ཀླུ་སྨྱོན།
མདང་དགོང་ངས་རྨི་ལམ་ཞིག་རྨིས་བྱུང་ལ།
དེ་ཡང་རྨི་ལམ་རྒྱུན་ལྡན་ཞིག་མ་རེད།
ངེད་ཚང་ལ་རྟ་རྒན་ཞིག་འདུག་ཅིང་།
རྟ་རྒན་དེའི་རྒྱབ་ཡོངས་རྫོགས་རྨ་རེད་འདུག
རྨ་ཁ་དེ་ཡོངས་སུ་རུལ་ནས་དྲི་ངན་ཁ་གི་འདུག
སྐྱག་སྦྲང་སྟོང་ཕྲག་མང་པོས་རྟ་རྒན་གྱི་རྒྱབ་རྨའི་ནང་དུ་ཚང་བཅོས་འདུག
ཁོ་ཚོ་གཅིག་པོ་ཡིན་ན་འགྲིག་སྟེ།
ཁོ་ཚོས་ཚིམ་པ་མེད་པའི་ངང་རང་རང་གི་བུ་རབས་ཚ་རྒྱུད་དག་ཀྱང་གསོ་སྤེལ་བྱེད་བཞིན་འདུག
རྟ་རྒན་གྱི་རྒྱབ་རྨ་ཆེ་ཇེ་དང་ཇེ་འཇིགས་རེད།
ངོས་ལ་ལ་ནས་རུས་པ་ཡང་དཀར་སེང་ངེར་མཐོང་གི་འདུག
ཡིན་ན་ཡང་རྟ་རྒན་དེས་འགུལ་ཙམ་ཡང་མི་བྱེད་པར་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག
སྐྱག་སྦྲང་ཚོའི་མི་རབས་རྗེས་མ་དག་ལ་གཤོག་པ་ཐོགས་ནས་ནམ་མཁར་འཕུར་རྩིས་བྱེད་ཅིང་།
མི་རབས་སྔོན་མ་དག་ཡོངས་སུ་རྒས་ནས་རྟ་རྒན་གྱི་རྒྱབ་རྨའི་ནང་དུ་ངལ་གསོ་བྱེད་བཞིན་མཆིས།
ད་ནི་རྟ་རྒན་གྱི་རྒྱབ་ངོས་སུ་ཤ་ལག་མཐིལ་ཙམ་ཡང་མེད་པར་རྩིབས་མ་འབའ་ཞིག་ལུས་འདུག
གལ་སྲིད་ཁྱེད་རང་ལ་འདོད་པ་དང་དུས་ཚོད་ཡོད་དུས།
གཟབ་གཟབ་བྱས་ནས་ལྟོས་དང་།
ང་ཚོས་རྟ་རྒན་གྱི་ནང་ཁྲོལ་ཡོངས་སུ་རྫོགས་པ་ཕྱི་ལོགས་ནས་མཐོང་ཐུབ་ཅིང་།
སྤྱང་གྲུང་ལྡན་པའི་སྐྱག་སྦྲང་སྐོར་ཞིག་རྟ་རྒན་གྱི་ཡ་ཆུང་ནང་རོལ་ཏུ་འཕུར་ལྡིང་བྱེད་བཞིན་འདུག
མདང་དགོང་ཁ་བ་བབས་བྱུང་།
དེ་ཡང་ནམ་མཁའི་གཏིང་རུམ་ཞིག་ནས་བབས་བྱུང་།
ད་ནངས་ཞོགས་པར།
རྟ་རྒན་གྱི་རུས་མགོ་པགས་བཏུམས་ཀྱི་བེམ་པོ་དེ་ཁ་བའི་ཁྲོད་དུ་འགྱེལ་འདུག
ཉི་འོད་བན་བུན་ཞིག་གི་ཀློང་ན།
