བོད་དང་རྒྱ་ནག་བར་གྱི་གནད་དོན་གྱི་ཕྱོགས་ངོས་གླེང་བ།
རྡོ་རྗེ།
– གཅིག བསམ་བློའི་རྩིག་གྱང༌།
བོད་ཀྱི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་སྣ་ཚོགས་ཤིག་མཐོང་དུ་ཡོད་ནའང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་ཆབ་སྲིད་དབང་ལུང་བསྒྱུར་བ༌། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཁམས་ཧྲིལ་པོ་སྲོང་བཙན་གྱི་སྐབས་བཞིན་གཅིག་བསྒྲིལ་གྱིས་བསྐྱངས་པ། འདི་ལོའི་ལོ་མགོ་ནས་ཆོལ་གསུམ་མི་མང་མ་བགྲོས་བསམ་པ་གཅིག་ཏུ་མཐུན་ནས་ཆིག་བསྒྲིལ་བྱུང་བ་བཅས་ནི་ལོ་རྒྱུས་ཀྱི་འགྱུར་མཚམས་གལ་ཆེན་གསུམ་རེད།
འདི་ལྟར་དཔྱད་སྐབས། སྲོང་བཙན་ནས་རྒྱལ་པོ་འུ་དུམ་བཙན་བར་དང༌། འུ་དུམ་བཙན་པོ་ནས་བོད་སིལ་བུར་འཐོར་ནས་ས་སྐྱ་པར་མ་ཐུག་གི་བར་དེར། རྒྱལ་ཁབ་ཀྱི་ངོ་བོ་བརླག་པར་བཤད་ཆོག་གི་རེད། དེ་བཞིན་རྒྱལ་ཞེན་ཡལ་བར་ངོས་འཛིན་བྱས་ཆོག་གི་རེད། གང་ལྟར་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཁམས་ཡུག་གཅིག་ཏུ་བསྒྲིལ་བ་ནས་རྒྱལ་ཞེན་གྱི་མེ་ཁ་ཞིག་གསོ་ཐུབ་པ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་རེད། ས་སྐྱ་པ་ནས་དགའ་ལྡན་ཕོ་བྲང་བར་དང༌། རྒྱལ་དབང་ལྔ་པ་ནས་བཅུ་གསུམ་པའི་བར་གང་ལ་དེད་ཀྱང༌། དོན་ངོ་མའི་ཆ་ནས་བྱས་ན། ཆོལ་གསུམ་མི་མང་མི་རེ་ངོ་རེའི་སེམས་ངོར་རྒྱལ་ཞེན་གྱི་རི་མོ་གསལ་ཐག་ཆོད་ཅིག་ནི་མངོན་ཐུབ་མེད། འདི་ཡང་གནས་སྟངས་ཀྱི་ཕྱོགས་ངོས་གཅིག་རེད།
ངའི་བསམ་ངོར། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་པ་དང༌། མུ་མཐུད་མནར་གཅོད་བཏང་དང་གཏོང་བཞིན་པ་གཉིས་ཀ་རྐྱེན་ངན་གྲོགས་ཤར་ལྟ་བུ་ཞིག་རེད། ག་ཚོད་ཀྱིས་མནར་གཅོད་བཏང་བ་དེ་ཚོད་ཀྱིས་རང་ཉིད་ལ་རང་ཉིད་ཀྱི་འཚོ་གནས་ཤིག་དགོས་པའི་སེམས་ཚོར་ཞིག་སྤེབས་བཅུག་ཡོད། སེམས་ཚོར་དེ་འདྲ་ཞིག་གི་ཀློང་ནས་ཕ་མེས་ཡང་མེས་ཀྱི་མཛད་རྗེས་ཡང་ཡང་དྲན་པ་དང་ཆབས་ཅིག རྒྱལ་ཞེན་གྱི་རི་མོ་ཞིག་འཁྲུངས་ཡོད་པ་རེད། ཁ་སང་དེ་རིང་ནི་བོད་ཀྱི་རི་ལུང་ཐང་གསམ་དུ་རྒྱལ་ཞེན་གྱི་མེ་ཏོག་སྣ་ཚོགས་པའི་བཞད་ཁ་ཡོངས་སུ་གྲོལ་བའི་དུས་སྐབས་རེད། འདི་ནི། མནར་གཅོད་འོག་ནས་བོད་མི་ཚོས་འཆི་གསོན་གཉིས་ལས་གསོན་ལམ་འདེད་པའི་སྟ་གོན་གཞི་རྒྱ་ཆེ་ཤོས་དང༌། མནར་གཅོད་ཀྱི་ཕམ་ཁའི་ཀློང་ནས་རྒྱལ་ཁའི་ཕྱོགས་སུ་གོམ་ཞེང་ཆེ་སྤོ་བྱས་པ་ཞིག་རེད། རྒྱ་ནག་གུང་ཁྲན་ཏང་འདི་བོད་ལ་བཀའ་དྲིན་ཆེ་སྐོར་ཞིག་ཡིན་གཅིག་མིན་གཉིས་བཤད་བསམ་ན། རྐྱེན་ངན་གྲོགས་ཤར་གྱི་ཕྱོགས་ངོས་འདི་ནས་བཀའ་དྲིན་གྱི་ཟ་ཟུར་ཙམ་བཙལ་མི་ཆོག་པ་མ་རེད། ཡང་གཅིག་བཤད་ན། འདི་ལོའི་ཆིག་བསྒྲིལ་དང་ཞི་བའི་ལས་འགུལ་འདི་ནི། དུས་རབས་ཕྱེད་ཀའི་དུས་ཡུན་ནང༌། རྒྱ་ནག་གཞུང་གིས་བོད་ལ་སྡུག་སྦྱོང་མནར་གཅོད་ཡ་ང་བ་བྱས་པའི་ངན་འབྲས་ཕྱིར་མངོན་བྱས་ཐེངས་ཤིག་ཀྱང་རེད།
