར་ཡང་མི་གཡོ་བའི་ལུགས་སྲོལ་གུ་དོག་འདི་འདྲ་ཞིག་ཕྱི་རྒྱལ་བ་ཚོའི་མང་ཤོས་ཤིག་ལ་མི་འདུག ཁོ་ཚོ་དེབ་འདྲ་མིན་ཀློག་རྒྱུའི་ལུགས་སྲོལ་དེའི་གཏིང་རུམ་དུ་བྱིངས་ཟིན་པས། ནང་ཆོས་ཀྱི་དེབ་ཅིག་ཡིན་ན་དེའི་རྩོམ་པ་པོ་དེའི་ཆོས་རྒྱུད་གང་ཡིན་རྩད་གཅོད་བྱེད་རྒྱུ་དེ་ཨང་དང་པོར་མི་འཇོག་པར་དེབ་དེའི་བརྗོིད་བྱ་དེ་ཅི་ཞིག་རེད་ཨང་དང་པོར་ལྟ་གིན་འདུག” བོད་ཀྱི་ཆོས་པའི་ཚོའི་སྤྱོད་པ་འདི་ཐན་ལྟས་ཆེན་པོ་ཞིག་ངོ་མ་རེད་འདུག་པས་མང་ཙམ་བཤད་ནས་སྤངས་དགོས་རིགས་རེད། ང་ལ་སུས་དྲིས་ན་བོད་པ་ཡིན་དང་། ཆོས་ལུགས་གང་ཡིན་བྲིས་ན་ནང་བ་ཡིན་ཟེར་གྱི་ཡོད། ངོ་ནས་བཤད་ན་ང་ནང་པ་ཡིན་མིན་ངས་རང་གིས་གསལ་བོ་མི་ཤེས་མོད། རང་ཉིད་ནང་ཆོས་ལ་མོས་མཁན་ཡིན་པས་ང་ནང་པ་ཡིན་ཟེར་རྒྱུར་དཔེ་དགའ་བོ་འདུག ས་དགེ་སོགས་གང་ཡིན་གལ་ཆེན་པོ་མ་རེད་བསམ། ད་ལམ་བརྗོད་གཞི་རན་ཤོས་ཤིག་འདམས་འདུག
ངས་ཀྱང་ཁ་སྔོན་བོད་མིའི་མིག་བྱས་པའི་མཆན་བུའི་ནང་ཕྱོགས་ཙམ་བསྟན་ཡོད། དེ་ནི་”བོད་པའི་ལ་རྒྱ་མི་མཐོང་བར་ཆོལ་ཁའི་ལ་རྒྱལ་ལ་མཐོང་། ནང་བ་སྤྱིའི་ལ་རྒྱལ་མི་མཐོང་བར་ས་དགེ་བཀའ་རྙིང་སོགས་ཀྱི་ལ་རྒྱ་གསལ་བོ་མཐོང་བ་སོགས་བོད་པའི་མིག་འདིས་ཆེ་ས་མི་མཐོང་ཡང་ཆུང་ས་མི་ནོར་བ་འདུག བོད་མིའི་མིག་ཁ་ཤས་ཕྱི་འགྲིབ་ནང་གསལ། ཆེ་འགྲིབ་ཆུང་མཐོང་གི་མིག་ལས་ངན་ཞིག་ཡིན་པ་འདྲ། སྟག་ནག་སྨྱོན་པས།” ཞེས་བྲིས་པ་དང་ཡང་མཐུན།
ལེགས་བཤད་སྨྱོན་པའི་ཁ་ནས་ཀྱང་ལེན་ཟེར་བ་ལྟར། གཤམ་གྱི་ཀླུ་སྨྱོན་གྱི་བརྗོད་པ་འདི་ལ་བསྔགས་བརྗོད། “དེ་ཡང་ང་ཚོ་བོད་པ་ལ་མཚོན་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་འཇིགས་སུ་རུང་བ་འདི་ངོ་མ་ཅིག་བཙོག་པས། གལ་སྲིད་དགེ་ལུགས་པའི་མཁས་པའི་བརྩམས་ཆོས་ཤིག་ཡིན་ན་ས་སྐྱ་དང་བཀའ་བརྒྱུད་པ་སོགས་ཀྱིས་ཕལ་ཆེར་ལག་པ་ཡང་མི་འཆང་བ་དང་། དེ་བཞིན་དགེ་ལུགས་པའི་གྲྭ་པ་དག་གིས་རྙིང་མ་དང་བཀའ་བརྒྱུད་པའི་རྫོགས་ཆེན་ཕྱག་ཆེན་ལྟ་བུར་མིག་ཟུར་ཡང་མི་གཡོ་བའི་ལུགས་སྲོལ་གུ་དོག་འདི་འདྲ་ཞིག་ཕྱི་རྒྱལ་བ་ཚོའི་མང་ཤོས་ཤིག་ལ་མི་འདུག ཁོ་ཚོ་དེབ་འདྲ་མིན་ཀློག་རྒྱུའི་ལུགས་སྲོལ་དེའི་གཏིང་རུམ་དུ་བྱིངས་ཟིན་པས། ནང་ཆོས་ཀྱི་དེབ་ཅིག་ཡིན་ན་དེའི་རྩོམ་པ་པོ་དེའི་ཆོས་རྒྱུད་གང་ཡིན་རྩད་གཅོད་བྱེད་རྒྱུ་དེ་ཨང་དང་པོར་མི་འཇོག་པར་དེབ་དེའི་བརྗོིད་བྱ་དེ་ཅི་ཞིག་རེད་ཨང་དང་པོར་ལྟ་གིན་འདུག” ཞེས་པའི་བརྗོད་དུམ་འདི་ལ་འཐད་པོ་བྱུང།
དེ་ནི་བོད་ཀྱི་ཆོས་པ་ཚོའི་ཀུན་སློང་འདི་ཐན་ལྟས་ཆེན་པོ་ཞིག་ངོ་མ་རེད་འདུག་པས་མང་ཙམ་བཤད་ནས་སྤངས་ཏུ་འཇུག་ཨེ་ཐུབ་ལྟོས། མདོ་དོན་ཆོས་པ་འདི་ཚོས་གཅིག་ལ་དད་པ་བྱེད་མཁན་ཡོད་པ་མཐོང་ན་ཕྲག་དོག་ལངས་པ་རེད། ཚང་མས་རང་ཉིད་གཅིག་པོ་ལ་མ་གཏོགས་དད་པ་བྱེད་མི་ཆོག་མདོག་མདོག་བྱེད་པ་ཆེས་ཁྲིམས་འགལ་དང་ཧམ་སེམས་ཀྱི་ཀུན་སློང་ཞིག་རེད་འདོད། ང་ལ་སུས་དྲིས་ན་བོད་པ་ཡིན་དང་། ཆོས་ལུགས་གང་ཡིན་བྲིས་ན་ནང་བ་ཡིན་ཟེར་གྱི་ཡོད། ངོ་ནས་བཤད་ན་ང་ནང་པ་ཡིན་མིན་ང་རང་གིས་ཀྱང་གསལ་བོ་མི་ཤེས་མོད། རང་ཉིད་བོད་པ་ཡིན་པ་དང་བོད་པ་ནང་ཆོས་ལ་དགའ་བོ་ཡོད་སྟབས། བོད་པ་དགའ་ས་ལ་ང་རང་ཡང་དགའ་ཡོད་པས་ང་ནང་པ་ཡིན་ཟེར་རྒྱུར་དཔེ་དགའ་བོ་འདུག