སྐྱག་སྦྲང་འགས་ད་དུང་སྡུག་སྐད་རྒྱག་བཞིན་རྟ་རྒན་གྱི་རྒྱབ་རྨ་གར་ཡོད་འཚོལ་བཞིན་འདུག
ཡིན་ན་ཡང་།
རྟ་རྒན་གྱི་རྣམ་ཤེས་རྟ་རྔ་འདྲ་བོ་དེ།
ད་ལྟ་ཁ་བའི་འདབ་མ་ཞིག་གི་སྟེང་དུ་སྐྱིལ་ཀྲུང་གིས་བསྡད་དེ།
ཁ་བས་མཛེས་པར་བཀླུབས་པའི་རྟ་རྒན་གྱི་བེམ་པོ་དེར་ལྟ་བཞིན་འདུག
ཡིད་སྐྱོ་དགོས་པའམ་གང་ལྟར།
ངེད་ཚང་གི་རྟ་རྒན་གྱི་གཏམ་རྒྱུད་ཡོངས་སུ་མཇུག་བསྡུས་ཟིན།
རྩོད་པ་འདྲ་མིན་བྱེད་པ་ལས་སྙན་ངག་སོ་མ་བཀླགས་ན་དེས་སྐྱིད་པ། ཁྱོས་ཀྱི་རྨི་ལམ་བཀླགས་ཚར་སོང་ཡང་ངས་རྨི་ལམ་འདྲ་ཅང་རྨིས་མ་སོང་ལགས།
ད་དུང་མི་ཉལ་བར་འདྲེ་ལ་སྒུག་གིན་ཡོད་དམ། ད་ཉོལ། དགོང་ད་ཉལ་མི་ཐུབ། ཞོགས་ཀར་ལང་མི་ཐུབ། སྔོན་མར་དགེ་བསྐོས་ཤིག་གིས་དེ་ལྟར་ལབ་ཡོད་པ།
དེང་སང་དགེ་བསྐོས་མེད་པས་དེ་འདྲ་ཟེར་མཁན་ཡོད་ནི་མ་རེད།
མྱི་རྐྱང་རྟ་རྐྱང་ཞིག་ལ།།
ཉིན་མཚན་དབྱེ་བ་མི་དགོས།།
མཚན་མོ་འདྲེ་ཡི་འདུག་རོགས།།
ཉིན་མོ་མི་ཡིས་བཤད་རོགས།།
ཁྱེད་ཀྱི་རྨི་ལམ་ནང་གི་རྟ་རྒན་འདིས་མ་མྱོང་གི་བསམ་པ་ཞིག་མེད། ད་དུང་དངོས་ནས་མང་བོ་མྱོང་རྒྱུ་རེད།
ཁྱེད་ཚང་གི་རྟ་རྒན་དེའི་བདག་པོ།
ཁྱེད་ཚང་གི་མི་སུ་ཞིག་ཡིན་ན་བསམ་བྱུང་།
རྟ་རྒྱབ་ན་ཚང་བཅའ་མཁན་གྱི་སྐྱག་སྦྲང་དེ་ཚོར།
དེ་འདྲའི་དོ་སྣང་མ་བྱུང་། དེ་ནི་ལས་ཀྱིས་རང་རང་སོ་སོའི་འཁོར་ས་ལོས་ཡིན་སྙམ།
དེ་ནི་སྐྱག་སྦྲང་དེ་ཚོའི་ཕ་ས་ཕ་ཡུལ་རེད།
རྟ་ཞོན་མཁན་གྱི་རྟ་བདག་དེ།
རྟ་དེ་རུས་མགོ་པགས་བཏུམ་བཟོ་མཁན་དེ།
རྟ་རྒྱབ་ཀྱི་པགས་པ་བཤུས་ནས་རྨ་བཟོ་མཁན་དེ།
ཅི་འདྲའི་བཀའ་དྲིན་ཆེན་པོ་ཞིག
སྐྱག་སྦྲང་དེ་ཚོ་ལ།
ཡིན་ནའང་། རྟ་རྒན་དེ་སྙིང་མ་གསུམ་གི་ཅིག་མ་རྗེ།
གཏམ་རྒྱུད་འདིས། ང་ལ།