མི་ལོ་ལྔ་བཅུ་དང་དྲུག་ཅུ་གང་ནས་ཚད་བཟུང་བས་ཀྱང་ཁྱད་མེད། རྒྱ་ནག་གུང་ཁྲན་ཏང་བོད་ལ་སླེབས་པ་ནས་བོད་མིའི་མགོ་ཐོག་ལ་ཉི་མ་དམར་པོ་ཤར་བ་རེད་ལ། ཉི་མ་དམར་པོ་དེ་ཉིན་མཚན་དབྱེར་མེད་དུ་ཤར་བ་རེད། བོད་དང་རྒྱ་ནག་གི་རིག་གནས་སེམས་ཁམས་མི་གཅིག་པ་དང༌། གོམས་སྲོལ་མི་གཅིག་པ་ཡིན་སྟབས། བོད་ཀྱི་རིག་གཞུང་དང་སེམས་ཁམས་ལྟར་ན། བཀྲ་མི་ཤིས་པའི་མཚོན་དོན་ཁག་ཅིག རྒྱ་ནག་ལ་མཚོན་ན་བཀྲ་ཤིས་པའི་མཚོན་དོན་དུ་འགྲོ་མིན་ལ་མ་ལྟོས་པར། མའོ་ཀྲུའུ་ཞི་ནི་ཉི་མ་དམར་པོ་རེད། ཟེར་བའི་གཞས་དེ་བོད་པ་ཚོར་བཙན་གྱིས་གཏོང་བཅུག བོད་པ་ཁག་ཅིག་ནས་ཀྱང་ལོ་ངོ་མང་པོའི་རིང་གཞས་དེ་དགའ་སྣང་ཆེན་པོས་བཏང༌། ཁ་སང་དེ་རིང་ཡང་བསྐྱར་གཏོང་མགོ་ཚུགས་ཡོད། དེ་ནི་འདི་འདྲ་རེད། བོད་པའི་རིག་གནས་སེམས་ཁམས་ཀྱི་ངོས་ནས་བཤད་ན། ཉི་མ་སེར་པོ་ནི་བཀྲ་ཤིས་པ་དང༌། ཉི་མ་དམར་པོ་ནི་བཀྲ་མི་ཤིས་པར་བརྩི་བ་ཡིན་པས། བོད་པ་ཞིག་གིས་བཏང་བའི་ཉི་མ་དམར་པོའི་བསྟོད་གླུ་དེ་ནི་སྡུག་བསྔལ་ཞིག་གི་མཚོན་དོན་ཡིན་པ་ལས། བཀྲ་ཤིས་ལོ་ལེགས་ཀྱི་མཚོན་དོན་ཞིག་གང་ནས་ཡིན། བོད་པ་ཚོས་ནི། མགོ་ཐོག་གི་ཉི་མ་སེར་པོ་ཞེས་བཀྲ་ཤིས་པ་དང༌། མགོ་ཐོག་ལ་ཉི་མ་དམར་པོ་ཤར་བ་རེད་ལབ་ན། སྡུག་ཐག་ཆོད་འགྲོ་བ་རེད། ངས་བསམས་ན། བོད་པ་ཚོས་ཉི་མ་དམར་པོའི་བསྟོད་གླུ་བླངས་ནས་རྒྱ་ནག་དམར་པོར་དམའ་འབེབས་ཀྱི་མཚམས་ཆད་མྱོང་ཡོད་པ་མ་རེད། ཡིན་ནའང༌། གནས་སྟངས་འདི་ནི་རྒྱ་ནག་གཞུང་གིས་བོད་སེམས་གུང་ཁྲན་ཏང་ལ་ཕྱོགས་ཟིན་པའི་མཚོན་རྟགས་སུ་བརྩི་བ་རེད།
གཉིས། བདེན་རྫུན་འཐབ་རྩོད།
བཙན་འཛུལ་དང་གཉའ་གནོན། མཐོང་ཆུང་དང་ཁྱད་གསོད་བཅས་ནི་མི་སུ་དང་གང་གིས་ཀྱང་མི་འདོད་པ་མཐར་ཐུག་པ་དེ་རེད། བོད་པ་ཚོར་མཚོན་ན། མི་འདོད་པ་མཐར་ཐུག་པ་འདིའི་སྟེང༌། བོད་ཞེན་འདོར་དགོས་པ་དང༌། རང་ཉིད་ཀྱི་གཙོ་འཛིན་ལ་དད་མོས་མི་ཆོག་པ་ནི་ཉིན་མཚན་དུས་དྲུག་གི་བསྲུང་བྱ་ཡིན་དགོས་པ་དང༌། དེ་ནི་རྒྱལ་ཁབ་ཀྱི་བརྟན་བརླིང་དང་འབྲེལ་བ་ཡོད་པའི་འགྲེལ་བཤད་ཀྱིས་ལྕིབས་ནས་གཉའ་གནོན་བྱེད་ཐེངས་རེར། བདེ་སྡུག་ཞུ་ཡུལ་ཞིག་རང་བཞིན་གྱིས་སེམས་ངོར་ལྷང་ངེར་འཆར་འོང་བ་ནི། སྐྱབས་མགོན་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་ཡིན་སྟབས། བཙན་བྱོལ་བོད་གཞུང་མ་ལག་དང་བཅས་པས་བོད་མིའི་གནས་སྟངས་྄གླེང་བའི་སྙན་ཐོ་ཁག་ནི། རྒྱལ་སྤྱིའི་དོ་སྣང་གི་སེམས་སྣེ་གཏོད་ས་དང་བོད་མིའི་བདེ་སྡུག་ངོ་མར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ལ་མཚོན་ན། འདི་ནི་རང་ཉིད་ནས་གང་ཞིག་མི་འདོད་པའི་མཐར་ཐུག་པ་དེ་རེད། བོད་དང་རྒྱ་ནག་གཞུང་བར་གྱི་འགལ་ཟླ་ནི་གཞི་རྩ་འདིར་ཐུག་ནས་བསྡད་ཡོད་པའི་འགལ་ཟླ་ཞིག་ཡིན་སྟབས། འགལ་ཟླ་འདི་ཡོངས་སུ་མེད་པ་བཟོ་བ་ལ། ངེས་པར་དུའང་བོད་མིའི་རེ་འདུན་དང་དགོས་མཁོ་ངོ་མ་གཞི་ལ་བཞག་པའི་ཐག་གཅོད་ཅིག་གིས་མ་གཏོགས་གཞན་གང་གིས་ཀྱང་མེད་པ་བཟོ་ཐུབ་ཐབས་ཡོད་པ་མ་རེད། དོན་འདིས། རྒྱ་ནག་གཞུང་ལ་དངོས་འབྲེལ་གྱི་བརྟན་བརླིང་དང་ཁ་བྲལ་དུ་མི་འགྲོ་བ་ཞིག་དགོས་ཀྱི་ཡོད་ན། སྔ་རྗེས་ལ་མ་ལྟོས་པར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་དང་ལྷན་དུ་གྲོལ་མོལ་གྱིས་ཐག་གཅོད་བྱེད་པ་ལས། རྒྱ་ནག་གཞུང་གིས་གོ་གནས་སྤྲད་པའི་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བོད་རིགས་མགོ་ཁྲིད་སུ་གང་ལའང་བོད་དོན་ཐག་གཅོད་ཀྱི་ནུས་པ་མེད། ཁོང་པ་ཚོས་གང་བཤད་པའི་སྐད་ཆ་མཐའ་དག་གིས་བོད་མིའི་ངོ་ཚབ་མཚོན་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་ྋསྐྱབས་མགོན་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་དང༌། ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་དམངས་ནི་ཏཱ་ལའི་ཁ་བྲལ་རུ་ཚོགས་ཡིན་ཞིང༌། དེར་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱེད་དགོས་པའི་གླེང་ཤུགས་ཇེ་ཆེ་དང༌། ལས་འགུལ་སྤེལ་ཤུགས་ཇེ་ཆེར་གཏོང་གི་ཡོད། འདི་ནི་རྒྱ་ནག་གིས་ངོས་འཛིན་བྱེད་སྟངས་རེད།
ྋསྐྱབས་མགོན་ཏཱ་ལའི་བླ་མ་ནི། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡིན། དེར་སུ་གང་གིས་ཀྱང་ཚབ་མཚོན་བྱེད་ཐུབ་ཐབས་མེད། དེ་བཞིན་དུ་བཙན་བྱོལ་བོད་གཞུང་ནི། བོད་མི་ས་ཡ་དྲུག་གི་བློ་སེམས་གཏོད་ཡུལ་དང༌། བོད་ཀྱི་ལོ་རྒྱུས་དང་ཁྲིམས་དོན་གཉིས་ཐད་ཀྱི་སྲིད་གཞུང་ཡོད་ན་མེད་ན་དེ་རེད། རྒྱུ་མཚན་འདིས། བོད་མི་ས་ཡ་དྲུག་གིས་རང་ཉིད་ཀྱི་བདེ་སྡུག་གནས་སྟངས་ཆ་ཚང་ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ཞུས་དང་ཞུ་བཞིན་ཡོད་པ་ལས། རང་ཉིད་ཀྱི་བདེ་སྡུག་དེ་རྒྱ་ནག་གཞུང་ལ་ཞུས་བཞག་པ་དང༌། རྒྱ་ནག་གཞུང་ལ་ཞུ་བར་རེ་བ་ཡོད་པར་མཐོང་སྣེ་གང་ཡང་མེད། འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་དགོས་མཁོར་ཐུགས་ཁུར་གནང་བཞག་པ་ཞིག་ཧ་ལམ་བོད་མིའི་དགོས་འདུན་གྱི་ངོས་དང༌། གནས་སྟངས་ཀྱི་ངོས་གང་ནས་ཀྱང་མཐོང་དུ་མེད་སོང་བའི་གནས་སྟངས་ཀྱིས་རེད། གནས་སྟངས་འདི་ནི། རྒྱ་ནག་གཞུང་གིས་མི་སྙན་བཞིན་དུ་བཙན་བྱོལ་བོད་གཞུང་ཞེས་ཁ་ནས་གླེང་དགོས་པ་ཞིག་དང༌། མི་འདོད་བཞིན་དུ་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་ཞིག་བྱེད་དགོས་པའི་གནས་སྟངས་མང་པོ་ཞིག་གི་གནད་འགག་ཐུག་ས་རེད།