ས་དགེ་སོགས་གང་ཡིན་བྱེ་བྲག་ཅིག་ཡིན་ཟེར་རྒྱུར་དགའ་བོ་མེད། གང་ཡིན་ཟེར་ན་ང་རང་དབང་ལ་དགའ་བོ་ཡོད། ཆོས་ལུགས་ཚང་མར་ཐོས་བསམ་བྱེད་རྒྱུའི་རང་དབང་བློས་གཏོང་གི་མ་རེད། ཆོས་དཔོན་གཅིག་ལ་ཚེ་དད་བྱས་ནས་གཞན་པ་ཚང་མར་རྒྱབ་གཏོད་བྱེད་པའི་འུ་ཐུག་བློ་ཆུང་དེ་འདྲ་ང་མིན།
ང་སློབ་གྲྭ་འགྲོ་མྱོང་། སློས་གྲྭའི་ནང་སྐད་ཡིག་དང་དངོས་ལུགས། མཚན་རིགས་དང་ལོ་རྒྱུས། སྙན་ངག་དང་ཆབ་སྲིད་སོགས་མི་འདྲ་བའི་སློབ་ཚན་མང་པོ་སྦྱོང་རྒྱུར་དགའ་བོ་ཡོད། ས་དགེ་བཀའ་རྙིང་བཞིའང་ཆོས་ལུགས་སློབ་གྲྭའི་ནང་གི་་སློབ་ཚན་མི་འདྲ་བ་བཞི་ཡིན་པས་སློབ་ཚན་གཅིག་ལ་དགའ་བོ་དང་གཅིག་ལ་མི་དགའ་བ་བྱེད་དོན་མི་འདུག། སློབ་ཚན་མི་འདྲ་བ་ག་ཚོད་མང་པོ་སྦྱང་ཐུབ་ན་དེ་ཚོད་ཀྱི་སྤོབས་པ་སྐྱེས་ཀྱི་འདུག
ཁ་སྔོན་བོད་མིའི་མིག་བྱས་པའི་མཆན་བུའི་ནང་ཕྱོགས་ཙམ་བསྟན་ཡོད། དེ་ནི་ “བོད་པའི་ལ་རྒྱ་མི་མཐོང་བར་ཆོལ་ཁའི་ལ་རྒྱལ་ལ་མཐོང་། ནང་བ་སྤྱིའི་ལ་རྒྱལ་མི་མཐོང་བར་ས་དགེ་བཀའ་རྙིང་སོགས་ཀྱི་ལ་རྒྱ་གསལ་བོ་མཐོང་བ་སོགས་བོད་པའི་མིག་འདིས་ཆེ་ས་མི་མཐོང་ཡང་ཆུང་ས་མི་ནོར་བ་འདུག བོད་མིའི་མིག་ཁ་ཤས་ཕྱི་འགྲིབ་ནང་གསལ། ཆེ་འགྲིབ་ཆུང་མཐོང་གི་མིག་ལས་ངན་ཞིག་ཡིན་པ་འདྲ། སྟག་ནག་སྨྱོན་པས།”ཞེས་བྲིས་པ་དང་ཡང་མཐུན། བརྗོད་གཞི་འདི་འདྲ་བྲིས་ན་རན་པོ་འདུག དེ་འདྲ་བྱས་ན་ཁྱེད་ང་ལ་མི་དགའ་ནའང་ང་ཁྱེད་ལ་ཁྲོ་འདོད་མི་འདུག
ཉལ་འཕོའི་རྣལ་འབྱོར་དེ་འགྲེལ་བཤད་གྲ་རྒྱས་པོ་ཞིག་རྒྱག་མི་ཐུབ་བ། དེ་ཅིག་ཤེས་ན་འདོད་ནི།
ནང་པའི་ལུགས་སྲོལ་གསར་མིན་རྙིང་མིན་ཞིག་ལ་”མ་གསོལ་བར་མི་བྱའོ་”ཞེས་པ་ཞིག་ཡོད་པ་རེད། གལ་སྲིད་གསོལ་བ་འདེབ་མཁན་རེ་ཡོད་ན་ཉལ་འཕོའི་སྒོམ་ལུང་ཁ་པར་དང་སི་ཀ་ཡེབ་བརྒྱུད་ནས་སྦྱིན་པར་བྱ། རྒྱལ་ཁབ་གཞན་དུ་ཡོད་པའི་ནང་ཆོས་དད་ལྡན་པ་འགའ་རེར་ངས་དེ་ལྟར་བྱས་པ་ཡིན། སྟག་སྨྱོན་དང་ངེད་གཉིས་ལ་འདོད་ཚུལ་མཐུན་ས་གང་མང་ཞིག་འདུག ཞིབ་ཏུ་བསམས་ན་ལོས་ཡིན། ད་དུང་ས་སྒང་རིལ་རིལ་འདིའི་སྟེང་དུ་མཁའ་དབུགས་གཅིག་རྔུབ་བཞིན་བསྡད་ཡོད་པ་རེད། གོང་གི་ངའི་འདྲ་པར་དེ་ང་རང་ཁྱབ་བསྒྲགས་ཀྱི་ཆེད་དུ་ཡིན། དེ་ངས་ཁས་ལེན་ཐུབ། ང་ནི་འཇིག་རྟེན་གྱིས་ཕྱི་ཚོས་ནང་ཚོས་བྱས་ནས་ཡོད་པའི་མི་ངན་རིགས་བཞིའི་ནང་གི་གཅིག་ཡིན། རིག་གནས་གསར་བརྗེ་གཉིས་པ་རེ་མ་ཐོན་བར་དུ་ང་དང་ང་འདྲ་བ་ཚོའི་བསྲན་པ་འདི་སུ་ཡིས་བསྣུབ་འདོད་ཀྱང་རང་རང་གི་བསམ་ངན་ཕྱིར་མངོན་པ་ཙམ་མ་གཏོགས་ནུས་པ་ཅི་ཡང་ཐོན་གྱི་མ་རེད། དེང་སང་ཆོས་ཟབ་མོ་ཟང་ཟིང་བྲིན་པའི་དུས་ཚོད་ཀྱི་དཀྱིལ་དུ་བསླེབས་བསྡད་ཡོད་པ་རེད་ལ། ང་དང་ང་འདྲ་བ་ཚོས་ཀྱང་དུས་ཚོད་ཏག་ཏག་འདི་ཧ་གོ་ནས་ཅིག་འཁྲབ་ཨེ་ཐུབ་ལྟ་གིན་ཡོད་པ་རེད། ཡིན་ན་ཡང་གལ་སྲིད་ཚེ་ཕྱི་མ་ཟེར་བའི་འགྲོ་ས་ཞིག་དང་གཤིན་རྗེ་ཆོས་རྒྱལ་ཟེར་བའི་འཇིགས་པོ་ཞིག་ཡོད་ན། ང་དང་ང་འདྲ་བའི་རིགས་ཀྱིས་འཇིག་རྟེན་མི་ཡུལ་ནས་བསགས་པའི་ནག་ཉེས་ཐམས་ཅད་གསང་ས་སྦ་ས་གཅིག་ཀྱང་ཡོད་པ་མ་རེད།
