དུས་ཀྱི་ཕོ་ཉས་དྷ་ས་ནས།
དམིགས་ཡུལ་གཅིག་གི་ལམ་མགོ་ན་རེ་བ་གཅིག་གི་སྣེ་མོ་ལ་ཤི་འཐམ་རོ་འཐམ་བྱེད་པའི་བོད་རིགས་སྤུན་ཟླ་རྣམ་པ། ཁྱེད་རྣམ་པས་སྟོང་ལོ་བརྒྱད་པར་ཕྱིར་བལྟས་བྱེད་ཨེ་ཡོད། ཁྱེད་རྣམ་པས་སྟོང་ལོ་བརྒྱད་པར་ཞིབ་འདང་རྒྱབ་ཨེ་མྱོང༌། སྟོང་ལོ་བརྒྱད་པ་ནི་འདི་ལྟར་མཇུག་རྫོགས་སོང༌། སྒྱོགས་མདེལ་གྱི་ལྡིར་སྒྲ་དང་གཅར་རྡུང་གི་གདུག་རྩུབ་འོག་ནས་འདི་ལྟར་མཇུག་རྫོགས་སོང༌། གངས་རིའི་རང་ལུགས་དང་གནས་ལུགས་གཤའ་མ་ཞིག་གི་ཆེད་དུ། ཡུག་ས་མའི་སྡུག་ཡུས་དང་དྭ་ཕྲུག་གི་ངུ་སྐད་འོག་ནས་སྟོང་ལོ་བརྒྱད་པ་ནི་འདི་ལྟར་ཁད་ཀྱིས་བཞུད་སོང༌། འགྲོ་བ་མིའི་ཚེ་སྲོག་མང་བོ་ཞིག་རྡོག་བརྫིས་ཀྱིས་བཅོམ་ནས་འགྲོ་སོང༌། དྭ་ཕྲུག་དང་ཡུག་ས་མ་མང་བོ་ཞིག་བཙོན་ལ་ཁྲིད་ནས་འགྲོ་སོང༌། བདེན་ལུགས་གྲངས་མེད་ཅིག་གི་སྐད་འབོད་འོག་ནས། རེ་བ་རྫོགས་མེད་ཅིག་གི་འཁྲེང་སེམས་ཀློང་ནས། འཕྲོ་རིམ་འཕྲོར་བཞུད་སོང༌། ཁྲག་མདོག་གིས་གནམ་ས་ཁེངས་པའི་ཁ་སང་བཞིན་བཞུད་སོང༌།
བཞུད་ཟིན་པའི་ཤུལ་ན། ཁྱུར་མིད་ལ་བཏང་བའི་ཚེ་སྲོག་མང་བོ་ཞིག་གངས་རིའི་ཕ་རོལ་ན་འཁྱགས་ལ་འབྱར་བཞིན་ཡོད། ཤི་ཟིན་པའི་རོ་དང་བཞུར་ཟིན་པའི་ཟུངས་ཁྲག་ལ་འང་རང་དབང་མེད་པར་བསམ་ན་ངོ་མ་སེམས་འཁྱག་ནི་ཞིག་རེད། སྙིང་ན་གི་ཞིག་རེད། ཡིན་ན་འང་ང་ཚོས་རང་དབང་གི་ལུང་བ་ན་ཅི་ཞིག་ལས་ཀྱིན་ཡོད་དམ། ཚེ་སྲོག་གིས་འདས་མཆོད་བྱེད་པའི་ཁོ་ཚོའི་ཆེད་དུ་ཅི་ཞིག་སྒྲུབ་ཀྱིན་ཡོད་དམ། ལྷག་དོན་དུ་བོད་ཀྱི་སྤྱི་འཐུས་རྣམ་པས་ཅི་ཞིག་སྒྲུབ་བཞིན་ཡོད་དམ།