དེ་ལྟར་ནའང༌། རྒྱ་ནག་གཞུང་གིས་ནི་རང་ཉིད་ཁོ་ནའི་སྲིད་དོན་དགོས་མཁོ་སྲུང་སྐྱབ་དེ་ཁོ་ན་ཉིད་ཀྱི་ཆེད་དུ་དམིགས་ཏེ། བོད་ཀྱི་གནད་དོན་འདིར་ལྟ་སྟངས་གཞན་པ་ཞིག་བཟུང་ཡོད། ངོས་འཛིན་དེ་གསལ་སྟོན་བྱེད་པའི་མིང་ཚིག་ནི། ངོ་ལོག ལོག་སྤྱོད། ཁ་བྲལ་སོགས་རེད། མིང་ཚིག་འདི་དག་གིས་བོད་མིའི་གནས་སྟངས་ངོ་མ་དེ་ལོག་བཤད་བྱས་ཡོད་སྟབས། དེར་དུས་སྐབས་རང་བཞིན་གྱི་གོ་དོན་དང་རྒྱ་ནག་གི་དགོས་མཁོ་སྟོན་པའི་ཕྱོགས་ངོས་དང་ནང་དོན་གཉིས་ཀ་ལྡན་ཡོད། ད་ལྟའི་གླེང་ཤུགས་ཆེ་ཤོས་ནི་ཁ་བྲལ་བ་ཞེས་པའི་ཚིག་འདི་དང་དེ་འབྲེལ་གྱི་ལྟ་ཕྱོགས་རེད། ང་ཚོ་དང་རྒྱ་ནག ད་དུང་རྒྱལ་སྤྱི་བཅས་ལ་གསལ་ཆ་ཆེ་ཤོས་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་དང༌། སྲིད་བྱུས་འདིས་བོད་པའི་ངོས་ནས་རྒྱ་ནག་དང་མཉམ་དུ་སྡོད་པ་དང༌། རྒྱ་ནག་གི་ངོས་ནས་བོད་འདི་རྒྱ་ནག་དང་ཁ་བྲལ་མི་འགྲོ་བ་གཉིས་ཀ་འགན་ལེན་ནུས་ལྡན་བྱེད་ཐུབ་པ་ཡིན། དོན་འདིས། ད་ལྟའི་ང་ཚོའི་སྲིད་བྱུས་དང༌། ད་ལྟའི་ང་ཚོའི་སྲིད་བྱུས་དང་ལག་ལེན་གཉིས་ཀར་ཁ་བྲལ་གྱི་ནང་དོན་གང་ཡང་མེད། ཡིན་ནའང༌། རྒྱ་ནག་གཞུང་གིས་འདི་ནི་ཁ་བྲལ་གྱི་ལས་ཀ་རེད་ཟེར། དོན་དངོས་ཀྱི་ཁ་བྲལ་བ་ཟེར་བ་དེ་ནི་རྒྱ་ནག་གཞུང་རེད། གང་གིས་ཞེ་ན། ང་ཚོ་མཉམ་དུ་སྡོད་པའི་རེ་འདུན་ལ་ཁ་བྲལ་གྱི་ཉེས་མིང་བཏགས་ནས་མཉམ་གནས་ཀྱི་ལམ་བུ་མི་སྤྲོད་པ་དེ་ནི་ཁ་བྲལ་གྱི་ལས་ཀ་རེད།
གསུམ། བོད་རྒྱའི་གནད་དོན།
བོད་དང་རྒྱ་ནག་བར་གྱི་གནད་དོན་ནི། དུས་རབས་སྔ་མའི་ནང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་གྱི་སྲིད་བྱུས་བསྟར་བ་ནས་བྱུང་བ་ཞིག་དང༌། རྒྱ་ནག་གི་སྲིད་དོན་དགོས་མཁོ་ཁོ་ན་གཙོ་འདོན་ལས། བོད་ཀྱི་ལོ་རྒྱུས་དོན་དངོས་དང་གནས་སྟངས ་མང་པོ་ཞིག་སྣང་མེད་དུ་བཞག་པ། དེ་བཞིན་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱས་པ་དེ་དག་གི་དམིགས་ཡུལ་མཐར་ཐུག་པ་ནི། བཙན་འཛུལ་གྱི་རིམ་པ་དེར་གྲོས་མཐུན་དུ་བསྙད་པའི་ཡིག་ཆ་ཞིག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སླེབས་རྒྱུའི་དྲི་བ་ཁག་ལ་སྔ་ས་ནས་ལན་འདེབས་ཀྱི་འཆར་གཞི་བསྒྲིགས་པ་དེ་ཤེད་ནས་མགོ་བརྩམས་པའི་གནད་དོན་ཞིག་ཆགས་ཡོད། དེའི་རྗེས་འབྲེལ་ལྟ་བུར། བོད་དང་རྒྱ་ནག་དབར་གྱི་རིག་གནས་འབྲེལ་ལམ་ལོ་རྒྱུས་དང༌། མཆོད་ཡོན་ལོ་རྒྱུས་ཀྱི་གནད་འགག་མང་པོ་ཞིག་རྒྱ་ནག་གཞུང་རང་གི་ཆབ་སྲིད་དགོས་མཁོའི་ཆེད་ལོག་བཤད་བྱས་པ་དེས་རྙོག་འཛིང་ཇེ་ཆེ་དང༌། རྙོག་འཛིང་ནས་བདེན་རྫུན་བར་གྱི་འཐབ་རྩོད་ཅིག་ཏུ་འཕོ་འགྱུར་བྱུང་བཅུག་ཡོད་པའི་ངོས་ནས་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