ཆད་ནོར།
འཇིག་རྟེན་གྱིས། འཇིག་རྟེན་ཆོས་བརྒྱད་ཀྱིས།
བསྲན་པ། བསྟན་པ།
ཀླུ་སྨྱོན་ཁྱེད་རང་ནི་འཇིག་རྟེན་ཕྱི་མ་ཟེར་བ་ཞིག་ཡོད་པར་ཡིད་ཆེས་ཡོད་མཁན་གྱི་གྲངས་ཡིན་ནམ་མིན། དེ་ནས་ག་ལེར་བཤད་ཆོག སྐད་ཆ་འདི་ལ་ལན་ཞིག་གནོང་དང་།
སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་སྐོར་འདི་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཚོས་གཞལ་བྱའི་གནས་གསུམ་ལས་ཤིན་ཏུ་ལྐོག་གྱུར་གྱི་གྲས་སུ་བཞག་ཡོད་པ་རེད། འདི་ལུང་ཙམ་དང་མི་གཞན་གྱིས་སྐྱེ་བ་སྔ་ཕྱི་དྲན་པ། རྣམ་ཤེས་ཀྱི་རིགས་འདྲའི་རྒྱུན་མི་འཆད་པ་སོགས་ཀྱིས་བསྒྲུབ་དགོས་པ་མ་གཏོགས། མངོན་གྱུར་གྱི་དངོས་པོ་བཞིན་མིག་ལ་སྟོན་རྒྱུ་དང་ལག་པས་འཇུ་རྒྱུ་ཞིག་མ་རེད། དེའི་ཕྱིར་བོད་པའི་སྤྲུལ་སྐུའི་ལམ་ལུགས་འདི་ལ་ཁ་གཡར་ས་ཞིག་རྙེད་པ་རེད་། ནང་པའི་ཆོས་ལུགས་འདི་ལ་གནས་འཆའ་ས་ཞིག་རེག་པ་རེད།
དེ་རིང་ཨ་ལགས་ཀྱི་ཆོས་གསུང་གིན་འདུག་ཟེར་ནས་ཉན་གིན་ཡོང་བ་ཡིན་མོད། མ་གཞི་སྐུ་ཉིད་ཀྱི་ཁྱབ་བསྒྲགས་ཐུང་ཐུང་ཞིག་རེད་ལོ། ཡིན་ནའང་ཁྱད་མི་འདུག འདི་མོ་འདིས་སུ་གང་ལ་ཕན་པ་མེད་རུང་གནོད་པ་ཉུང་གི མུ་མཐུད་དུ་གང་ལ་གང་འདུལ་བྱེད་རོགས། ཡོང་སྒོ་རེ་ཡོད་ན་ང་ཡང་མ་བརྗེད་རོགས། བོད་ནང་ལ་འཆར་གཞི་ཆུང་ཆུང་ཞིག་ཡོད།
བྱེ་སྨྲ་བ་རེ་འགས་སྟོན་པ་མྱ་ངན་ལས་འདས་རྗེས་རྣམ་ཤེས་རྒྱུན་ཆད་པར་འདོད་པ་དང་། རྒྱུ་མཚན་ནི་ཁོ་ཚོས་འཁོར་བའི་ནང་དུ་སྐྱེ་བ་ལེན་པའི་རྩ་བ་དེ་ལས་དང་ཉོན་མོངས་པ་དེ་དག་ཡིན་པ་དང་། ནམ་ཞིག་ཉོན་མོངས་བཅོམ་ཚེ་སྐྱེ་བའི་རྒྱུན་དང་རྣམ་ཤེས་ཀྱི་རྒྱུན་གཉིས་ཀ་ཆད་པར་འདོད་པ་རེད། དེའི་ཕྱིར་ཁོ་ཚོའི་ལུགས་ལ་སངས་རྒྱས་མྱ་ངན་ལས་འདས་རྗེས་སངས་རྒྱས་མེད་པ་ཆགས་སོང་བས། སངས་རྒྱས་ཀྱི་སྐུ་བརྙན་ལ་ཕྱག་འཚལ་བ་ནི་སངས་རྒྱས་རྗེས་དྲན་ཙམ་དང་དེ་ལ་བརྟེན་པའི་བསོད་ནམས་གསོག་པར་ངོས་འཛིན་བྱེད་པ་མ་གཏོགས། ཐེག་པ་ཆེན་པོ་དང་ཁྱད་པར་དུ་གསང་སྔགས་པས་སྐུ་བརྙན་དམ་ཚིག་པ་དེ་ལ་ཡེ་ཤེས་པ་མངོན་སུམ་དུ་བཞུགས་ཡོད་པའི་ཡིད་ཆེས་བྱེད་པ་དེ་འདྲ་ཞིག་ཐེག་དམན་པ་ཁོ་ཚོའི་ཀླད་པའི་ཟུར་ཞིག་ཏུ་ཡང་མེད་པ་རེད། ཡིན་ན་ཡང་ཇི་སྲིད་ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པའི་རྗེས་སུ་འབྲང་བའི་དུས་དེ་སྲིད་དུ་ཉོན་མོངས་མ་བཅོམ་བར་དུ་དང་། ཡང་ན་སངས་མ་རྒྱས་བར་དུ་དང་། དེ་བཞིན་འཁོར་བ་མ་སྟོངས་བར་དུ་རྣམ་ཤེས་ཤིག་རྒྱུན་ཆད་མེད་པར་སྟོང་ཆེན་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་འཁོར་སྐྱོད་བྱེད་བཞིན་གནས་དགོས་པ་དེ་ཁས་མི་ལེན་ཀ་མེད་རེད་དོ།།