ད་ནི་ཁྱེད་ཚོའི་རྫིག་གཏམ་གྱི་དོན་དངོས་ལག་ལེན་ལ་བསྟར་རན་ཡིན། ད་ནི་རྨོངས་དད་ཀྱི་འདུ་ཤེས་རྣམ་དཔྱོད་ཀྱིས་སེལ་རན་ཡིན། ད་ནི་ང་ཚོས་ལྷ་བླ་མའི་བཀའ་ལུང་ལ་ཉན་ནས་འདུག་རན་ཨེ་རེད། ང་ཚོ་བག་མེད་ཀྱིས་ངང་ནས་འདི་ལྟར་རང་བསྟོད་རེ་བྱས་ནས་འདུག་ཐུབ་རུང༌། ལོ་རྒྱུས་ཀྱིས་ང་ཚོར་དྲི་བ་ནག་པོ་ཞིག་འདོན་བཞིན་ཡོད། ཚེ་སྲོག་གིས་ང་ཚོར་དྲན་སྐུལ་དམར་པོ་ཞིག་བྱེད་བཞིན་ཡོད། མེ་མདའི་སོ་ཁ་ནས་ཚེ་སྲོག་མང་བོ་ཞིག་འགྱེལ་སོང་རུང་མེ་སྟག་གིས་སྤང་ལྗོངས་བསྲེག་ཐུབ་པའི་གནས་ལུགས་ཞིག་བཤད་བཞིན་ཡོད། བློ་མ་ཕམ་ན་ལས་དོན་གང་ཞིག་འགྲུབ་རྒྱུ་ཡོད་པ་བཤད་བཞིན་ཡོད། ཡིད་མ་ཆད་ན་རྣོ་ངར་གཅིག་གིས་འཛམ་གླིང་རྒུལ་ཐུབ་པ་བཤད་བཞིན་ཡོད། ལྷག་དོན་དུ་རིགས་ཞེན་གྱི་སྤུན་ཟླ་རྣམ་པ། ང་ཚོའི་ཁོག་ན་མི་རིགས་ཀྱི་སྙིང་ཞིག་ཡོད་ན། སྙིང་དེ་ལ་རིགས་ཞེན་གྱི་དྲོད་ཅིག་ཡོད་ན། ད་ནི་་་་
བྲེལ་མ་གནང་། བཙན་བྱོལ་བ་དངོས་ནས་ལྷོད་ལྷོད་བྱེད་རྒྱུར་དགའ་བ་རེད། ལོ་ངོ་ལྔ་བཅུའི་དུས་སྟོན་ཤར་ལ་ཡོད་པ་རེད། ཁོང་ཚོས་དེ་ལ་གྲ་སྒྲིག་མི་ཉུང་བ་ཞིག་བྱེད་ཀྱི་ཡོད་ངེས་རེད། དེ་མིན་ཁོང་ཚོས་ད་ལོ་འགྲོ་སོང་གི་སྡོམ་ཐོ་ཞིག་ངེད་ཅག་ལ་འདོན་རྩིས་ཡོད་འགྲོ གཅིག་བྱས་ན་ཁོང་ཚོ་རང་རང་གི་ས་ན་གནམ་ལོ་གསར་བ་བྱེད་རྒྱུའི་གསོལ་སྟོན་ཁག་ལ་མ་ཅང་དང་ཤོ་རིགས་རྩེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྲིད་པ་རེད། བྲེལ་བ་མ་གནང་། བོད་པ་ཚང་གི་ལོ་ནི་འདི་ལྟར་འགྲོ་བཞིན་ཡོད། སྣང་མེད་དུ
བོད་ཀྱི་སྤྱི་འཐུས་རྣམ་པས་ཅི་ཞིག་བྱེད་གྱིན་ཡོད་པ་ངྷ་སའི་དུས་ཀྱི་ཕོ་ཉས་ཧ་མ་གོ་ན་སུས་ཧ་གོ འདིའི་སྐོར་ནས་ཞིབ་འཇུག་ཞིག་བྱེད་རོགས༑ ཞིབ་འཇུག་གི་རྗེས་སུ་སྤྱི་འཐུས་རྣམ་པས་ཅི་ཞིག་སྒྲུབ་ཀྱིན་ཡོད་མེད་ཀྱི་སྐོར་ནས་གནས་ཚུལ་ཞིག་སྤེལ་རོགས་༑ མ་རེད་དམ༑