་མི་བདེན་རྫུན་སྒྲིག་གི་ཡིག་ཆ་ཕོན་ཆེ་བརྩམས་ཤིང་བཀྲམས་ཡོད་པ་དང༌། དེ་བཞིན་ཡིག་རིགས་མང་པོའི་ནང་དཔར་འགྲེམས་བྱས་ཚད་དེས། ད་ལྟའི་གནས་སྐབས་སུ། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་ལོ་རྒྱུས་གླེང་མཁན་ཚོ་རྒྱ་ནག་རང་གི་ཆབ་སྲིད་དགོས་མཁོ་ཁོ་ནར་འཇུ་བའི་ཁོར་ཡུག་ཅིག་དང༌། དེ་འབྲེལ་གྱི་དཔྱད་གཞིའི་རྒྱུ་ཆ་ལག་ཐོགས་མི་དགོས་པ་ལྟ་བུའི་ཚོད་དུ་སླེབས་ཡོད། དོན་འདིས་རྒྱ་ནག་གི་དབང་བསྒྱུར་འོག་གནས་པའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་ལོ་རྒྱུས་གླེང་རྒྱུར་བར་ཆད་ཆེན་པོ་བཟོས་དང་བཟོ་བཞིན་ཡོད། འདི་ནི་རྒྱ་ནག་གི་དགོས་མཁོ་ཁོ་ན་གཙོ་འདོན་གྱི་ངོས་རེད།
གནས་སྟངས་འདི་འདྲར་བརྟེན། རྒྱ་ནག་གི་ཕྱོགས་འཛིན་པ་ཚོས། གནས་དུས་མང་པོར་རྩལ་འདོན་ནུས་པ་ཆེ་ཤོས་བཏོན་པ་ནི། བོད་ལ་རང་ཉིད་ཁོ་ནར་དབང་བའི་བདག་དབང་ཟེར་བ་ཞིག་མེད་པར། རྒྱ་ནག་གཞུང་འཛིན་རིམ་པའི་སྟངས་འཛིན་བཀོད་ཁྱབ་ཀྱི་ཁོངས་གཏོགས་ཤིག་ཡིན་རབས་ཤོད་ཀྱི་ཡོད་པ་དེ་རེད། དེ་ལྟར་བཤད་གླེང་བྱེད་དོན་ནི། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནི་རྒྱ་ནག་རང་ཉིད་ཀྱི་མངའ་ཁོངས་ཤིག་ལ་བཅིངས་འགྲོལ་གྱི་ལས་དོན་ལག་བསྟར་བྱས་པར་ཁ་བསྒྱུར་བྱེད་པ་དེ་ཁོ་ན་ཙམ་རེད། འདི་ནི་བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཅིག་ཡིན་པར་ཤོད་པའི་འགྲེལ་བཤད་རྫུན་མའི་མགོ་འཛུགས་ས་རེད། གང་ལྟར། རྒྱ་ནག་གི་བཙན་དབང་འོག་ཤོར་བ་ནས་བོད་ཀྱི་གནད་དོན་ནི་བདེན་རྫུན་བར་གྱི་འཐབ་རྩོད་ཅིག་ཏུ་གྱུར་པ་རེད། དོན་འདིའི་ངོས་ནས་བལྟས་ན། བོད་དང་རྒྱ་ནག་བར་གྱི་ད་ལྟའི་གནད་དོན་འདིའི་མགོ་འཛུགས་ནི། རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་ཅིག་གི་མངའ་ཁོངས་སུ་བཙན་འཛུལ་བྱས་པའི་བྱ་སྤྱོད་ཅིག་ཆགས་ཡོད། འདི་ནི་ལོ་རྒྱུས་ཀྱི་བདེན་པའི་ངོས་རེད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དོན་སྤྱད་ནས་བོད་ཀྱི་བདག་དབང་གླེང་བཤད་མི་ཐུབ་པའི་རྐྱེན་རྩ་གཙོ་བོའང་འདི་རེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་བརྒྱུད་རིམ་དེ་ནི། ཕྱི་ལོ་ ༡༧༦༧ ལོར་དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱས་པ་དང༌། ཕྱི་ལོ་ ༡༩༣༧ ལོར་འཇར་པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས་པའི་གནས་སྟངས་དང་གཅིག་མཚུངས་ཆགས་ཡོད་ནའང༌། བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་བོད་ཀྱི་གནས་སྟངས་མང་པོ་ཞིག་རབ་རིབ་ཏུ་བསྒྱུར་བ་རེད།