ལགས་སོ། སྤྲུལ་སྐུ་ལགས། དོན་གྱི་ཁྱེད་རང་གིས་སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་ཡོད་པ་ཁས་ལེན་གྱི་ཡོད་ཟེར་གསལ་བོ་བཤད་ན་མ་འགྲིག་པ་མེད་ཀྱང་། མང་བོ་མང་བོ་ཞིག་བཤད་མཐར་ཁས་མི་ལེན་རང་ལེན་རེད་ཟེར་ནས་འུ་ཐུག་པས་སྐད་ཆ་ཞིག་གསུང་འདུག རྒྱུ་མཚན་དང་གནས་ལུགས་མང་བོ་ཞིག་ངས་ཁྱེད་རང་ལ་དྲིས་མེད། ཐད་གར་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཡིད་ཆེས་ཡོད་དམ་མེད་ཟེར་བ་དེ་ཡིན། ཁྱེད་རང་གིས་འུ་ཐུག་ནས་ཁས་ལེན་བྱེད་ཀྱི་ཡོད་དམ། ཡང་ན་རང་སྟེང་ནས་སྐྱེ་བ་སྔ་ཕྱི་ལ་ཁས་ལེན་བྱེད་པའི་མྱོང་ཚོར་ཕྲན་བུ་ཞིག་སླེབས་ཀྱི་འདུག་ལགས། ཡོད་ན་ནི་དེ་ནས་ག་ལེར་བཀའ་འདྲི་གཞན་དག་བྱེད་ཆོག དེ་མིན་སྒྲུང་མང་བོ་ཞིག་བཤད་དགོས་དོན་མེད། ངས་ཁྱེད་རང་ལ་ཡིད་ཆེས་ཡོད་མེད་གཅིག་བུ་ལས་གཞན་འདྲི་བཞིན་མེད་ལགས། གུས་ཚིགས་མ་སྤྱར་ན་ཡང་གུས་མེད་ཟེར་མི་སྲིད་པ་མ་རེད།
ལོ་འགའི་སྔོན་ངས་ལོ་སི་ཨེན་ཇུ་ལིས་སུ་རུ་ཡོད་པའི་ཐེ་ལན་གྱི་ཐེག་དམན་པའི་སློབ་དཔོན་ཆེན་པོ་ཞིག་ལ་ཁོ་ཚོས་སངས་རྒྱས་རྗེས་རྣམ་ཤེས་རྒྱུན་འཆད་ལུགས་ཇི་འདྲ་ཞིག་ཡིན་ཚུལ་བཀའ་འདྲི་ཞུས་པ་ཡིན་ལ། ཁོང་གིས་ཧ་ཅང་ཐུགས་ལྷོད་དང་བཅས། དེ་ནི་ཧ་ཅང་གསལ་བོ་རེད། དཔེར་ན་མེ་ཏོག་གི་ས་བོན་མེས་བསྲེགས་པ་ལྟ་བུ་རེད། ས་བོན་མེས་ཚིགས་པའི་རྗེས་སུ་ས་བོན་གྱི་སྐྱེ་བའི་ནུས་པ་ཉམས་ཚར་བ་རེད། དེ་བཞིན་ཉོན་མོངས་བཅོམ་ཚར་བའི་རྗེས་སུ་རྣམ་ཤེས་ཀྱིས་ཡང་ཡང་སྐྱེ་བ་ལེན་པའི་ནུས་པ་དེ་ཉམས་ཚར་བ་རེད་གསུངས་སོང་བས། སྐབས་དེའི་ངའི་སེམས་ནང་ལམ་སེང་ས་པཎ་གྱིས། ས་བོན་ཐོག་མ་མེད་ན་ཡང་། །མེས་བསྲེགས་པས་ན་ཕྱི་མཐའ་མཐོང་། །དེ་བཞིན་འཁོར་བ་མཐའ་མེད་ཀྱང་། །ཉོན་མོངས་སྤངས་པས་ཕྱི་མཐའ་མཐོང་། །།ཞེས་པ་
དེ་ཝ་ལེར་དྲན་སོང་། འདི་གཅིག་བྱོས། དེ་ནས་སྐྱེ་བ་ཕྱི་མའི་དམྱལ་བའི་གནས་ཟེར་བའི་ལམ་རིམ་སོགས་ལས་གསུངས་པའི་ས་ཆ་འཇིགས་པོ་དེ་འདྲ་ཞིག་ཏུ་འགྲོ་ས་ཡོད་དང་མེད་ཀྱང་དྲི་བ་ཞིག་རེད། རྒྱལ་སྲས་ཞི་བ་ལྷས། ལྕགས་སྲེག་ས་གཞི་ཅི་ལས་བྱུང་། །ནས། སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་དམྱལ་བའི་གནས་རིས་དེ་ཚོ་སྡིག་སེམས་ཀྱི་འཁྲུལ་ངོར་ཤར་བའི་གཟུགས་བརྙན་ཙམ་ཞིག་མ་གཏོགས་དེ་འདྲའི་དངོས་ཡོད་ཀྱི་དམྱལ་ཁམས་ཤིག་མེད་པ་ལྟ་བུར་གསུངས་ཡོད་པ་དང་། ཡིན་ན་ཡང་ཆོས་མངོན་པ་བ་སྤྱི་དང་ཁྱད་པར་དུ་འཆིམ་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་དུ། དམྱལ་བའི་གནས་རིས་དང་ཁྱད་པར་གཤིན་རྗེའི་འཇིག་རྟེན་ཞིག་ཡོད་པ་དང་དེའི་དམྱལ་སྲུང་དེ་ཚོ་ཡང་དེར་སྐྱེས་པའི་འགྲོ་བ་སེམས་ཅན་བཙོ་སྲེག་བྱས་པའི་ལས་ཀྱི་རྣམ་སྨིན་གྱིས་དམྱལ་བ་དེ་རུ་སྐྱེ་དགོས་ལུགས་དཔེར་ན་འཇིག་རྟེན་མི་ཡུལ་གྱི་ཉེན་རྟོག་པ་ཚོས་མི་བཙོན་དུ་འཇུག་པ་དང་རྡུང་རྡེག་བྱས་པའི་རྣམ་སྨིན་མྱོང་ཚུལ་ལྟ་བུ་ཞིག་གསུངས་ཡོད་པས། སྐྱེ་བ་སྔ་ཕྱིའི་རྣམ་གཞག་འདི་ནི་བློ་དམན་པ་ཚོའི་ཡིད་ཆེས་ཀྱི་གནས་ཤིག་ཡིན་གྱི་བརྟག་དཔྱད་ཀྱི་གནས་ཤིག་མ་ཡིན་ནོ།།
རྡོག་རྡོག་དེ་ནི། སྐྱེ་བ་སྔ་ཕྱི་ཡོད་ན་ཡང་། འགྲོ་བ་རིགས་དྲུག་ནང་གི་དམྱལ་ཁམས་དང་ཡི་དྭགས་ཀྱི་འཇིག་རྟེན་ཟེར་བ་དེ་ཚོ་ཉིག་ཡོར་གྲོང་ཁྱེར་ལྟ་བུ་ཞིག་ཡིན་ནམ་འཁྲུལ་སྣང་གི་འཆར་ལུགས་ཤིག་ཡིན་ང་ལ་མཚོན་ན་ད་དུང་ཐེ་ཚོམ་རེད།
མཛོད་དང་ལམ་རིམ་ལས་གསུངས་པའི་ས་འོག་གི་ཚ་དམྱལ་ལམ་ཚ་བའི་འཇིག་རྟེན་དེ་ནི་ཚན་རིག་གི་གྲུབ་དོན་བཞིན་ས་འོག་ཐམས་ཅད་མེ་ཞུན་གྱིས་ཡོངས་སུ་ཁེངས་འདུག་པས་ཐེ་ཚོམ་མི་དགོས་པ་ཞིག་རེད། ཡིན་ན་ཡང་གྲང་དམྱལ་ཡང་ས་འོག་ཏུ་ཡོད་ལུགས་གསུངས་པ་ད་ལྟ་ཚན་རིག་པས་སྟེང་གི་གླིང་སྣེ་ལྷོ་བྱང་ལ་སོགས་པའི་འཁྱག་རི་གང་མང་རྙེད་པ་མ་གཏོགས་ས་འོག་ཅིག་ཏུ་གྲང་དམྱལ་ལམ་འཁྱག་པའི་འཇིག་རྟེན་ཞིག་ཡོད་པ་ད་དུང་རྙེད་མེད་ལ། སའི་གོ་ལའི་གཙོས་པའི་རྒྱུ་སྐར་དང་བརྟན་སྐར་མང་གང་ཞིག་གི་ནང་སྙིང་དེ་དྲག་ཏུ་འབར་བཞིན་པའི་རྡོ་ཞུན་ཡིན་པ་ཚན་རིག་གི་གྲུབ་དོན་ཞིག་རེད། ཡིན་ན་ཡང་གྲང་དམྱལ་བའི་སྣང་ངོར་ས་འོག་ཅིག་ཏུ་གྲང་དམྱལ་ཞེས་པ་བཤེས་སྤྲིངས་ལས་གསུངས་པ་ལྟ་བུའི་མུན་ནག་དང་གྲང་རླུང་གིས་ཁྱབ་པའི་འཁྱག་པའི་འཇིག་རྟེན་ཞིག་འགྲུབ་ལོས་ཀྱང་ཆོག འཁོར་འདས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་པའི་ཕྱག་རྫོགས་ཀྱི་ལྟ་བ་འདི་ལ་གོ་རྒྱུ་རེ་མེད་ན། ཡོངས་སུ་གྲུབ་པའི་འཇིག་རྟེན་གྱི་རྣམ་གཞག་གང་མང་ཞིག་ལ་སྐྱག་གཏད་ཅི་ཡང་མི་འདུག་གོ།།
དོན་དངོས་སུ། ཨ་ལགས་ལ་ཁ་གཏད་ཆོག་མཁན་མེད་པ་འདྲ། ཆོས་བཤད་དགོས་ན་ཆོས་བཤད་རྒྱུ་འདུག འཇིག་རྟེན་བཤད་དགོས་ན་འཇིག་རྟེན་བཤད་རྒྱུ་འདུག འོན་ཀྱང་། འཇིག་རྟེན་བཤད་པ་དང་མྱོང་བ་གཉིས་ལ་ཁྱད་པར་ཅུང་ཙམ་ཡོད་རྒྱུ་རེད་བསམ་གི་
ངེད་ཀྱི་བསམ་ན། ཨ་ལགས་ཁྱེད་ཀྱི་ན་བཟའ་དེས་ཁྱེད་ལ་འཇིག་རྟེན་གྱི་མྱོང་བྱ་མང་པོ་ཞིག་བཀག་ནས་འདུག་སྙམ། ངེད་ལ་རྨོངས་འཆར་གཞན་ཞིག་ཡོད། ད་ནི་རབ་བྱུང་བ་ཚོས་འཇིག་རྟེན་ཉམས་སུ་མྱོང་བ་དང་སྤྱད་པ་གཉིས་བ་ཐུབ་པའི་ལམ་ཞིག་ཡིན།
ཉིན་འགར་ང་ལ་བསམ་བློ་གཏོང་བའི་གོ་སྐབས་ཤིག་སྤྲད་དང་། ངས་རྨོངས་འཆར་ཞིག་འཁྱེར་ནས་ཡོང་ཡ།
རྗེས་སུ་ཁ་བརྡ་རིམ་གྱིས་བཤད་ཡ། སྐུ་གཟུགས་ལ་བདག་སྐྱོང་གནང་།
ནོར་བཅོས། སྤྱོད་རྒྱུ་ཡོད་པའི་ལམ་ཞིག་ཡིན།
གོང་དུ་བཀུར་འོས་དྲ་གྲོགས་ཤིག་གིས་འདི་མོ་འདིས་སུ་གང་ལ་ཕན་པ་མེད་རུང་། ཞེས་པའི་ཚིག་དུམ་དེས་ང་ལ་གོང་གི་ང་དང་ངའི་སློབ་མ་ཚོའི་འདྲ་པར་དེའི་རྒྱབ་ལྗོངས་སུ་བཞུགས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དེའི་སྐོར་ནས་ཅིག་ཞུ་དགོས་པའི་ཚོར་བ་ཞིག་སྤྲད་བྱུང་། ཐུབ་པའི་དབང་པོའི་སྐུ་བརྙན་འདི་ནི་འབྲུག་པའི་འབག་བཟོ་གྲགས་ཅན་ཞིག་གིས་བཞེངས་པ་དང་། དེའི་ནང་གཟུངས་སུ་དཔལ་ལྡན་ས་སྐྱ་གོང་མས་ས་སྐྱའི་ལོ་ངོ་ཆིག་སྟོང་རིང་ལ་ཉར་ཚགས་བྱས་པའི་རྒྱ་དཀར་ནག་བལ་བོད་ཀྱི་སངས་རྒྱས་བྱང་སེམས་དུ་མའི་སྐུ་གསུང་ཐུགས་གང་མང་ཞིག་ཡོད་ལ། ཤིན་ཏུ་རྩ་ཆེ་བ་ཞིག་ཨོ་རྒྱན་སྲིན་ཐོད་མ་ཞེས་པའི་སྲིན་པོའི་ཐོད་པ་གུ་རུ་རིན་པོ་ཆེ་སྐུ་དངོས་ཀྱི་ཉེར་སྤྱད་འཁྲུལ་མེད་ཡིན་པ་ཡོངས་སུ་གྲགས་པ་ཞིག་བཞུགས་པས། སྐུ་བརྙན་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་དཀར་པོ་དགེ་བའི་ས་བོན་ཁྱད་པར་ཅན་རེ་འཇོག་རྒྱུ་གདོན་མི་ཟ་བས། ཀླུ་སྨྱོན་ཁྱབ་བསྒྲགས་ཀྱི་ཞོར་དུ་དྲ་གྲོགས་ཁྱེད་ཅག་གི་རྒྱུད་ལ་ཡང་རྣམ་དཀར་གྱི་བག་ཆགས་རེ་བཞག་ཟིན་ཡོད་པས། སུ་གང་ལ་ཕན་པ་མེད་ཅེས་པའི་ཚིག་འདི་ལ་དེ་རིང་ངས་ངོས་ལེན་བྱེད་ཐབས་མི་འདུག