སྤྱི་འཐུས་རྣམ་པས་བཙན་བྱོལ་གྱི་གཞི་རིམ་སྤྱི་ཚོགས་དང་སློབ་གྲྭ་ཁག་ཏུ་རྟོག་ཞིབ་བྱས་ཏེ་གཞིས་ཆགས་འཐོར་བཤིག་དང་ཤེས་ཡོན་ཉམས་ཆག་ཏུ་འགྲོ་གི་ཡོད་པའི་དངོས་ཡོད་གནས་ཚུལ་རྣམས་གྲོས་ཚོགས་ར་བ་ནང་དུ་ཁྱེར་མི་ཡོང་བར། སོ་སོའི་གྲོགས་པོ་དང་སྤུན་མཆེད་རྣམས་ཀྱི་ཁ་ནས་སྐད་ཆ་རེ་སྒྲིག་སྟེ། དེ་དག་དཀའ་ངལ་གྱི་ཆེད་དུ་གྲོས་ཚོགས་ནང་དུ་གླེང་སློང་བྱེད་པ་དང༌། དེ་དག་གི་ཆེད་དུ་གྲོས་ཆོད་འདོན་གྱི་ཡོད་པ་ནི་ས་རིས་ཐང་གསལ་མ་རེད་དམ། དེར་བརྟེན། ༸གོང་ས་མཆོག་གི་ད་ལོ་ལོ་ངོ་སུམ་ཅུ་ནང་དུ་གཞིས་ཆགས་ཁག་དང་ཤེས་ཡོན་ཉམས་ཆག་ཏུ་སོང་འདུག་ཅེས་སྡོམ་ཚིག་དང་ཐུགས་ཕམ་བྱུང་བ་མ་ཡིན་ནམ། དེ་ནི་ལས་ཀྱི་སྣེ་མོ་བ་རྣམས་གཞི་རིམ་རྟོག་ཞིབ་མ་བྱས་པར་རྐུབ་སྟེགས་སྟེང་ནས་དཔོན་ཉམས་བསྟན་པའི་ཉེར་ལེན་ལས་མགོ་རུལ་བ་སྣ་བས་མ་ཚོར་བ་མ་ཡིན་ནམ། རྒྱ་དམར་གཞུང་ཡིན་ན་ཡང༌། ས་གནས་ཀྱི་འགོ་ཁྲིད་ཚོས་གོང་རིམ་ལ་མགོ་སྐོར་གཏོང་བ་ལས་གོང་རིམ་གྱི་འགོ་རྣམས་ས་གནས་རྟོག་ཞིབ་བྱེད་དུ་སོང་ནས་ས་གནས་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཐག་གཅོད་བྱེད་ཀྱི་ཡོད། ཧུའུ་ཡའོ་པང་ལོ་རབས་བརྒྱད་ཅུ་ནང་དོན་དག་མང་པོ་ཞིག་ཐག་གཅོད་དང་ལོ་ཁ་ཤས་ཤིག་ལག་བསྟར་བྱས་པ་ང་ཚོས་མཐོང་གསལ་རེད། དེ་དག་གི་སྟེང་ལ་བགྲོ་གླེང་མང་ཙམ་གནང་རྒྱུ་ནི་གལ་ཆེན་ཡིན། ང་ཚོས་གཞིས་ཆགས་ཁག་ཏུ་རྟོག་ཞིབ་ཅིག་བྱས་ན་གནད་དོན་མང་པོ་ཐག་གཅོད་བྱེད་རྒྱུ་ལྷག་བསྡད་འདུག་བསམ།