རྒྱ་ནག་གུང་ཁྲན་ཏང་གི་དབང་དུ་བྱས་ནས་བཤད་ན། ཕྱི་ལོ་ ༡༩༢༠ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་འཛུགས་བྱུང་པ་དང༌། ཕྱི་ལོ་ ༡༩༢༡ ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་དངོས་སུ་བཙུགས་ཤིང༌། ཕྱི་ལོ་ ༡༩༢༧ ལོར་འཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཛ་དྲག་ཚོགས་ཆེན་སྟེང༌། མའོ་ཙེ་ཏུང་གིས་དྲག་ཆས་ལ་བརྟེན་ནས་སྲིད་དབང་ལེན་པའི་ལྟ་ཚུལ་གྱི་གཏམ་བཤད་“སྲིད་དབང་ནི་མེ་མདའི་ཁ་ནས་ཐོན་ཚུལ་”ཞེས་པ་སྤེལ་བ་དེ་ཤེད་ནས། རྒྱ་ནག་དམར་ཤོག་གིས་གནས་དུས་གང་དུའང་སྲིད་དབང་ཚུར་ལེན་དང༌། དེ་ལུགས་བརྟན་སྲུང་ནི་དྲག་ཆས་ཁོ་ནས་འགན་ལེན་བྱེད་དགོས་པའི་སྲིད་བྱུས་དེ་རང་ཉིད་ཀྱི་ཚེ་སྲོག་སྲུང་སྐྱོབ་ཏུ་བལྟས་ནས་མངའ་ཁོངས་རྒྱ་བསྐྱེད་བྱས་ཡོད་ཅིང༌། སྲིད་བྱུས་འདི་འདྲ་ཞིག་སྤེལ་བའི་མཐའ་མ་དེར་རྒྱ་ནག་སྐམ་ས་ཆེན་པོ་དེ་གཞི་རྩའི་ཆ་ནས་རང་ཉིད་ཀྱི་དབང་བསྒྱུར་འོག་བསྡུ་ཐུབ་པ་བྱུང་ཡོད་པ་དང༌། དུས་ཚིགས་དེ་ནི་ཕྱི་ལོ་ ༡༩༤༩ ལོ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་དུས་ཚིགས་དེ་རེད་ལ། ཕྱི་ལོ་ ༡༩༤༧ ཡས་མས་ནས་བོད་ཤར་མཐའི་ཁུལ་དུ་རྒྱ་དམག་སླེབས་ཟིན་ནས་ཡོད་མེད་ལ་མ་ལྟོས་པར། བཅིངས་འགྲོལ་གྱི་མིང་གིས་བསྙད་ནས་བོད་ལ་བཙན་འཛུལ་གྱི་གཞི་རྩའི་སྒྲོམ་གཞི་དེ་ཡང་འདི་དུས་སུ་བསླངས་ཡོད།
ཕྱི་ལོ་ ༡༩༤༩ ལོའི་ལོ་སྨད་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པས་བོད་སར་བཙན་འཛུལ་གྱི་འཆར་འགོད་ལག་བསྟར་བྱས་པ་དང༌། བོད་གཞུང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་ཡི་གེ་ཕུལ་བ་གཉིས་དུས་མཚུངས་ལྟ་བུ་ཡིན་ནའང༌། བོད་ཕྱོགས་ཀྱི་ལས་འཆར་མང་པོ་ཞིག་གི་ཁ་ཕྱོགས་དེ་གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་ཡོངས་སུ་བསྒྱུར་པ་རེད། འདི་ནི་སྐབས་དེའི་སྐུ་ཚབ་ཚོ་དང་འགན་འཁྲི་ལ་གཡོལ་ཐབས་ཁོ་ན་འཚོལ་བཞིན་པའི་སྐུ་དྲག་གཞུང་ཞབས་ཚང་མས་འཐུས་ཤོར་བཏང་བའི་ངོས་ཡིན་པ་དེ་ང་ཚོས་ཁས་ལེན་བྱེད་དགོས་པ་རེད་ལ། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་རེད།
ཕྱི་ལོ་ ༡༩༥༩ ལོར་སླེབས་དུས། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་གནམ་འོག་ནས་བོད་དང་རྒྱ་ནག་གཉིས་མཉམ་དུ་སྡོད་པའི་ཁོར་ཡུག་མེད་སོང་བ་དེ་ཕྱི་གསལ་ནང་གསལ་ཆགས་པ་རེད། འདི་ནི་བོད་རྒྱ་མཉམ་གནས་ལ་ཐོག་མའི་ཚོད་ལྟའི་དུས་སྐབས་ནས་རེ་བ་མེད་སོང་བའི་རྟགས་མཚན་གསལ་ཤོས་དེ་རེད། དུས་དེ་ཤེད་ནས་རྒྱ་ནག་གཞུང་དང་བོད་གཞུང་གཉིས་ལམ་ཁ་གཉིས་སུ་གྱེས་ཤིང༌། རྒྱ་ནག་གཞུང་གི་དགོས་མཁོ་དང་བོད་མི་མང་གི་བདེ་སྡུག་གཉིས་ཀྱང་ཁོར་ཡུག་མ་འདྲ་བ་གཉིས་ཆགས་པ་རེད།