སྤྱིར་ན་ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་བཞིན། །ཞེས་དཔལ་ལྡན་ཟླ་བས་གསུངས་པ་བཞིན། ཆུ་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱི་མཐོང་ཚུལ་མི་འདྲ་ཞེས་པའི་ནང་བའི་བཞེད་སྲོལ་ཞིག་ཡོད་པས། གོང་གི་དྲ་གྲོགས་བཀུར་བར་འོས་པ་དེའི་སྣང་ངོར་ངའི་འདྲ་པར་དེར་རིན་ཐང་ཅི་ཡང་མེད་པ་བདེན་ན་ཡང་། གལ་སྲིད་ནང་པའི་ཆོས་ལ་ཡིད་ཆེས་ཅུང་ཟད་རེ་ཡོད་ཚེ་ངའི་རྒྱབ་ལོགས་ཀྱི་སྟོན་པའི་སྐུ་བརྙན་དེ་ལ་དད་གདུང་གི་ཐལ་མོ་ལན་གཅིག་སྦྱོར་བར་ཅི་གནང་།
ནོར་ཆད།
སྐུ་གསུང་ཐུགས་གང་མང་། སྐུ་གསུང་ཐུགས་རྟེན་གང་མང་།
ས་སྐྱ་གོང་མས་ས་སྐྱའི། ས་སྐྱ་གོང་མས་ས་སྐྱའི་རྟེན་སྒམ་ལས་ཁོལ་དུ་ཕྱུངས་པའི་
དེ་བཞིན་གོང་དུ་དྲ་གྲོགས་དེས་བོད་ནང་ལ་འཆར་གཞི་ཆུང་ཆུང་ཞེས་པ་དེ་ལ། ངས་ཀྱང་ལོ་གཅིག་གི་སྔོན་དུ་གདུངས་དཀར་ཐེབས་རྩ་ཚོགས་པ་ཞེས་པ་ཞིག་གི་ལས་འཆར་ཡོངས་སུ་རྫོགས་པ་གྲ་སྒྲིག་བྱས་ཏེ་ལས་འགུལ་རྩོམ་གྲབ་ཡོད་དུས་བོད་ནང་དུ་དུས་ཟིང་ལངས་པ་དང་། དེ་དང་མཐུད་ནས་ངའི་ཕ་ཡུལ་གྱི་སློབ་ཆུང་གང་མང་ཞིག་ཁུ་བསྡུ་བྱས་ཏེ་རྫོང་ཐོག་ཏུ་གཅིག་སྡུད་བྱེད་རྒྱུའི་མགོ་བཙུགས་སོང་བས། རང་གི་འཆར་གཞི་དེ་རེ་ཞིག་ཕྱིར་འཐེན་བྱས་པ་ཡིན། ད་ལྟ་ངོ་མ་ཨ་རིའི་དཔལ་འབྱོར་སྐྱོ་རུ་སོང་བ་དང་། བོད་རྒྱའི་འབྲེལ་ལམ་ཟང་ཟིང་དུ་གྱུར་པ། ཀུན་ཕན་ཐེབས་རྩ་ཚོགས་པ་ལྟ་བུའི་ཚོགས་པ་ཆེན་པོ་ཚོར་ཡང་བོད་ནང་དུ་གཞུང་ཕྱོགས་ནས་ལྟ་ཚུལ་འདྲ་མིན་ཡོད་པའི་སྐད་ཆ་འདུག་པས། བོད་ནང་དུ་ཤེས་ཡོན་སློབ་གསོའི་ལས་འགུལ་རོགས་རམ་རེ་བྱེད་རྒྱུ་ཧ་ཅང་དཀའ་མོ་ཞིག་ཆགས་འདུག ཉིན་ན་ཡང་ཉི་མ་གཅིག ཁ་བ་བབས་པས་ཡག་བྱུང་། །ཁ་ཤུལ་ཉི་མ་དྲོ་བྱུང་། །ཞེས་པ་ལྟ་རེ་ཡང་འབྱུང་མི་སྲིད་པ་ག་ལ་ཡིན།
ཡིག་ནོར། གདུངས་དཀར། གདུགས་དཀར།
གོང་གི་འདྲ་པར་དེའི་སྟེང་དུ་རྡེག་གནོན་བྱས་ཚེ་ལྡབས་འགྱུར་གྱིས་ཆེན་པོར་མཐོང་ཐུབ།
དེ་རིང་གཞི་ནས་པར་དེ་ཆེ་རུ་བཏང་ནས་ཅིག་བལྟས་པ་ཡིན། དགའ་ལྡན་ལྔ་མཆོད་ཀྱི་ཉིན་ལ་རེད་ཀོ།
ཨོ་རེད་ལགས། ཁྱེད་རང་ཡང་ཐེ་ཚོམ་མང་བོ་ཞིག་གིས་རྒྱ་རུ་འཚུད་འདུག་པ་ནི་ཁག་མེད། ཡིན་ཡང་། ཚན་རིག་པས་རྙེད་པ་དེ་དག་ལ་ཁྱེད་རང་གི་ཡིད་ཆེས་བྱེད་ཀྱི་ཡོད་པ་འདྲ། དེ་འདྲ་རེད་དམ། ཁྱེད་རང་གིས་ཚན་རིག་པས་ཡོད་པར་བསྟན་ན་ཁས་ལེན་བྱེད་ཀྱི་ཡིན་ནམ།
རེད་ལགས། ད་དུང་ཞུ་རྒྱུ་ཞིག་ལ་ཁྱེད་རང་ཁྲི་ཐོག་དུ་བཞུགས་ནས་བསྡད་ཡོད་སྐབས་ཀྱི་ན་བཟའ་གྱོན་ལུགས་འདི་གང་གིས་ན་བཟའ་གྱོན་ལུགས་རེད་དམ། ལན་ཞིག་གནང་ན་འགྲིག་གམ།
ངའི་རྒྱབ་ཀྱི་སེར་བོ་དང་ཆོས་གོས་དང་སྣམ་སྦྱར་གང་ཡང་མ་རེད། འབྲུག་པའི་རས་གཟན་སེར་པོ་དེའི་གྲས་ཤིག་རེད། མི་གྲལ་ནས་རང་ཉིད་ལྷངས་ལ་འབུད་པའི་ཆེད་དུ་དང་དཀོན་ནག་གི་བུ་ལོན་བསྡུ་ཕྱིར་ཁོ་ན་ཡིན།