འདིར་ཡང་སྤྱི་འཐུས་རྣམས་ལ་ཁ་རྡུང་གཏོང་གི་འདུག ཁག་མི་འདུག་བཙན་བྱོལ་བོད་མིའི་སྤྱི་འཐུས་རྣམས་ལ་མཚོན་ནའང༌། ནུས་པ་འདི་ཐོན་པ་རེད་ཟེར་བ་ཞིག་དང༌། གྲུབ་འབྲས་འདི་བཞག་པ་རེད་ཟེར་བ་ཞིག་མཐོང་དཀོན་པོ་འདུག འོན་ཀྱང་ངས་ཁྱད་མཚར་པོ་གཅིག་མཐོང་སོང་བ་ནི། བོད་པའི་སྤྱི་ཚོགས་ནང་སྤྱི་འཐུས་ལ་ཁ་རྡུང་མི་གཏོང་མཁན་ཞིག་མི་འདུག་ལ། སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་རེ་བ་མི་རྒྱག་མཁན་ཞིག་ཀྱང་དཀོན་ཚོད་དུ་སྣང༌། སྤྱི་འཐུས་ཀྱིས་གྲུབ་འབྲས་མ་ཐོན་པ་ནི་སྤྱི་འཐུས་ཀྱི་སྐྱོན་རེད་ལ། མི་མང་གི་སྐྱོན་ཡང་རེད། ནུས་པ་མི་ཐོན་མཁན་ཚོ་སྤྱི་འཐུས་ལ་ག་རེ་བྱས་ནས་བསྐོས་པ་ཡིན་ནམ། དེ་ལས་ནུས་པ་ཐོན་མཁན་ཚོ་བསྐོས་ན་ཡག་གི་མ་རེད་དམ། སྤྱི་འཐུས་ཁོ་རང་ཚོ་ལ་མཚོན་ནའང་ནུས་པ་མ་ཐོན་ན་རྐུབ་སྟེགས་མ་བཀག་ཀྱང་འགྲིག་པ་རེད། ད་དུང་ཨུ་ཚུགས་བརྒྱབ་ནས་ག་རེ་ཕན་གྱི་རེད། འདི་ཚོ་མགོ་ཚོས་ཁག་པོ་ཞིག་རེད།
ང་ཚོས་བཙན་བྱོལ་ནང་གི་ལས་བྱེད་རྐུབ་སྟེགས་ཀྱི་སྟེང་གི་མི་སྣ་དེ་དག་གིས་རྐུབ་སྟེགས་སྟེང་ནས་སྐད་ཆ་ཐར་ཐོར་རེ་བཤད་དེ་ང་རང་སློབ་གྲ་འདི་འདྲ་ཞིག་གི་ལག་ཁྱེར་ཐོན་མྱོང་ཡོད་ཟེར་ནས་བརྫིག་གཏམ་རེ་བཤད་དེ་འདུག་པ་ལས། མི་དམངས་དངོས་ཀྱི་སྐྱིད་སྡུག་ཁྲོད་དུ་ཞུགས་མཁན་དཀོན་པོ་ཆགས་ཡོད་པ་རེད། ལྷག་པར་དུ་བོད་པ་ཚང་ཡང་མི་དེ་དག་གི་མིང་ལ་དགའ་ནས་འོས་བླུགས་པ་ལས་མི་དེ་དག་གི་སྤྱི་ཚོགས་ཁྲོད་ག་རེ་བྱེད་ཐུབ་མིན་གྱི་བསམ་བློ་གཏོང་མ་མྱོང་བས་གཏོང་ཐུབ་ཀྱི་མེད་པ་རེད། འདི་ནི་མི་དམངས་དང་གཞུང་ཞབས་བར་གྱི་གནད་དོན་གཙོ་བོ་ཆགས་ཡོད་པ་རེད། གནད་དོན་འདི་མ་སེལ་བར་དུ་བོད་པ་བཙན་བྱོལ་ཚང་གི་རྐུབ་སྟེགས་སྟེང་ནས་འཇིང་མཁན་ཚོ་ནི་མི་དམངས་ཀྱི་བདེ་སྡུག་ལ་ཉམ་ཞིབ་བྱེད་པའི་ལག་ཁྱེར་མེད་མཁན་ནས་སློབ་གྲ་ཆེན་མོ་རེ་ཟུང་གི་ལག་ཁྱེར་དང་མིང་ཡོད་མཁན་ལས་གང་ཡང་སླེབས་མི་སྲིད་པ་ཡིན།