རྒྱ་དམག་གི་རྐང་རྗེས་བོད་སར་ཕབ་པའི་ཉིན་དང་པོ་ནས་བོད་པ་ཚོས་ངོ་རྒོལ་བྱས་ཡོད་པ་དང༌། རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་རིགས་དེ་དག་སྣང་མེད་སྐྱུར་འཇོག་བྱེད་པ་ལས། བོད་མིའི་དགོས་མཁོ་ངོ་མར་གཞིགས་པའི་ཁེ་ཕན་གང་ཡང་སྤྲད་མེད། དཔེར་ན། ཁོ་རང་ཚོས་བོད་ལ་བཙན་འཛུལ་བྱས་པ་དེར་ཐོག་མ་ནས་རྒྱུ་མཚན་གཉིས་བགྲངས་ཡོད། དེ་ནི། བོད་དུ་ཡོད་པའི་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པ་མཐར་བསྐྲོད་གཏོང་རྒྱུ་དང༌། བཅིངས་འགྲོལ་དམག་དཔུང་ནི་བོད་མི་དམངས་ལ་རོགས་བྱེད་མཁན་ཡིན་པ་དང་གཉིས་རེད། འདི་ནི་བཙན་རྒྱལ་རིང་ལུགས་ཀྱི་རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་པ་ཁྱོན་ནས་མེད་པའི་བོད་ལུང་པར་གོམ་པ་སྤོས་པའི་དམིགས་ཕྱོགས་སམ་ཆ་རྐྱེན་རེད་ལ། ད་ལྟའི་ཆར་ཡང་རྒྱ་ནག་གཞུང་གིས་དེ་ལྟར་བརྗོད་ཀྱི་ཡོད། ལོ་ལྔ་བཅུུར་ཉེ་བའི་རིང༌། བཙན་འཛུལ་དང་བཅིངས་འགྲོལ་གྱི་མིང་ཚིག་གཉིས་ནི། བོད་ཕྱོགས་དང་རྒྱ་ཕྱོགས་གཉིས་ངོས་ནས་རང་རང་གི་བདག་དབང་སྟོན་པའི་ཚིག་རེད་ལ། བདེན་པ་དང་རྫུན་པའི་འཐབ་རྩོད་གཉིས་ཀ་མིང་ཚིག་འདི་གཉིས་ལ་འཇུས་ནས་གླེང་དང་གླེང་བཞིན་ཡོད།
བོད་མི་ཚོར་མཚོན་ན། བདེན་པ་ནི་ངེས་པར་མཐའ་གསལ་ངེས་ཡིན་པ་དང༌། བདེན་མཐའ་གསལ་ཐབས་དེ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བར་གཞི་བཅོལ་གྱིན་ཡོད་པ་ནི། བོད་མིའི་རིག་གཞུང་གིས་བསྐྱེད་པའི་སེམས་ཁམས་ཁོ་ནར་དབང་བའི་རིན་ཐང་གི་ངོས་རེད། བོད་མི་ཚོར། བདེན་པ་ལས་ལྷག་པ་དང༌། འཚེ་མེད་ཞི་བ་ལས་ལྷག་པའི་མཚོན་ཆ་གང་ཡང་མེད། འདི་ནི་བོད་མི་ཚོས་འཚེ་མེད་ཞི་བར་དམ་དུ་འཇུས་ཤིང་འཇུ་བཞིན་པའི་སྟོབས་ཤུགས་ཀྱི་ཡོང་ཁུངས་རེད།
བོད་དང་རྒྱ་ནག་དབར་ཚད་ལྡན་དང་ཚད་ལྡན་ཡིན་མིན་སྣ་ཚོགས་པའི་ཞི་མོལ་ལོ་རྒྱུས་ཡོད་ཅིང༌། བདག་དབང་ཐད་ཀྱི་ཞི་མོལ་ལའང་གནའ་རབས་དང་ཉེ་རབས། དེང་རབས་བཅས་ཀྱི་ལོ་རྒྱུས་ཡོད་པ་སྟེ། དབོན་ཞང་ཞི་མོལ་དང༌། གྲོས་མཐུན་དོན་ཚན་བཅུ་བདུན། ད་ལྟ་འགྲོ་མུས་ཀྱི་བོད་རྒྱ་ཞི་མོལ་བཅས་ནི་དཔེ་མཚོན་གསལ་ཤོས་དག་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནི་ང་ཚོས་མི་འདོད་བཞིན་དུ་རྒྱ་ནག་གཞུང་གི་དགོས་མཁོར་ས་རྟགས་བཀོད་པའི་ཡིག་ཆ་ཞིག་ཡིན་ནའང༌། ཡིག་ཆ་དེར་ས་རྟགས་བཀོད་ཚར་བའི་ཉིན་དེ་ནས་བཟུང༌། དེ་ནི་བོད་དང་རྒྱ་ནག་ཕྱོགས་གཉིས་གཅིག་ཏུ་མོལ་བའི་ཡིག་ཆ་ཞིག་གི་ངོ་བོ་ནས་དང༌། དེའི་ཆ་རྐྱེན་གྱི་འོག་ནས་བོད་རྒྱ་མཉམ་གནས་ཡོང་བའི་འབད་པ་བྱས་པ་རེད། དྲང་མོར་བཤད་ན། ཡིག་ཆ་འདི་ནི་བོད་དང་རྒྱ་ནག་བར་གྱི་གནད་དོན་མང་པོ་ཞིག་རབ་རིབ་ཏུ་བསྒྱུར་བྱེད་ཆགས་ཡོད། རྒྱུ་མཚན་དེས། བོད་རྒྱ་གཉིས་མཉམ་སྡོད་ཀྱི་རེ་བ་ཆ་ཚང་ཤི་སོང་བ་རེད། ལོ་ངོ་ལྔ་བཅུར་ཉེ་བའི་དེ་རིང༌། མི་རབས་གསར་པའི་རུ་དཔུང་གིས་ད་ཕན་ཉམས་སུ་མྱངས་དང་མྱོང་བཞིན་པའི་སྲིད་བྱུས་ཀྱི་གནམ་འོག་འདི་ནས་བོད་རྒྱ་གཉིས་མཉམ་གནས་ལ་རེ་བ་མེད་པའི་སེམས་ཁམས་ངོ་མ་དེ་ཕྱིར་བསྟན་པ་རེད་དེ། རྒྱ་ནག་གཞུང་གིས་གནས་སྟངས་དངོས་གནས་པ་འདི་ངོས་ལེན་གྱི་ཚབ་ཏུ། ཕྱོགས་ཡོངས་ནས་དྲག་གནོན་དང༌། དམར་གསོད། བཙོན་འཇུག་གི་ལམ་ཁོ་ནས་ལན་འདེབས་བྱས་པ་རེད།
རྒྱ་ནག་གཞུང་གིས། དྲག་གནོན་འདིའི་མཇུག་འབྲས་ནི། འཆམ་མཐུན་དང་བརྟན་བརླིང་ཡིན་པའི་ངོས་འཛིན་དང་ཡིད་ཆེས་བྱེད་ཅིང་ཡོད་ལ། བོད་གཞུང་གིས། འཆམ་མཐུན་དང་བརྟན་བརླིང་ནི་ཕན་ཚུན་ཡིད་ཆེས་ནས་མགོ་འཛུགས་དགོས་པའི་ལམ་སྟོན་བྱེད་ཅིང་ཡོད། སུས་བལྟས་ཀྱང་གསལ་པོ་རེད། བདེན་པ་ཆ་ཚང་བོད་གཞུང་དམངས་ལ་ཡོད་ནའང༌། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་དགོས་མཁོ་ཁོ་ན་ལས་གཞན་གྱི་བདེན་པ་ཞིག་ཁས་ལེན་བྱེད་ཀྱི་མེད། དེ་ཁོ་ན་བདེན་པ་ཡིན་པའི་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་ང་ཚོས་གཉིས་སྨན་གྱི་ལམ་ཞིག་ལ་རེ་བ་རྒྱག་གིན་ཡོད། གཉིས་སྨན་གྱི་ལམ་འདིར་ཞུགས་རྒྱུར་མཚོན་ན། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་བདེན་པར་བསྒྲགས་དང་སྒྲོག་བཞིན་པའི་གནད་དོན་གྱི་ཕྱི་ནང་མང་པོ་ཞིག་ལ་འགྱོད་བཤགས་དང་བཅས་པའི་ངོས་ལེན་བྱེད་དགོས་པ་རེད་ལ། འགྱོད་བཤགས་དེ་ཡང་བོད་མི་ས་ཡ་དྲུག་ནས་འཛམ་གླིང་མི་དམངས་དུང་ཕྱུར་དྲུག་ཅུའི་མདུན་བར་བྱེད་དགོས་པ་རེད། གང་ལྟར་མདོར་བསྡུས་ན། རྒྱ་ནག་གཞུང་གིས་བོད་ཀྱི་བདེན་དོན་ངོས་ལེན་མ་བྱས་ཀྱི་བར་དུ་བོད་མི་ཚོས་འཁོན་འཛིན་དང་ངོ་རྒོལ་བྱེད་ཀྱི་རེད། གང་ཡིན་ཟེར་ན། བོད་མི་ཚོའི་སེམས་ངོགས་ན་རང་ཉིད་ཀྱི་བདེན་པ་འདི་བདེན་མཐར་བསྐྱེལ་བའི་ཆོད་སེམས་ཤིག་ཡོད་པ་འདི། དྲག་གནོན་དང་དམར་གསོད། བཙོན་འཇུག་གང་གིས་ཀྱང་རྩ་མེད་བཟོ་ཐུབ་ཀྱི་མ་རེད། དེ་ནི་འདས་པའི་མི་ལོ་ལྔ་བཅུར་ཉེ་བའི་རིང་རྒྱ་ནག་གཞུང་གི་ངོས་ནས་གང་མ་ཐུབ་པའི་ངོས་དེ་རེད། རྒྱ་ནག་གཞུང་ལ་ལམ་ཁ་གཅིག་ཉིད་ཡོད་པ་ནི། ད་ལྟ་བོད་མི་ཚོས་ཤོག་དང་མཉམ་དུ་འགྲོ་ཞེས་ཡང་ནས་བསྐྱར་དུ་འགྲེལ་བཤད་དང་སྐུལ་འདེད་བྱེད་ཀྱིན་པའི་གཉིས་སྨན་དབུ་མའི་ལམ་འདི་ཁོ་ན་ཉིད་རེད། འདི་ནི་རྒྱ་ནག་གིས་གང་འདོད་པ་སྟེ། མེས་རྒྱལ་གོང་བུ་གཅིག་གྱུར་དང༌། བརྟན་བརླིང༌། འཆམ་མཐུན་སྤྱི་ཚོགས་སུ་བསྐྱོད་པའི་དམིགས་འདུན་གྱི་སྒྲོམ་གཞི་འཛུགས་ས་རེད། མེ་རྒྱལ་གོང་བུ་གཅིག་གྱུར་ལ་འདི་ལས་ལྷག་པའི་ལམ་ཁ་ཞིག་བཙན་ནས་རྙེད་དུ་མེད། བདེན་པ་རྒྱལ་ལོ།།
ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༧ དགོང་མོར་བྲིས།