ཞྭ་མོ་དེ་ལ་ཨོ་རྒྱན་པད་ཞུ་ཟེར་གྱི་རེད། དགེ་ལུགས་པའི་རྩེ་ཞྭ་དང་ས་སྐྱ་པའི་ས་ཞུ་དེ་འདྲ་གང་ཡང་མ་རེད། ཤ་ཆང་རིག་གསུམ་ཚོགས་ཀྱི་འཁོར་ལོར་རོལ་ན་འགྲིག་གི་ཡོད་པའི་བརྡ་རྟགས་ཙམ་ཞིག་རེད།
ཡིན་ན་ཡང་དེ་རིང་དགའ་ལྡན་ལྔ་མཆོད་རེད། ཉིན་གང་རྗེ་བླ་མའི་རྣམ་ཐར་ལ་ཁ་མིག་ཡར་ལྟ་བྱེད་ཁུལ་བྱེད། སང་ཉིན་གང་ཤེས། མ་འོངས་པ་ལ་གོ་རིམ་མེད།
མཆན་༤༨པའི་ནོར་བཅོས། སེར་བོ་དང་། སེར་བོ་དེ་
བླ་མ་རྫིག་སེ་ཞིག་འདུག སྐུ་ཤ་ཡང་སྐམ་པོ་དང་ཐང་མདོག་ཁ་བ། གཟུགས་པོའི་གནས་སྟངས་ལ་བལྟས་ན། ང་ཚོའི་ཐམས་ཅད་མཁྱེན་པའི་མིང་ཅན་རང་གི་དོན་ལྔ་སྣོད་དྲུག་རེ་རེའི་བྱེད་ནུས་དང་ཟ་འཐུང་ཚལ་རིགས་སོགས་ཀྱི་འཚོ་བཅུད་དང་གསོ་ནུས་སྐོར་གང་ཡང་མི་ཤེས་པར་ཚིལ་ལི་དང་ཤ་གཅིག་པོ་ཟས་ཀྱི་མཆོག་ཏུ་བརྩིས་ནས་དེ་རྐྱང་རྐྱང་བཟས་ནས་གཟུགས་པོ་རྒྱགས་པ་ཕག་པ་ནང་བཞིན་ཆགས་ཡོད་པ་དེ་ཚོ་དང་བསྡུར་ཐབས་མི་འདུག
ཆོས་ཀྱི་ཤེས་ཡོན་གྱི་ཐོག་ནས་ཀྱང་བོད་ནང་གི་བླ་མ་བོད་ཡིག་དང་ཆོས་ཀྱི་སྐོར་ཤིན་ཏུ་ནས་ཀྱང་སྐྱོ་བ། མོ་རེ་བཏབས། ལྷ་གསོལ་ཀླུ་གསོལ་རེ་བྱས། སྡེ་དོན་ཚོ་དོན་དང་འཐབ་རྩོད་འཁྲུག་ལོང་གི་མགོ་འདོན་པ་བྱས་སྡོད་མཁན་དེ་ཚོས་འགྲན་ཐབས་ཅི་ལ་ཡོད།
ཁྱེད་རང་གིས་བླ་མ་བྱས་གསུངས་ཆོས་འདྲ་གནང་དེ་འདྲ་བྱས་བསྡད་ན་ལན་པོ་འདུག དེ་མིན་སྲིད་དོན་བཤད་ཁ་བྱས། གཞན་ལ་ཁ་བཏང་དེ་འདྲ་བྱས་བསྡད་ན་ཁ་བརྡ་དྲ་ཁང་ནང་ཁ་རྡུང་གཟེད་པ་ལས་མི་འདུག གཞན་པ་བཤད་མི་དགོས། སྟག་སྨྱོན་གཅིག་པོའི་ཁ་གཏད་ཀྱང་ཆོག་ལ་མ་ཆོག་ཅིག་རེད།
མགོན་པོ་ཁ་བདེ་འདི་ཨང་།
མ་འོངས་པ་མི་ཤེས་ན། ལོ་ངོ་དུ་མ་འབད་པ་བྱོས་དང་མ་འོངས་ངོ་ཤེས་ཅན་གྱི་བླ་མ་ཞིག་ལོས་ལོག རེ་བ་ཡོད། སྤྲུལ་སྐུ་ལགས། རང་གིས་རང་ལ་དཀོར་ཟན་ཟེར་དོན་ནི་གཞན་གྱིས་ཁྱེད་རང་ལ་དེ་ལྟར་མ་བཤད་སྔོན་དུ་རང་གིས་རང་ལ་བཏགས་ན་འོས་པ་དེ་ཤེས་ཡོད་པ་འདྲ། སྤྲུལ་སྐུ་སྤྱང་བོ་ཞིག་འདུག དེང་རབས་སྤྲུལ་སྐུ་ཟེར་ན་འདི་འདྲའི་རིག་ལམ་མྱུར་མོར་ཞིག་ཡིན་རྒྱུ་རེད།
ཇོ་བོ་ཨ་ཏི་ཤས། ཇི་ལྟར་འདབ་གཤོག་མ་རྒྱས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་པ་མིན། །ཞེས་དང་། ཞི་གནས་གྲུབ་པ་མ་ཡིན་པར། །མངོན་ཤེས་འབྱུང་བར་མི་འགྱུར་ལ། །དེ་ཕྱིར་ཞི་གནས་འགྲུབ་པའི་ཕྱིར། །ཡང་ནས་ཡང་དུ་འབད་པར་བྱ། །ཞེས་གསུངས་པས། མངོན་ཤེས་འགྲུབ་པའི་སྔ་རོལ་ཏུ་ཞི་གནས་བསྒྲུབ་དགོས། ཞི་གནས་འགྲུབ་པའི་སྔ་རོལ་ཏུ་དེའི་ཆ་རྐྱེན་སེམས་གནས་དགུ་དང་ཡིད་བྱེད་དྲུག་སོགས་ལ་འབད་དགོས་པས། ཨ་རི་ཟིང་འཚུབ་ཀྱི་ལུང་པ་འདི་ནས་སེམས་གནས་དགུ་བོ་ཕར་ཟད་དང་པོ་ཙམ་ཡང་ཧ་ཅང་དཀའ་ན། ང་ལྟ་བུ་ཞིག་གིས་ཞི་གནས་ཀྱི་འབྲས་རྟགས་སུ་གྱུར་པའི་མངོན་ཤེས་འགྲུབ་རྒྱུ་མེད་ན་ཡང་། སྡུག་ཐུག་ན་འཇུ་མི་ཕམ་པའི་སྒྱུ་མའི་བེའུ་བུམ་དུ་གསུངས་པའི་སྟག་པའི་བུ་ཆུང་རེ་བསྒྲུབ་ཨེ་ཐུབ་བལྟ་ཡ།
སྟག་པའི་བུ་ཆུང་ཟེར་ན་ཅི་རེད།
ཤིང་སྟག་པ་ཟེར་བ་ཞིག་ཡོད་པ་དེས་བུ་ཆུང་གི་གཟུགས་བརྙན་མཐེ་བོང་ཙམ་ཞིག་བཟོས། དེ་ནས་དེ་ལ་དམིགས་པའི་གཟུངས་སྔགས་ཤིག་གྲངས་ཀ་ངེས་ཅན་ཞིག་བགྲང་དགོས། སྔགས་གྲངས་དེ་ལེགས་འགྲུབ་བྱུང་ཚེ་སྟག་པའི་བུ་ཆུང་དེས་སྐད་ཆ་སྨྲ་སྟེ་འདས་མ་འོངས་ཀྱི་སྐོར་འཆད་ཡོང་། དེ་ནས་སྟག་པའི་བུ་ཆུང་དེ་རང་གི་གོས་ཀྱི་གོང་བའི་ནང་ལོགས་སུ་སྦས་ནས་ནམ་ཞིག་མི་གཞན་གྱིས་བྱ་བ་ཡག་ཉེས་ཀྱི་སྐོར་དྲིས་ཚེ་སྟག་པའི་བུ་ཆུང་དེས་རང་གི་རྣ་ནང་དུ་ཤུབ་བུར་ལབ་ཀྱི་རེད། འདི་ནི་ཚེ་སྔོན་སྔགས་པ་མང་པོས་ལག་ལེན་བྱེད་པ་དང་། དེང་སང་ཡང་དེའི་མན་ངག་གི་རྒྱུན་བཞུགས་ཡོད་ལ། ལག་ལེན་བྱེད་མཁན་ཡང་ཡོད་ཀྱི་རེད་བསམས། འདི་ལྟ་བུའི་མན་ངག་གི་སྐོར་ལ་ས་སྐྱའི་ཕྱོགས་སུ་རྡོ་རྗེའི་གོ་ཁྲབ་དང་རྙིང་བའི་ཕྱོགས་སུ་སྒྱུ་མའི་བེའུ་བུམ། ད་དུང་སྒྲུབ་ཐབས་ཀུན་བཏུས་དང་ཐ་ན་རྒྱུད་བཞི་སོགས་སུ་ཡང་ཐོར་རེ་བ་ཅི་མང་བཞུགས། ཡིན་ན་ཡང་འདི་དག་དྲ་ཚིགས་སུ་སྒྲོག་རྒྱུ་ཞིག་མིན་ཡང་མི་ཤེས། ལས་ཚོགས་འདི་དག་ལ་ཡི་དམ་རེའི་བསྙེན་པ་སྔོན་དུ་མ་སོང་བར་གང་དྲན་ལག་ལེན་དུ་བཏབ་ན་འགྲུབ་མིན་ཅི་རིགས་ཤིག་ཡོད་ལ། ཁམས་ཕྱོགས་ནས་བླ་རྒན་ཞིག་གིས་བུ་མོ་ཞིག་ལ་མོ་འགུག་གི་སྔགས་བཏབ་ནས་སྨྱོ་རུ་བཅུག་པའི་ལོ་རྒྱུས་ཀྱང་ཐོས་པས། རེ་ཞིག་འདི་ཙམ་གྱིས་ཆོག་པར་བྱའོ།།
ནོར་ཆད།
རྙིང་བའི་། རྙིང་མའི་
མིན་ཡང་མི་ཤེས། ཡིན་མིན་ཡང་མི་ཤེས།
དེ་ཡང་ཇི་སྐད་དུ།
སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།།
དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།
དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི།།
ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།།
ཞེས་པའི་དོན་སྙིང་ལས་མ་འདས་སོ།།
སྒོམ་ཉམས་ལེན་ཡག་ཤོས་དེ་གཉིད་དམ་ཡང་ན་གཉིད་ཁུག་སྡོད་དུས་ཡོང་གིན་ཡོད་པ་འདྲ། ༧གོང་ས་མཆོག་གིས་དབྱིན་ཡིག་གི་དེབ་ཞིག་ཏུ”Sleep is best meditation”ཞེས་གསུངས་ཡོད་ཐལ།
རྗེ་གུང་ཐང་བས།
“ཀྱེ་ཧུད་རྒྱལ་བའི་བསྟན་པ་འདི། །
དཔལ་དང་འབྱོར་བས་རབ་རྒྱས་ཀྱང་། །
བཤད་དང་སྒྲུབ་པ་ཆེས་ཕྲ་བས། །
བསམ་བཞིན་ཤེས་པ་སྙིང་ནས་འཕྱོ། །”
ཡང་ན།
“ལྟར་སྣང་བཤེས་གཉེན་དུ་མ་ཡིས། །
སྐྱེ་བོ་ཉམ་ངའི་གཡང་དུ་འདྲེན། །”
ཞེས་ཀྱང་ངོ་། །
སྟོང་བསམ་བྲག་ལ་འུག་པ་འཁོར་ཡང་རུང་།།
འུག་པའི་རང་གཤིས་མཚན་མོ་ཉིད་ཡིན་ན།།
ཉིན་མོ་འཁོ་བའི་རིགས་ལ་མཚན་མི་ཕན།།
དེ་ལས་རང་གི་སྤྱོད་པ་རང་སྲུང་དེ།།
ཉིན་མོ་དགོས་མཁན་དག་ལ་ལམ་ནོར་དུ།།
འཁྲིད་རྒྱུར་རེ་བ་མ་བྱེད་ག་ལེར་ཕེབས།།
རིག་པའི་ལུང་དང་རྒྱུ་མཚན་སྟར་སྣང་གིས།།
དེང་རབས་མི་ཡིས་བློ་ཁ་མི་ཁུགས་ན།།
རྟགས་དང་མཚན་མ་བྱུང་དུས་སླར་ཕེབས་ཤོག།
དེ་དུས་སྤྲུལ་ཁྱེད་གདུལ་སྐལ་རེ་ཟུང་ཞིག།
ཡོད་དུ་སྲིད་ངེས་ཀླུ་སྨྱོན་རིན་པོ་ཆེ།།
I am happy to hear from you words. I think all of your metion
དེང་སང་བོད་ཀྱི་བླ་སྤྲུལ་ཚོས
ཟབ་ཞིབ་ནང་ཆོས་འགྲེལ་ཚུལ་འདི
ཚན་རིག་ཟེར་པར་བསྟུན་དྲག་ནས
ེསྟོན་པའི་དགོངས་པ་བརླག་ཉེན་ཆེ