ས་མཐོའི་གངས་སེང་དཀར་མོའི་སྒལ་གཞུང་ལ་རྨ་བཟོས་ཤིང་
གྲོང་ཁྱེར་གྱི་ཚང་བཅོས་པའི་ངང་ཚུལ་དེ་དྲན་བཅུག་སོང་།
ཚང་ལ་འཁོར་བའི་འབུ་སྲིན་ལྟོགས་པ་དེ་ཚོ་དྲན་བཅུག་སོང་།
དཀོན་ཅོག་གིས་མཁྱེན།
རྟ་དེར་སྙིང་མ་ཅིག་བརྗེ།
ཅི་འདྲའི་རྟ་བདག་བསམ་ངན་ཅིག
རྟ་ལ་ཁལ་ཚོད་མེད་ཅིག་བཀལ་ནི་ལེ་ཡིན།
དེ་མིན་ན་རྟ་རྒྱབ་ལ་རྨ་བཟོ་མདོག་མེད།
སྦྲང་ནག་དེ་ཚོར་ཅི་ཁག
ཟས་སུ་རྣག་བཟའ་དགོས་པ་སྔོན་གྱི་ལས་རེད།
གོ་རྒྱུ་ཡོད་ནི་ཞིག་འདུག
འདི་མཇལ་བས་དགའ་བྱུང་།
ཀློང་བརྡོལ་བླ་མའི་རྨི་ལམ་བརྟག་ཐབས་དང་བསྟན་འགྱུར་སོགས་སུ་བྱུང་བའིརྨི་ལམ་བརྟག་ཐབས་ན། རྨི་ལམ་དུ་རྟ་རྨིས་པ་ནི་རླུང་རྟ་དར་བའི་རྟགས་སུ་གསུངས་ཡོད་ལ། ད་དུང་དེར་ཞོན་པ་ནི་དེ་བས་ཀྱང་ཡག་པར་གསུངས་ཡོད། ཡིན་ནའང་རྟ་རྒྱབ་ཀྱི་རྨ་དང་དེར་འདུས་པའི་སྦྲང་ནག་གི་ཁྱུ་དེ་ཡག་རྟགས་ཤིག་མིན་པ་འདྲ། འདི་ལ་ཨ་ལགས་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཅིག་གནང་དགོས་པ་འདྲ།
རྟ་རྒན་དེ་རྟ་མོ་ལུས་སྤྱིན་ཟེར་ལི་གི་རྟ་དེ་ཡིན་ལི་འདྲ་ ཡང་ན་རྟ་མཆོག་རིན་པོ་ཆེ་ཟེར་ལི་དེ་ཡིན་ལི་འདྲ་ སྙིང་རྗེ་ རྨི་ལམ་ནང་གི་རྟ་རྒན་ལུས་སྤྱིན་དེས་ ང་ཡི་ཉིན་མོས་སྙིང་ཁོང་སྐྱོ་ལྷང་ལྷང་། ཨོམ་མ་ཎི་པདྨེ་ཧུཾ་།
གནམ་ས་འཁྲིག་པའི་ཉིན་གུང་རྨི་ལམ་དང་། །
རྟ་རྒན་ཤི་བའི་མཚན་མོའི་རྨི་ལམ་གཉིས། །
དྲང་སྲོང་ཀླུ་སྨྱོན་ཞབས་ཀྱི་རྨི་ལམ་སྟེ། །
བརྗོད་དོན་མི་གོ་ང་ལ་རྨི་ལམ་དངོས། །
རྟ་མཆོག་རྨི་ལམ་རྨིས་པ་ནི། །
རླུང་རྟ་ཡར་ལ་རྒྱུགས་པའི་རྟགས། །
རྨ་དང་སྦྲང་ནག་འཁོར་བ་ནི། །
བར་ཆད་ལམ་སེལ་འདོན་དགོས་རྟགས། །